འབྲོག་མྱི།
____________
སྤྲུལ་སྐུ།
ད་ལྟ་གངས་ཅན་བོད་དུ་རྩ་བ་གངས་ལ་ཟུག་ཅིང་རྩེ་མོ་ཧི་མ་ལའི་དབུ་དང་མཉམ་ཞིང༌། ཡལ་འདབ་འཛམ་གླིང་གང་སར་རྒྱས་པའི་རང་ཅག་གི་སྟོན་པ་བླ་ན་མེད་པས་བསྟན་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ཉིད་ནི་དེང་གི་ཆར་ས་སྟེང་འདི་ན་ཆེས་ཁྱད་དུ་འཕཊ་པའི་དེང་རབས་ཚན་རིག་རིག་གནས་དང་མཐུན་པའི་ཁར། གཞན་ཕན་ཞི་བདེའི་ཆོས་ལུགས་རིགས་གཞུང་ཞིག་གི་ངོ་བོའི་སྟེང་འགྲོ་བ་མིའི་རིགས་འདི་བཞིན་འཚོ་ཞིང་རྟེན་པའི་གོ་ལ་ཟླུམ་པོའི་བརྟན་འཇགས་ཞི་བདེའི་ཆེད་ཞབས་འདེགས་ཞུས་དང་ཞུ་མུས་སུ་ཡོད་ཅིང་། ནང་པའི་བསྟན་པ་བོད་ཡུལ་དུ་དར་བའི་ལོ་རྒྱུས་རིང་མོའི་ཁྲོད་འཆད་རྩོད་རྩོམ་གསུམ་ལ་ཤིན་ཏུ་མཁས་པའི་སྐྱེས་ཆེན་དམ་པ་དུ་མས་སྦྱངས་བརྩོན་ཞིབ་འཇུག་དང་བརྒྱུད་འཛིན་གོང་སྤེལ། དེ་དང་འགྲོས་མཉམ་གྱིས་སྒྲུབ་པ་སྙིང་པོར་བྱེད་པའི་སྤོང་བ་པས་ཉམས་ལེན་མཐར་ཐུག་གི་འབྲས་བུ་རུ་གསར་བཏོད་ཀྱི་ཤེས་རབ་ལས་འཁྲུངས་པའི་དམ་པའི་སྐྱེས་རབས་འཛིན་པའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་འདི་གངས་ཅན་བོད་དུ་དར་པ་ནས་བཟུང༌། སངས་རྒྱས་བསྟན་པར་གསོན་ཤུགས་གསར་བ་ཞིག་རྒྱས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྡན་པའི་སྤྲུལ་སྐུའི་ལམ་ལུགས་དེ་བྱུང༌།
དེ་ཡང་སྤྲུལ་སྐུ་ཞེས་པ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་ཞེས་པའི་སྐུ་བཞིའི་ནང་གི་སྤྲུལ་སྐུ་ཞེས་པ་དེ་ཡིན་ཞིང༌། སྤྲུལ་སྐུ་ནི་སངས་རྒྱས་རྣམས་རང་ཉིད་སངས་རྒྱས་ཟིན་པའི་རྗེས་སུ་སེམས་ཅན་གྱི་དོན་དུ་གང་ལ་གང་འཚམས་པའི་སྤྲུལ་བ་སྣ་ཚོགས་བསྟན་ནས་འགྲོ་བའི་དོན་མཛད་པ་ལ་ཟེར་ཞིང༌། མ་དག་པའི་དོན་གང་ཞིག་བྱང་ཆུབ་སེམས་དཔའ་ཞིག་གིས་མཛད་དགོས་ཚེ། དག་པའི་སངས་རྒྱས་ཉིད་ནི་བསམ་བཞིན་དུ་མ་དག་པའི་རྣམ་པ་ཞིག་ཏུ་བསྟན་པའི་སྤྲུལ་བའི་གཟིགས་སྐུ་ཞིག་ཡིན་པས་དེ་ལ་སྤྲུལ་བའི་སྐུ་ཞེས་འབོད་སྲོལ་ཆགས་ཡོད།
སྤྲུལ་སྐུ་ངོས་འཛིན་བྱེད་སྟངས།
སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་སྲོལ་འདི་ནི་ལོ་ངོ་བདུན་བརྒྱའི་སྔོན་དུ ༡༢༨༤ལོ་ཀརྨ་པ་རང་བྱུང་རྡོ་རྗེ་སྐུ་འཁྲུངས་ནས་དགུང་ལོ་ལྔ་ལ་ཕེབས་སྐབས་གྲུབ་ཐོབ་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་ཀརྨ་པཀྴཱའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཞུས། དུས་དེ་ནས་བཟུང་བོད་དུ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་ཐོག་མ་དེ་དར། ཡིན་ཡང་སྤྲུལ་སྐུ་ངོས་འཛིན་ཞེས་པའི་ཐ་སྙད་འདི་དམིགས་བསལ་དེ་དུས་སུ་བོད་དུ་དར་ཡང་སྤྲུལ་བ་ཞེས་པའི་ཐ་སྙད་འདི་སྔོན་ཆད་ནས་ཡོད་པ་ཞིག་རེད། དཔེར་ན། སྲོང་བཙན་སྒམ་པོ་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་ཞེས་བཤད་སྲོལ་ཡོད་པ་ཇི་བཞིན༌། མ་དག་པའི་རྣམ་པ་བསྟན་པའི་སྤྲུལ་སྐུ་ཞེས་པ་དེ་བྱུང་དགོས་དོན་ཐད་ཡང༼མངོན་རྟོགས་རྒྱན༽གྱི་ནང་དུའང༼གང་གིས་སྲིད་པ་ཇི་སྲིད་པར།། འགྲོ་ལ་ཕན་པ་སྣ་ཚོགས་དག། མཉམ་དུ་མཛད་པའི་སྐུ་དེ་ནི།། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད།།༽ ཞེས་གསུངས་པ་ལྟར། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བས་འགྲོ་བའི་དོན་མཛད་དུས་སྲིད་པ་མ་སྟོང་གི་བར་དུ་སྤྲུལ་བ་དེ་གཅིག་ནས་གཅིག་མཐུད་དེ་ཡོང་གིན་ཡོད་ལ༌། སྤྲུལ་བ་ཡོང་སྟངས་དེ་ལ་རིམ་གྱེས་པ་དང་ཅིག་ཆར་བ་གཉིས་ཡོད། རིམ་གྱེས་པ་ནི་སྐུ་གོང་མ་དེའི་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་རྗེས་སྤྲུལ་བ་རྗེས་མ་དེ་རིམ་བཞིན་ཡོང་བའི་བྱུང་སྟངས་དེ་ལ་ཟེར་ཞིང༌། ཅིག་ཆར་བ་ནི་དུས་མཉམ་དུ་སྤྲུལ་བ་འགའ་རེ་བྱུང་བའི་བྱུང་སྟངས་དེ་ལ་ཟེར།
ཅིག་ཆར་བའི་སྤྲུལ་སྐུ་ལ་དཔེར་ན། རྗེ་དགེ་འདུན་གྲུབ་པ་དང་འཇམ་དབྱངས་ཆོས་རྗེ་ལྟ་བུ། དེ་ཡང་འཁྲུལ་ཞིག་རིན་པོ་ཆེས་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་གྱི་གསོལ་འདེབས་ཤིག་བརྩམས་ཡོད་པའི་ནང་དུ་འཇམ་དབྱངས་ཆོས་རྗེ་དང་གྲུབ་ཆེན་ནག་པོ་སྤྱོད་པ་གཉིས་ཀྱང་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཕྲེང་ནང་བཞག་ཡོད་པ་དང༌། འཇམ་དབྱངས་ཆོས་རྗེ་༧གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་ནང་འཇོག་དགོས་དོན་ཐད་འཁྲུལ་ཞིག་རིན་པོ་ཆེས་དམིགས་བསལ་དོགས་སློང་ཞིག་བྱས་ཡོད་པའི་ནང༌། གྲུབ་ཆེན་ནག་པོ་སྤྱོད་པ་དང་འཇམ་དབྱངས་ཆོས་རྗེ་གཉིས། ༧གོང་ས་ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་བྱིན་ནང་འཇོག་དགོས་དོན་གཙོ་བོ་ནི་༧གོང་ས་མཆོག་གི་བཀའ་སློབ་བཞིན་བཞག་པ་ཡིན་ཞེས་བཀོད་ཡོད་པས༌། ༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་ཕྲེང་དང་པོ་ནི་རྗེ་དགེ་འདུན་གྲུབ་པ་ཡིན་པ་ཡོངས་གྲགས་ཡིན་པ་མ་ཟད༌། ད་དུང་རྗེ་དགེ་འདུན་གྲུབ་དང་འཇམ་དབྱངས་ཆོས་རྗེ་གཉིས་དུས་མཉམ་དུ་རྗེ་ཙོང་ཁ་བའི་དངོས་སློབ་ཡིན་པས༌། འདི་ལྟ་བུ་ལ་ཅིག་ཆར་བའི་སྤྲུལ་བ་རུ་ངོས་འཛིན་བྱས་ཆོག་པར་མ་ཟད། སྐབས་དེར་དེ་ལ་མ་འདས་སྤྲུལ་སྐུ་ཞེས་མིང་དེ་བཏགས་མེད་པ་མ་གཏོགས་དོན་གྱི་ཆ་ནས་མ་འདས་སྤྲུལ་སྐུ་རུ་ཆགས་ཡོད་པས། མ་འདས་སྤྲུལ་སྐུ་ཞེས་པའང་ཅིག་ཆར་བའི་སྤྲུལ་སྐུ་བྱུང་སྟངས་ཀྱི་ནང་གསེས་སུ་གཏོགས་པ་དང༌། མ་འདས་སྤྲུལ་སྐུ་ཡི་ཡང་སྲིད་ངོས་འཛིན་བྱེད་པའི་སྲོལ་རྒྱུན་དར་ནས་མ་མཐའ་ཡང་ལོ་ངོ་བཞི་བརྒྱ་ལྷག་སོང་ཡོད་པར་སྙམ།
མ་འདས་སྤྲུལ་སྐུ།
ད་འདི་རུ་སྐབས་སུ་བབས་པའི་བརྗོད་གཞི་མ་འདས་སྤྲུལ་སྐུ་ཞེས་པའི་མི་རྣམས་ལ་རྒྱུས་མངའ་ཆེར་མེད་པའི་ཐ་སྙད་འདི་ལ་ངོ་སྤྲོད་རགས་རིམ་ཙམ་ཞིག་བྱེད་དགོས་བྱུང༌། སྤྱིར་ན་ཅི་ཞིག་ལ་མ་འདས་སྤྲུལ་སྐུ་ཟེར་ཞེ་ན། དེ་ལ་༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལོ་སྔོན་མའི༼༡༠།༡༥།༢༠༠༧༽ནང་ཨ་རིའི་ནིག་ཡོག་མངའ་སྡེའི་ནང་ཆིབས་བསྒྱུར་བསྐྱངས་སྐབས། གྷ་རེ་སིན་སློབ་གླིང་དུ་བསྐོང་ཚོགས་གནང་བའི་བྱང་ཨ་རིའི་བོད་རིགས་སློབ་མ་ཆེན་མོ་བའི་ཚོགས་ཆེན་སྟེང་ཐོག་དང་པོ་མ་འདས་སྤྲུལ་སྐུ་ཞེས་པའི་ཐ་སྙད་འདི་ཁོང་གི་སྐུ་ཕྲེང་དང་འབྲེལ་ནས་གླེང་དུས་འགྲེལ་བཤད་ཅིག་བརྒྱབ་གནང་ཡོད་པ་ནི་འདི་ལྟ་སྟེ༌། བོད་ཀྱི་ལོ་རྒྱུས་ནང་བྱུང་མྱོང་བའི་མ་འདས་སྤྲུལ་སྐུ་ཞེས་པ་ནི་བླ་མ་ཞིག་དགོང་ལོ་བགྲེས་པོ་ཆགས་ནས་ཁོང་རང་མྱ་ངན་ལས་མ་འདས་པའི་གོང་ལ་ཁོང་རང་གིས་དམིགས་འཛུགས་བྱས་ནས་འདི་ངའི་ཡང་སྲིད་དེ་ཡིན་ཞེས་གཏན་འཁེལ་བའི་རིགས་ལ་མ་འདས་སྤྲུལ་སྐུ་ཟེར་བ་དང༌། མ་འདས་སྤྲུ་སྐུ་ནི་སྐུ་གོང་མའི་རིང་སྒྲུབ་མ་ཚར་བའི་མཛད་པ་འཕྲིན་ལས་དག་མུ་མཐུད་ནས་རྒྱུན་སྐྱོང་བྱེད་རྒྱུའི་ཆེད་དུ་བྱུང་བ་ཞིག་ཡིན་ཞེས་འགྲེལ་བཤད་གསལ་བོ་གནང་ཡོད༌།
བོད་ཀྱི་ལོ་རྒྱུས་སུ་ཡོངས་གྲགས་ཡིན་པའི་མ་འདས་སྤྲུལ་སྐུ་འགའི་དཔེར་མཚོན་དྲངས་ན། བྱང་ཆུབ་སེམས་དཔས་སེམས་ཅན་གྱི་དོན་མཛད་དུས་སྤྲུལ་བ་སྣ་ཚོགས་ཀྱི་ལམ་ནས་མཛད་དགོས་པས། དགོས་དབང་གིས་སྤྲུལ་བ་དེ་ཡང་རིམ་གྱེས་པ་དང་ཅིག་ཆར་བ་གཉིས་ཀའི་མཛད་སྟངས་ཡོད་པ་བཞིན། ང་ཚོ་བོད་ལ་ཆ་བཞག་ནས་བཤད་ན། ཁམས་ཕྱོགས་ན་རྙིང་མ་བའི་ཀཿཐོག་དགོན་པའི་དགོན་ལག་ཞི་ཆེན་དགོན་པའི་དགོན་བདག་བླ་མའི་མཚན་ལ་ཞི་ཆེན་མ་འདས་སྤྲུལ་སྐུ་ཞེས་པའི་སྐུ་ཕྲེང་མང་བོ་ཡོད་པའི་བླ་མ་དེ་ནི་ད་ལྟ་དངོས་སུ་བཞུགས་པའི་མ་འདས་སྤྲུལ་སྐུའི་ངོས་འཛིན་བྱེད་སྟངས་ལས་བྱུང་བའི་མ་འདས་སྤྲུལ་སྐུ་ཡིན་ཞིང་། ཞི་ཆེན་མ་འདས་སྤྲུལ་སྐུའི་ཡང་སྲིད་དང་པོ་ངོས་འཛིན་གནང་སྐབས་ཞི་ཆེན་བླ་མ་སྐུ་མ་འདས་པའི་གོང་དུ་ཁོང་གིས་བྱིས་པ་ཞིག་ལ་ཁོང་གི་སྤྲུལ་སྐུ་དེ་ཡིན་ཞེས་ངོས་འཛིན་བྱས་པར་བརྟེན། ཕྱི་མའི་སྤྲུལ་སྐུ་རྣམས་ལ་ཞི་ཆེན་མ་འདས་སྤྲུལ་སྐུ་ཞེས་མཚན་ཐོགས་པ་རེད།
དེ་མིན་ཡོངས་གྲགས་སུ་ཁས་ལེན་ངོས་འཛིན་བྱེད་པའི་མ་འདས་སྤྲུལ་སྐུ་ཞིག་ནི ༧རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་མཆོག་ནི་མ་འདས་པའི་སྤྲུལ་སྐུ་ཡིན་པ་ཁ་གཅིག་གྲགས་ཡིན་པ་དང༌། ༧རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་རྒྱ་ནག་ནང་ཆིབས་བསྒྱུར་གནང་པའི་ལམ་བར་དུ་དགོངས་པ་རྫོགས་པའི་གནས་ཚུལ་ཕྱི་བསྒྲགས་བྱས་པའི་རྗེས་སུ༌། ༧རྒྱལ་དབང་སྐུ་ཕྲེང་བདུན་པ་ངོས་འཛིན་བྱས་ཡོད་ནའང༌། དོན་དངོས་སུ་༧རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ཨ་མདོ་མཚོ་སྔོན་པོའི་ས་ཁུལ་དུ་དྭགས་པོ་བླ་མ་ཞེས་པའི་མཚན་བཞེས་ཏེ་འགྲོ་དོན་མཛད་བཞིན་པ་ཡིན་པས། ༧རྒྱ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་དགོངས་པ་མ་རྫོགས་པའི་སྔོན་དུ་༧རྒྱ་དབང་སྐུ་ཕྲེང་བདུན་པ་མཆོག་འཁྲུངས་པ་མ་ཟད་ངོས་འཛིན་ཡང་བྱས་ཡོད་པས། དེ་ནི་ཅིག་ཆར་བའི་སྤྲུལ་བ་ལས་མ་འདས་སྤྲུལ་སྐུ་འཁྲུལ་བྲལ་ཡིན་པ་སྨྲོས་མེད་རེད།
མ་འདས་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ཀྱི་ཐད་དུའང་སྐུ་རང་ཉིད་ནས་ཡང་སྤྲུལ་ངོས་འཛིན་བྱེད་སྟངས་ཤིག་དང་གཞན་གྱིས་ངོས་འཛིན་བྱེད་སྟངས་གཉིས་ཡོད་པ་ལས། ༧རྒྱལ་དབང་སྐུ་ཕྲེང་བདུན་པ་ནི་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་རང་ཉིད་ནས་ལུང་བསྟན་བཞིན་ངོས་འཛིན་བྱས་པ་ཡིན་པ་དཔེར་ན། ༧རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་མགུར་གླུའི་ནང༌། ༼བྱ་དེ་ཁྲུང་ཁྲུང་དཀར་མོ།། གཤོག་རྩེ་ང་ལ་གཡོར་དང༌།། ཐག་རིང་རྒྱང་ལ་མི་འགྲོ། ལི་ཐང་བསྐོར་ནས་སླེབས་ཡོང༌།།༽ ཅེས་པ་ལས་༧རྒྱལ་དབང་སྐུ་ཕྲེང་བདུན་པ་མཆོག་ཁམས་ལི་ཐང་དུ་སྐུ་འཁྲུངས་རྒྱུར་ལུང་བསྟན་བྱས་པ་ལྟར། ༡༧༠༨ ལོར་ ༧རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་མཆོག་ཁམས་ལི་ཐང་དུ་སྐུ་བལྟམས་པ་དང་དེ་ནས་ངོས་འཛིན་བྱས། དུང་དཀར་ཚིག་མཛོད་ཆེན་མོ་ལྟར་ན། ༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་༡༧༤༦ལོར་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་ཚུལ་མཛད་དུས་སུ་༧རྒྱལ་དབང་སྐུ་ཕྲེང་བདུན་པ་མཆོག་དགོང་གྲངས་༣༨ལ་སླེབས་ཡོད་འདུག ལོ་རྒྱུས་དངོས་ལ་རྒྱུས་མངའ་ཡོད་ཅིང་བདེན་དོན་ཚད་གཞིར་འཛིན་མཁན་ཞིག་གིས་༧རྒྱལ་དབང་སྐུ་ཕྲེང་བདུན་པ་མཆོག་ནི་མ་འདས་པའི་སྤྲུལ་སྐུའི་ངོས་འཛིན་བྱེད་སྲོལ་ལས་བྱུང་བའི་མ་འདས་སྤྲུལ་སྐུ་ཡིན་པར་ངོས་ལེན་བྱེད་སྲིད།
གཞན་བོད་ཀྱི་ལོ་རྒྱུས་ཁྲོད་མཁས་པ་ཆེན་མོ་ཏཱ་ར་ནཱ་ཐ་མཆོག་ལ་ཡང་སྲིད་གསུམ་བྱུང་ཡོད་པ་དང༌། ཡང་སྲིད་རྣམ་པ་ནི་ཁལ་ཁཱ་རྗེ་བཙན་དམ་པ་སྐུ་ཕྲེང་དང་པོ། ཀུན་མཁྱེན་འཇམ་དབྱངས་བཞད་པ། རྒྱལ་བོ་ཇི་ནང་ཡིན་ཞིང༌། དེ་ཡང་ལུང་བསྟན་བཞིན་ཡང་སྲིད་འདི་གསུམ་པོ་དུས་ཅིག་ཆར་དུ་སྐུ་འཁྲུངས་པའི་ཡང་སྲིད་དུ་ངོས་འཛིན་བྱས་ཡོད་པས་བཤད་སྲོལ་གཞན་ཞིག་གིས་བཤད་ན་དེ་ནི་མ་འདས་སྤྲུལ་སྐུ་ཡིན་པ་རྩོད་མེད་ཡིན།
ཆོས་ཀྱི་རྒྱལ་བོའི་དབང་ཚད༌།
དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས༼དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་པའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ༌།། བླང་བར་བྱ་ཡི་གུས་ཕྱིར་མིན།།༽ ཞེས་གསུངས་པ་ནང་བཞིན་འདུལ་བ་མདོ་སྡེ་མངོན་པ་སྟེ་སྡེ་སྣོད་གསུམ་གྱི་ནང་གི་འདུལ་བའི་སྡེ་སྣོད་ནི་གླེང་གཞིའི་སྒོ་ནས་བཞག་ཡོད་པའི་རྒྱུ་མཚན་གྱིས། སྟོན་པ་རང་ཉིད་དངོས་སུ་སླེབས་ན་མ་གཏོགས་འགྱུར་བ་བཏང་ཆོག་གིན་མེད་ན་ཡང༌། གཞན་རྣམས་ལ་སྟོན་པའི་དགོངས་པ་དང་མ་འགལ་པའི་ལམ་ནས་ཡུལ་དུས་ཀྱི་དགོས་པ་རྒྱུ་མཚན་ལ་གཞིགས་ནས་ཡོངས་གྲགས་སུ་ཁས་ལེན་པའི་མཁས་པ་དང་བླ་མ་སུ་ཡིན་ཡང་འགྱུར་བ་གཏང་ཆོག་པ་ཞིག་རེད། སྒོས་སུ་ནང་བ་སངས་རྒྱས་ཀྱི་བསྟན་པར་བར་ཆད་ཆེན་པོ་ཞིག་འཕྲད་ཀྱིན་པའི་སྒང་དང༌། རང་ཅག་སྟོན་པའི་རྗེས་འབྲངས་པ་བོད་མི་ཚོས་དཀའ་སྡུག་མི་ཉུང་བ་ཞིག་མྱངས་དང་མྱོང་བཞིན་པའི་ཉག་ཕྲའི་དུས་སྐབས་འདི་རུ། ནང་བ་སངས་རྒྱས་པའི་ཆོས་ཀྱི་རྒྱལ་བོར་རྩོད་མེད་དུ་བཀུར་བའི ༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་མཚོན་ན་ཡུལ་དུས་ཀྱི་དགོས་དབང་དང་རྒྱུ་མཚན་སྣ་ཚོགས་ལ་གཞིགས་ནས་འགྱུར་བ་གང་འཚམས་ཤིག་གཏོང་རྒྱུའི་དབང་ཚད་ཡོད་པས་བཏང་ཆོག་ལ་གཏོང་ཡང་སྲིད་པ་དང༌། གལ་ཏེ ༧གོང་ས་མཆོག་གིས་མ་འོངས་ཡང་སྲིད་དེ་མ་འདས་སྤྲུལ་སྐུའི་ངོས་འཛིན་བྱེད་སྟངས་ལྟར་ངོས་འཛིན་བྱས་ཀྱང་དེ་ནི་སྲོལ་རྒྱུན་རྒྱུད་འཛིན་ཙམ་ལས་གསར་བྱུང་གི་འགྱུར་བ་གང་ཡང་མིན།
དེ་ལས་ལྡོག་ཏེ་ཡ་མཚར་བ་ཞིག་ནི་ནང་བ་སངས་རྒྱས་པའི་ཆོས་ལུགས་འདི་དུག་དུ་མཐོང་ཞིང་དད་པ་མེད་ཞེས་འུར་སྒྲོག་བྱེད་པའི་ལྷ་མེད་སྨྲ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་མཐོང་སྣང་དུ་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་སོགས་ལ་གལ་ཆེན་པོ་ཞེ་དྲག་ཅིག་ཏུ་ངོས་འཛིན་གྱིས༼བོད་བརྒྱུད་ནང་པའི་ཡང་སྲིད་དོ་དམ་བྱེད་སྟངས༽ཟེར་པའི་ཁྲིམས་ལུགས་གཏན་འབེབས་དང༌། བོད་ནང་གི་སྤྲུལ་སྐུ་ཆེ་མ་ཆུང་གསུམ་ལ་ཡང་སྲིད་གྱི་ཆོག་མཆན་ལག་འཛིན་སྤྲོད་པ་ལ་སོགས་བྱེད་ཐབས་ཀྱིས་བོད་ཀྱི་བླ་མའི་ཡང་སྲིད་ངོས་འཛིན་ཐད་ཐེ་གཏོགས་དང་གཏོར་བརླག་མི་ཆུང་བ་ཞིག་བྱེད་བཞིན་པ་དང༌། ད་དུང་བོད་ཀྱི་ཡང་སྲིད་ངོས་འཛིན་གྱི་དབང་ཆ་ཡོད་ཚད་དབུས་སྲིད་གཞུང་ལ་ཡོད་ལུགས་བཤད་ནས༌། ༧གོང་ས་མཆོག་གིས་ངོས་འཛིན་བྱས་པའི་ཀུན་གཟིགས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དུས་ད་ལྟ་གར་བཞུགས་གང་གནས་མི་ཤེས་པའི་གནས་སུ་བསྐྱལ་ཡོད་པ་དང༌། རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་དེ་ཡང་ཀུན་གཟིགས་པན་ཆེན་རིན་པོ་ཆེའི་སྐུ་ཕྲེང་བཅུ་གཅིག་པ་ནང་བཞིན་དངོས་རྫུན་མཚེ་མ་རུ་བཟོ་འདོད་ཀྱི་བསམ་ངན་ཁོག་ཏུ་བཅངས་ནས། ༧གོང་ས་མཆོག་གི་དགོངས་པ་མྱུར་དུ་རྫོགས་ཨེ་ཡོང་བའི་རེ་ངན་སྐོམ་པ་ཆུ་བཞིན་དུ་ཧམ་འདོད་བྱས་ཡོད་ན་ཡང༌། འདོད་ཐོག་ཏུ་རྟ་མ་རྒྱུགས་པ་ནམ་ལངས་ལངས་ཉི་མ་ཤར་ཤར་རེད།
རྒྱ་ནག་དམར་གཞུང་གིས་༧གོང་ས་མཆོག་གིས་ཁོང་གི་མ་འོངས་ཡང་སྲིད་ངོས་འཛིན་བྱེད་སྟངས་ཐད་ཀྱི་དགོངས་པ་ལ་འོས་མིན་གྱི་ངོ་རྒོལ་དང་དགག་པ་ཚད་ལས་འདས་པ་ཞིག་བརྒྱབ་ཡོད་པའི་ནང་ཏཱ་ལའི་བླ་མས་བཏོན་པའི༼མ་འདས་སྤྲུལ་སྐུ།༽ ༼ཡང་སྲིད་དེ་བུད་མེད་ཀྱི་གཟུགས་སུ་འཁྲུངས་སྲིད་པ།༽ ཡང་ན༼བོད་མི་མང་གིས་འོས་འདེམས་ལས་བྱུང་སྲིད་པ༽སོགས་ཀྱི་དགོངས་ཚུལ་ནི་བོད་ཀྱི་ལོ་རྒྱུས་སྲོལ་རྒྱུན་ཁྲོད་བྱུང་མ་མྱོང་བ་ཞིག་དང་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དང་འགལ་ཡོད་ཚུལ་གྱི་སྡིགས་དམོད་བྱས་ཡོད་འདུག མ་འདས་སྤྲུལ་སྐུ་ཞེས་པའི་མཚན་ཉིད་དང་བྱུང་རིམ་ཐད་སྔོན་དུ་རགས་ཙམ་གླེང་ཡོད་པས་འདི་རུ་བསྐྱར་བཟློས་ཀྱི་དགོས་བ་མ་མཆིས། སྐབས་སུ་བབས་པ་ནི་གསར་འགོད་པས༧གོང་ས་མཆོག་ལ་སྐུ་ཕྲེང་རྗེས་མའི་ནང་བུད་མེད་ཡོང་མི་ཡོང་གི་དྲི་བར༧གོང་ས་མཆོག་གིས་ལན་འདེབས་གནང་སྐབས༌། བུད་མེད་ཕལ་ཆེར་མ་རུ་གྱུར་ཡོད་པ་དང་བུད་མེད་ཀྱི་རྒྱུད་ན་ལྷན་སྐྱེས་ཀྱི་བྱམས་དང་སྙིང་རྗེ་དེ་སྐྱེས་པ་ཕོ་ལས་ཅུང་མང་བོ་ཡོད་པའི་རྒྱུ་མཚན་གྱིས་གལ་ཏེ་བུད་མེད་ཅིག་གི་རྣམ་པར་བསྟན་ཚེ་སྐྱེས་པ་ཕོ་ལས་དགེ་ཕན་ཡོད་ན་སྐུ་ཕྲེང་རྗེས་མར་བུད་མེད་ཀྱི་གཟིགས་སུ་སྟོན་མི་སྲིད་པ་མ་རེད་ཅེས་གསུངས་ཡོད་པ་རེད། ཡིན་ན་ཡང༌། ༧གོང་ས་མཆོག་གི་དགོངས་ཚུལ་དེ་ནི་སྐབས་ཐོག་གི་ལན་འདེབས་ཙམ་ལས་ཐག་གཅོད་སོགས་གང་ཡང་མིན་པ་དང༌། གཉིས་ནས་དེ་ནི་འགྲོ་བ་མིའི་རིན་ཐང་ལ་གཅིག་མཚུངས་སུ་གཟིགས་པའི་དེང་དུས་སྤྱི་ཚོགས་ཀྱི་ལམ་སྲོལ་དང་བསམ་བློའི་འཛིན་སྟངས་སོགས་དང་ཡོངས་སུ་མཐུན་པའི་དགོངས་ཚུལ་ཞིག་ཡིན་པ་དང༌། གསུམ་ནས་གལ་ཏེ་༧གོང་ས་མཆོག་གིས་དེ་ལྟར་དགོས་དབང་དང་རྒྱུ་མཚན་ལ་གཞིགས་ནས་ཁོང་གི་སྐུ་ཕྲེང་རྗེས་མ་དེ་སྐྱེས་པ་ཞིག་ལས་བུད་མེད་ཅིག་ཡིན་ན་ཕན་ཐོགས་དེ་ལས་ཆེ་བར་དགོངས་ནས་གཏན་འཁེལ་བྱས་ཀྱང་དེ་ནི་༧གོང་ས་མཆོག་ལ་དབང་ཚད་ཡོད་པ་ཞིག་དང༌། བྱས་ཆོག་པ་ཞིག་ཡིན་པ་མ་ཟད་སྤྲུལ་བ་སྣ་ཚོགས་ཀྱི་ལམ་ནས་ཡོང་བའི་སྲོལ་དང་མཐུན་པ་ལས་མི་སྲིད་པ་ཞིག་དང་འགལ་བ་ཞིག་རྩ་བ་ནས་མིན་ཞིང༌། དཔེར་ན་བོད་ཀྱི་ནང་ཆོས་སུའང་བྱང་ཆུབ་སེམས་དཔས་འགྲོ་དོན་མཛད་སྐབས་བུད་མེད་ཀྱི་རྣམ་པ་འཛིན་པའི་རྗེ་བཙུན་སྒྲོལ་མ་ལྟ་བུ་དང༌། ཆོས་སྐྱོང་གི་རྣམ་པ་འཛིན་པའི་སྲུང་མ་དཔལ་ལྡན་ལྷ་མོ་ལྟ་བུའང་ཡོད་པ་བཞིན། ༧གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་ནང་འདིའི་སྔོན་དུ་བུད་མེད་ཅིག་མེད་པ་མ་གཏོགས་བོད་ཀྱི་ནང་ཆོས་སུ་བུད་མེད་ཀྱི་རྣམ་པ་འཛིན་པའི་བྱང་ཆུབ་སེམས་དཔའ་མེད་པ་མིན་ལ་དེ་བས་ཀྱང་ད་ལྟ་བོད་ཡུལ་དུ་མཁའ་འགྲོ་མ་ཞེས་སྤྲུལ་བའི་གཟུགས་སྐུ་ཡོད་པ་གཞིར་བཞག་པ་ཡིན་པས་སོ།
གཞན་འོས་འདེམས་དང་ཡང་ན་ཡེ་ཤུའི་བླ་དཔོན་འདེམས་བསྐོ་བྱེད་སྲོལ་ལྟར ༧གོང་ས་མཆོག་གི་མ་འོངས་ཡང་སྲིད་བྱུང་སྲིད་པ་ཞེས་པའི་ཐུགས་དགོངས་དེ་ནི་མི་ཆོས་དང་ད་ལྟའི་མང་མོས་ལ་གུས་བཀུར་ཞུ་སྟངས་ཀྱི་འཇིག་རྟེན་དཀྱུས་མའི་རིན་ཐང་དང་མཐུན་མོད། འོན་ཀྱང་ཡེ་ཤུའི་བླ་དཔོན་ནི་རྒྱལ་ཚབ་ཡིན་པ་ལས་ཡང་སྲིད་མིན་ལ། ཡང་གཅིག་བཤད་ན་ཡེ་ཤུའི་ཆོས་ལུགས་གཅིག་པུ་མ་གཏོགས་དེ་འདྲའི་རྒྱལ་ཚབ་འཇོག་སྟངས་ཀྱི་ལམ་སྲོལ་མེད་པ་ཞིག་ཀྱང་གཏན་ནས་མིན་ལ། དེ་ཡང་རང་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ཁར་ཁོང་གི་རྒྱལ་ཚབ་ཏུ་འཕགས་པ་འོད་སྲུང་ཆེན་མོ་བསྐོ་བཞག་གནང་བ་དང༌། དེ་ནས་རིམ་བཞིན་རྒྱལ་ཚབ་དེ་ད་ལྟའི་བར་དུ་བར་མ་ཆད་པར་སླེབས་ཐུབ་ཡོད་པས། ནང་བ་སངས་རྒྱས་པའི་ལུགས་སྲོལ་དུ་སྔོན་ཆད་ནས་ཡོད་པ་ཞིག་རེད། ཡང་རྗེ་ཙོང་ཁ་བས་ཀྱང་རང་ཉིད་དུ་རྒྱལ་ཚབ་ཏུ༼དགའ་ལྡན་ཁྲི་བ༽སྲོལ་བཏོད་ནས་དེང་གི་བར་རྒྱུན་མཐུད་ཀྱིན་པ་ལྟར་ཡིན། རྒྱུ་མཚན་དེ་དག་ལ་གཞིགས་ན་གལ་ཏེ་༧སྤྱི་ནོར་གོང་ས་མཆོག་གིས་མང་མོས་འདོད་བློ་ལྟར་རྒྱལ་ཚབ་ལྟ་བུ་རུ་འཇོག་རྒྱུར་འདེམས་ན་ཡང་མ་འགྲིག་པ་མེད་པར་སྙམ་ལ། དེ་མིན་ལོ་ཚད་སོགས་ལ་མ་བལྟས་པར༧གོང་ས་མཆོག་སྐུ་མྱ་ངན་ལས་མ་འདས་པའི་གོང་དུ་ཁོང་གི་མཛད་པ་འཕྲིན་ལས་མུ་མཐུད་འཛིན་མཁན་ཞིག་དམིགས་སུ་བཙུགས་ནས་འདི་ནི་ངོས་ཀྱི་ཡང་སྲིད་ཡིན་ཞེས་གཏན་འཁེལ་ན་ཡང་དེ་ནི་ལུགས་མཐུན་ཞིག་དང་དགོས་དབང་ཞིག་ལས་འགྲེལ་བཤད་མང་བོའི་དགོས་པ་མི་མཐོང་ཞིང༌། མངོན་གྱུར་དུ་སོང་ན་དེ་ནི་མ་འདས་པའི་སྤྲུལ་སྐུ་རུ་ངོས་འཛིན་བྱ་ཆོག
སྐྱེ་འཆི་ལ་རང་དབང་ཡོད་པས་སྤྲུལ་སྐུ་ཟེར།
ནང་བ་སངས་རྒྱས་པའི་རྗེས་འབྲངས་པ་ཐམས་ཅད་ནི་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོད་པའི་ནང་བ་བ་ཡིན་པས་སྐྱེས་བུ་དམ་པ་གང་ཞིག་ལ་སོ་སོའི་སྐྱེ་འཆི་ལ་རང་དབང་ཡོད་ཅིང༌། སོ་སོའི་སྐྱེ་བོ་ཞིག་ལ་མཚོན་ན་རང་ཉིད་ཀྱི་སྐྱེ་བ་ཕྱི་མ་དེ་གང་དུ་སྐྱེ་བ་དང་ཅི་ཞིག་གི་སྐྱེ་བ་ལེན་རྒྱུ་ལ་སོགས་པར་རང་དབང་སྤུ་ཙམ་ཡང་མེད་པའི་རིགས་ལ་སྐྱེ་བ་ཞེས་བརྗོད་པ་དང༌། སྤྲུལ་བའི་སྐུ་ཞེས་པར་སྐྱེ་བ་ལ་དབང་བསྒྱུར་བའི་ནུས་པ་ཡོད་པ་དང༌། དེ་ལྟར་ཡིན་ཚེ་སོ་སྐྱེས་དང་འཕགས་པ་གཉིས་སུ་བཤད་པ་ལས་སྤྲུལ་སྐུ་ནི་འཕགས་པ་ཡིན་དགོས་པ་དང༌། སོ་སོའི་སྐྱེ་བོ་ནི་ལས་དང་ཉོན་མོངས་ཀྱི་དབང་གིས་སྐྱེ་བ་དེ་དབང་མེད་དུ་སྐྱེ་བ་དང༌། འཕགས་པའི་རྒྱུད་ན་སྲེད་པ་མེད་པས་ལས་དབང་གི་སྐྱེ་བ་ལེན་མི་དགོས་ཤིང༌། ཅི་ཞིག་གི་སྐྱེ་བ་ལེན་པར་དགོས་དབང་དང་རྒྱུ་མཚན་དུ་གཞིགས་ནས་སྐྱེ་བ་ལེན་པས་དེ་ལ་འཕགས་པ་ཞེས་བརྗོད་པ་དང༌། རྒྱུ་མཚན་དེའི་དབང་གིས་སྐྱེ་བ་གཅིག་གི་མ་འདང་ན་སྐྱེ་བ་གཉིས་ལེན་པ་དང༌། གལ་ཏེ་དེ་ལས་མང་བོ་དགོས་ཚེ་སྐྱེ་བ་ཁྲི་ཁྲི་འབུམ་འབུམ་དུ་ལེན་སྲིད་པ་དང༌། སྐྱེ་བ་ཅིག་ཆར་དུ་ལེན་དགོས་ཚེ་སྤྲུལ་བ་ཅིག་ཆར་བ་མང་བོ་བྱུང་བ་དང་དེ་བཞིན་འགྲོ་དོན་མཛད་ཆེད་སྐྱེ་བ་སྣ་ཚོགས་སྤྲུལ་དགོས་པས་མ་འདས་པའི་གོང་དུ་སྤྲུལ་བའི་སྐུ་ཡང་བྱུང་སྲིད་པ་རེད༌། གཙོ་བོ་དེ་སོ་སོའི་སྐྱེ་བར་དབང་བསྒྱུར་ནུས་པའི་མཐུ་སྟོབས་ལྡན་མིན་ནི་སོ་སོའི་སྐྱེ་བོ་དང་འཕགས་པ་གཉིས་གྱི་མ་འདྲ་ས་ཡིན་ལ༌། དེའི་ཕྱིར་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་པའི་༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་ལྟ་བུའི་འཕགས་པའམ་སྐྱེས་བུ་དམ་པ་ཞིག་ལ་སོ་སོའི་སྐྱེ་བ་དེ་ཅི་ཞིག་ལེན་རྒྱུར་རང་དབང་ཡོད་པ་ནང་ཆོས་ལ་དད་པ་ཅན་གྱི་གང་ཟག་ཅིག་ཡིན་ན་དེ་ལ་ཡིད་ཆེས་བྱས་ཆོག་པ་ཞིག་ཡིན་པ་གོར་མ་ཆག་གོ
འབྲོག་མྱི་ལགས། ཁྱེད་ཀྱིས་རྩོམ་ཡིག་སྤུས་དག་ཅིག་བྲིས་འདུག་མོད། ང་ལ་དོགས་པ་ཞིག་འདུག བོད་ཀྱི་སྲོལ་རྒྱུན་དང་ལོ་རྒྱུས་སྟེང་དུ་མ་འདས་སྤྲུལ་སྐུ་ཞེས་པ་ཞིག་ཡོད་པ་བདེན་མོད། དེ་ཉིད་ནང་ཆོས་རང་གི་དགོང་དོན་དང་མཐུན་ནམ། མངོན་པ་མཛོད་ལས། འགྲོ་ལ་ཤེས་རྒྱུད་གཉིས་མི་མངའ། །ཞེས་གསུངས་འདུག་པའི་དགོང་དོན་དང་མི་འགལ་བ་ཞིག་ཏུ་ཅི་ལྟར་བསྒྲུབ།
དེ་ནི་རྣམ་ཤེས་གཅིག་ལ་ལུས་པོ་གཉིས་ཡོང་སྲོལ་མེད་ན་ཡང་། རྣམ་ཤེས་བགྲེས་པོའམ་བཞུད་ལ་ཉེ་བའི་ལུས་པོ་དེའི་ནང་གི་རྣམ་ཤེས་དེའི་རང་གི་ལས་གཞུག་སྐྱོང་ཐུབ་མཁན་གྱི་རྣམ་ཤེས་བྱིས་པའམ་གསར་དུ་འབུས་བཞིན་པའི་རྣམ་ཤེས་དེའི་ཁོང་གི་མཛད་རྗེས་ཀྱི་ཤུལ་འཕྲོ་ཡེ་ཤེས་ཀྱི་སྤྱན་ལ་བརྟེན་ནས་རྟོགས་ཡོད་པ་ཡིན་པར་གླེང་ཆོག་པ་ཡིན་ནོ།
ཨོ་ཨོ་ད་ནོར་ཐལ། དུས་གཅིག་ལ་སྤྲུལ་པ་བརྒྱ་དང་སྟོང་དང་ཁྲི་དང་འབུམ་སོགས་སྟོན་པ་དེ་བླ་སྤྲུལ་གྱི་ལྷན་སྐྱེས་ཁྱད་ཆོས་དེ་མ་ཡིན་ནམ།
དེས་ན་རྒྱལ་དབང་རིན་པོ་ཆེ་ག་ཚོད་འདུག དེ་སྤྲུལ་སྐུ་མ་རེད་དམ། སྐུ་ཕྲེང་བཅུ་བཞི་བ་ག་ཚོད་འདུག་ཟེར་བཞིན་ཡོད། དེ་འདྲའི་མང་བོ་ཞིག་ཡོད་པ་ཡིན་ན་ངེད་ཅག་བོད་པ་ཚང་འདི་སྐྱིད་ཐག་གཅོད་ཡིན་ལ། མགོ་ལ་སྡུག་བསྔལ་འདི་འདྲ་མང་བོ་ཞིག་ཀྱང་ཡོང་དགོས་དོན་ཞིག་མེད་ཚོད་ཡིན།
ཨོ་རེད་ཁྱེད་རང་སངས་རྒྱས་དང་སྤྲུལ་སྐུ་གཉིས་ནོར་ནི་མིན་ནམ།
ཀརྨ་པ་སྤྱན་རས་གཟིགས་ཡིན། ཤར་སྐལ་ལྡན་རྒྱ་མཚོ་སྤྱན་རས་གཟིགས་ཡིན། ད་དུང་ཆོས་རྒྱུད་ཁག་གཞན་ན་ཡང་སྤྱན་རས་གཟིགས་མང་།
འབྲོག་མི་ལགས།
སྤྲུལ་སྐུ་ཟེར་བ་འདི་ལ་ཚད་འདི་དང་ཁྲིམས་འདི། ལུགས་སྲོལ་འདི་དང་། ཆ་རྐྱེན་འདི། ཀུན་སྤྱོད་འདི་དང་མཛད་པ་འདི་ཟེར་བ་མེད། གང་ལྟར་སྤྲུལ་སྐུ་དང་དེའི་དབང་འཛིན་པ། རྗེས་བྲངས་པ་བཅས་ཀྱི་འགྲེལ་བ་གང་བྱེད་བྱེད་ཡིན། བྱས་གཙང་སྤྲུལ་སྐྲུར་མ་ལྟོས་གང་ཟག་ལ་ལྟོས་ལྟ་བུ་ཟེར་རྒྱུ་རེད།
སྤྲུལ་སྐུ་ཟེར་བ་འདི་གང་ལ་ཡང་ལྟོས་མི་དགོས་སྟབས། ཁྱེད་འབྲོག་མི་དང་དེའི་ཀློག་མཁན་རྣམས་དུས་ཚོད་འཕྲོ་བརླག་རེད། རྒྱུ་མཚན་ནི། སྤྲུལ་སྐུ་གཅིག་དགོས་ཚེ། སྤྲུལ་སྐུ་གཅིག་འཚོལ་གྱི་རེད། མ་འདས་པའི་སྤྲུལ་སྐུ་ཡིན་སྲིད་ལ། མ་སྐྱེས་པའི་སྤྲུལ་སྐུ་ཡང་ཡིན་སྲིད། ད་དེར་བརྩོད་པ་བརྒྱབ་ནས་གང་ཕན།
དཔེར་ན། རྒྱལ་བ་རིན་པོ་ཆེ་མཆོག་གིས་བདམས་པའི་པན་ཆེན་གྱི་སྤྲུལ་སྐུ་དེ་པན་ཆེན་སྐུ་གོང་མ་ཡོད་དུས་ནས་བསྐྱེས་འཚར་བ་རེད། དེ་བཞིན། པན་ཆེན་སྐུ་གོང་མ་དེ་རྒྱ་མིས་བཙན་གཤེད་བྱས་ནས་སྤྲུལ་སྐུ་བཟོས་པ་མ་གཏོགས། སྐབས་དེ་དུས་བཀྲིས་ལྷུན་པོ་ནས་ཁམས་དཔའ་གཤོད་ནས་ཡིན་པའི་པན་ཆེན་གྱི་སྤྲུལ་སྐུ་ངོས་འཛིན་གནང་ཟིན་ཅིང་། ཁོང་ད་ལྟ་པན་ཆེན་འོས་སྤྲུལ་ཟེར་ནས། Irland བཞུགས་ཡོད། བོད་མི་རྒན་པོ་མི་ཉུང་བ་ཞིག་གིས་ཁོང་པན་ཆེན་ངོ་མར་བརྩི་སྲོལ་འདུག
དེར་བརྟེན་ཚད་དང་རྒྱུ་མཚན། སྒྲིག་གཞི་གང་ཡང་མེད་པའི་ལུགས་སྲོལ་འཆལ་པོ་འདི་འདྲ་ཞིག་ངེད་ཚོའི་སྤྱི་ཚོགས་ལ་དར་ཁྱབ་བྱུང་བ་འདིས་ངེད་ཚོ་ལུང་པ་གཞན་ལ་ཤོར་ནས། མི་རབས་ནས་མི་རབས་བར་བོད་པའི་རུས་རྒྱུད་འདི་མ་སྟོང་བར་སྐྱབས་བཅོལ་བ་ཞིག་ལ་འགྱུར་བ་རེད།
དེ་མ་རེད་པས། ད་ཆ་རྫུ་འཕྲུལ་སྟོན་ཐུབ་མཁན་གྱི་སྤྲུལ་སྐུ་མིན་འདུག མ་བསླབ་པར་ཤེས་མཁན་གྱི་སྤྲུལ་སྐུ་མིན་འདུག རྒྱོ་དང་དངུལ་ལ་མ་དགའ་མཁན་གྱི་སྤྲུལ་སྐུ་སུ་འདུག ཨ་རིར་ཡོང་འདོད་མེད་པའི་སྤྲུལ་སྐུ་སུ་འདུག ད་དེ་ཚོ་ངེད་རྣམས་ལ་ཁྱད་པར་གང་འདུག
ཁྱེད་རང་གི་ཆང་འཐུང་ཡོད་ནི་མིན་ན་མ་གཏོགས། ངས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་བསྟན་འཛིན་རྒྱ་མཚོ་ག་ཚོད་འདུག་ཟེར་གྱི་ཡོད་པ་ལས། ཁྱེད་རང་ལ་སྤྱན་རས་གཟིགས་ག་ཚོད་ཡོད་ཅེས་བྲིས་མ་མྱོང་། བོད་ཀྱི་བཤད་སྲོལ་དུ་ཡང་སྤྱན་རས་གཟིགས་ལ་གསོལ་བ་འདེབས་ཟེར་ནས་གཅིག་ལས་གཉིས་ཤིག་དྲན་གསོལ་དང་གསོལ་འདེབས་བྱེད་སྲོལ་མེད་ན་ཡང་། ཁྱེད་རང་གི་དེ་འདྲའི་སྤྱན་རས་གཟིགས་མང་བོ་ཞིག་གང་ནས་རྙེད་སོང་། སུས་ཁྱེད་རང་ལ་དེ་དག་སྤྱན་རས་གཟིགས་རེད་ཟེར་གྱི་འདུག་གམ།
༧རྒྱལ་བ་རིན་པོ་ཆེས་ཀརྨ་པ་ཐོག་མར་ཕེབས་སྐབས་ཤིག་ལ། “ང་ཡང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རེད། ཁོང་ཡང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རེད་”ཅེས་སྐུ་མཚར་གྱི་ཚུལ་དུ་གསུངས་སོང་།
སངས་རྒྱས་ཀྱི་ཚོད་སེམས་ཅན་གྱིས་ཨེ་ཐིགས།
རྩ་རྒྱུད་བརྟག་གཉིས་ལས།
འཆད་པ་པོ་ང་ཆོས་ཀྱང་ང་། །
རང་གི་ཚོགས་ལྡན་ཉན་པོའང་ང་། །
ཞེས་གསུངས་པར་བརྟགས་ན། གོང་ས་ཡིད་བཞིན་ནོར་བུའི་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་སྣ་ཚོགས་ཤིག་གིས་དག་དང་མ་དག་པའི་ཞིང་ཁམས་ཀུན་ཏུ་མཐའ་ཀླས་འགྲོ་བའི་དོན་ཆེན་མཛད་བཞིན་ཡོད་པ་དང་། དེ་ལས་གཞན་པའི་བླ་སྤྲུལ་དགེ་བཤེས་རྣལ་འབྱོར་ཕོ་མོ་རྟོགས་པ་མཐོན་པོ་ཡིན་པ་དག་གིས་ཀྱང་དེ་བཞིན་ཡིན་རྒྱུ་རེད།
ཡིན་རྒྱུ་རེད་ངས་དེ་འདྲ་ཞིག་གོ་སོང་ཟེར་སོགས་ཀྱིས་གང་ཡང་ཡོང་གི་མ་རེད། སྐད་ཆ་གསལ་བོ་ཞིག་བཤད་རྒྱུ་མེད་ན་དངོས་ནས་བཀའ་ལོག་མ་བྱས་ན་ཡག་གི་རེད། ༧གོང་ས་མཆོག་གི་ཁོང་གིས་དུས་རྟག་དུ་ཁོང་ནི་ནང་བའི་དགེ་སློང་དཀྱུས་མ་ཞིག་ཡིན་པར་འཛམ་གླིང་མི་མང་ལ་བསྒྲགས་བཞིན་འདུག་པ་ལས། ང་རང་སྤྱན་རས་གཟིགས་ཡིན་ཟེར་ནས་ནམ་ཡང་གསུང་བ་ཞིག་ཁོང་གི་བཀའ་སློབ་བོད་ཡིག་དུ་བཀྲམ་པ་གང་གིས་ནང་དུའང་ད་སྔ་མཐོང་རྒྱུ་མེད་དོ། སྐུར་འདེབས་ཟེར་བ་དེ་འདྲ་ཞིག་ལ་ཟེར་གྱི་ཡོད་པ་ལོས་ཡིན། མི་ཤེས་ན་ཨུ་ཚུགས་མ་རྒྱག བོད་ལ་སྤྲུལ་སྐུ་དགོས་མིན་བོད་མི་མང་དང་༧གོང་ས་མཆོག་གི་མཛད་རྗེས་གང་ཞིག་ཤུལ་ལུས་ཡོད་མེད་ལ་བལྟས་དེ་བཤད་དགོས་པ་ལས་རྩོད་གཞི་ཆེན་པོ་ཞིག་བྱེད་དགོས་དོན་གང་ཡང་མེད་པར་མཐོང་། གལ་ཏེ་ཡོད་ཟེར་ན་ག་ལེར་ལྟོས་ཆོག
སུམ་པའི་རང་རྣམ་ལས། སྔོན་བྱོན་ཤཱཀྱ་ཐུབ་རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་བརྒྱད་ཅུ་ཁ་ཆེ་བལ་བོད་ཀྱི་པཎ་གྲུབ་མར་མི་བུ་སྟོན་ཙོང་ཁ་པ་ལྟ་བུ་ལ་སྐུའི་སྐྱེ་ཕྲེང་རྒྱ་མཚོའི་རླབས་ལྟར་ཡོལ་མེད་དུ་ཡོད་པ་གཞིར་བཅས་ཀྱང་། ཡུལ་དུས་དེར་སྤྲུལ་སྐུ་སྐུ་སྐྱེའི་དར་སོ་མེད་པས་སམ་ཞིང་གཞན་དུ་བྱོན་པ་ཅི་རིགས་ཀྱིས་སྔ་མའི་འཁྲུངས་ཡུལ་ཁོ་ནར་སྐུ་སྐྱེ་བྱོན་པའི་གཏམ་ཙམ་ཡང་མེད་ཅེས་གསུངས་ཡོད། ཡིན་ན་ཡང་དུས་རབས་བཅུ་གསུམ་པའི་ནང་། ཀརྨ་བཀའ་བརྒྱུད་པས་ས་སྐྱའི་སྲིད་དབང་དང་འགྲན་རྩོད་བྱེད་ཆེད་དང་གཅིག དེ་ནས་རང་ཉིད་ཀྱི་ཆོས་ལུགས་གྲུབ་མཐའ་དེའི་སྟོབས་ཤུགས་མངའ་ཁོངས་རྒྱ་བསྐྱེད་པར་ཀརྨ་རང་བྱུང་རྡོ་རྗེ་ཀརྨ་པཀ྄ྭཤིའི་སྤྲུལ་སྐུར་ངོས་བཟུང་བ་ནས་བཟུང་། ཡུན་རིང་པོ་མ་འགོར་བར་གྲུབ་མཐའ་གཞན་དག་ལའང་སྤྲུལ་སྐུའི་ལམ་ལུགས་འདི་བྱུང་ཡོད། དེ་བཞིན་སྤྲུལ་སྐུ་ལའང་ཆེ་འབྲིང་ཆུང་གསུམ་དར་ཡོད་ནའང་། རྗེ་ཤེས་རབ་རྒྱ་མཚོས་སྤྲུལ་སྐུ་ཆུང་བ་ཞིག་ཡིན་ཀྱང་མ་མཐའ་ཡང་མཐོང་ལམ་འཐོབ་དགོས་པར་བཤད་ལ་ལྷག་པར་གཤིན་པོར་འཕོ་བ་འདེབས་པའི་སྤྲུལ་སྐུ་ཞིག་ཡིན་ན་མཐོང་ལམ་ཅིས་ཀྱང་འཐོབ་དགོས་ཞེས་གསུངས་ཡོད། འོན་ཀྱང་། སྐབས་རེར་སྤྲུལ་སྐུ་ཟེར་བ་འདི་ངོས་འཛིན་ཕྱོགས་ལའང་རྙོག་འཛིང་ཆེན་པོ་བྱུང་ཡོད་སྟབས། པཎ་ཆེན་བསྟན་པའི་ཉི་མའི་རྣམ་ཐར་ལས། གོང་མ་ཆན་ལུང་གི་དུས་གོང་མ་ཆེན་པོས་བོད་སོག་གི་བླ་མའི་སྐྱེ་སྲིད་ངོས་འཛིན་བྱེད་སྐོར་ལ་སྔོན་དུས་འཁྲུལ་གཞི་སྣ་ཚོགས་བྱུང་བར་བརྟེན་ལྷ་ས་དང་། ཡུང་ཧྭ་གོན་དུ་གསེར་བུམ་རེ་གནང་ཡོད་པར་ཕྱིན་ཆད་བུམ་ནང་དུ་མིང་བྱང་བཅུག་ནས་བརྟག་པ་བྱེད་དགོས་པའི་བཀའ་ཕབ་ཡོད། ལྷག་པར་དུ་ཡང་སྲིད་མང་པོ་ཞིག་མི་ཆེན་དཔོན་པོ་ཚོའི་ཁྱིམ་དུ་འཁྲུངས་ཡོད་སྟབས། རྒྱལ་དབང་ལྔ་པ་དང་། ལྕང་སྐྱ་རོལ་པའི་རྡོ་རྗེ། རྗེ་འཇིགས་མེད་བློ་གྲོས་སོགས་ཀྱིས་འདི་ལ་སྙན་ངག་གི་ལམ་ནས་ཚོགས་གཏམ་བཏང་ཡོད།
ཕྱོགས་གཞན་ཞིག་ནས་བཤད་ན། རྒྱལ་དབང་ལྔ་བས་མི་ཚོས་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པའི་ཡང་སྲིད་ཡིན་ཚུལ་ཤོད་ཀྱི་ཡོད་པ་དང་། ཡིན་ལུགས་ཡིན་སྟངས་ཀྱི་རྒྱུ་མཚན་ནི་ང་སྐྱེས་པའི་སྐབས་སུ་ཁྱིམ་གྱི་ཀ་བའི་སྒང་ནས་འོ་མ་བབ་པ་རེད་ཟེར་བ་དང་། གནམ་ལ་འཇའ་ཟུག་པ་རེད་ཟེར་བ། སྐུ་ཕྲེང་བཞི་པའི་སྐུ་ཆས་རྣམས་ངས་ངོས་འཛིན་བྱས་པ་རེད་ཟེར་བ་སོགས་བཤད་ཀྱི་ཡོད་ནའང་དེ་འདྲ་བྱས་པ་ང་རང་གིས་དྲན་སོས་ཀྱི་མི་འདུག ངས་སྐྱེ་བ་སྔོན་མའི་མི་ངོ་ཤེས་རྒྱུ་དང་སྐྱེ་བ་སྔོན་མའི་ཅ་ལག་ངོ་ཤེས་རྒྱུ་ལྟ་ཅི། ལོ་བཅུ་དྲུག་ཙམ་ལ་མ་སླེབས་བར་ཡོན་ཏན་ཡང་དགེ་རྒན་གྱི་ཉེས་རྡུང་དང་གཤེ་གཤེ་འོག་ཏུ་བསླབས་པར་བརྟེན་མ་བསླབས་པར་ཤེས་རྒྱུ་ཕར་བཞག་བསླབས་པ་དེའང་ཡག་པོ་ཤེས་ཀྱི་མི་འདུག་པས་ཐམས་ཅད་མཁྱེན་པའི་ཡང་སྲིད་དེ་བས་ཀྱང་གང་ནས་ཡིན། སྐྱེ་བ་སྔོན་མའི་མི་དང་ཅ་ལག་ངོ་ཤེས་པ་ལ་བསླབས་པའི་ཡོན་ཏན་དེ་མ་ཤེས་པ་རྩ་བ་ནས་ཡོང་མི་སྲིད་ཅིང་། མ་བསླབས་པ་དེ་ཤེས་རྒྱུ་ཡོད་དུས་བསླབས་པ་དེ་དེ་བས་ཀྱང་ཤེས་པ་ཞིག་དགོས་ཀྱི་རེད། འོན་ཀྱང་བསླབས་པ་དེ་དཀའ་ལས་ག་ཚོད་བརྒྱབ་ནའང་ཤེས་ཀྱི་མི་འདུག་ལ་སང་ཉིན་མི་ལ་ཆོས་ཤོད་དགོས་བྱུང་ན་དེ་རིང་དགེ་རྒན་གྱིས་སང་ཉིན་དེ་ལྟར་ཤོད་ཨང་ཞེས་བསླབ་དགོས་ཀྱི་ཡོད། ཡིན་ནའང་ང་དགོས་པའི་དབང་གིས་ཁྲིའི་སྒང་དུ་བསྐྱལ་བ་རེད་ལ་ངས་ཀྱང་མ་ཡིན་ཡིན་མདོག་མ་བྱས་ཀ་མེད་རེད་ཅེས་གསུངས་ཡོད་པ་དང་། ཨ་རིག་དགེ་བཤེས་ཆེན་མོ་སྐུ་འདའ་ཁར་སློབ་མ་རྣམས་ཀྱིས་སྐུ་སྐྱེ་འཁྲུལ་མེད་ཅིག་འབྱོན་པར་ཞུས་པ་ན་སྤྱིར་ཁོ་ལ་རང་དབང་ཞིག་ཡོད་ན་ཡིད་དགའ་ཆོས་འཛིན་དུ་འགྲོ་བས་སྐུ་སྐྱེ་མེད། གལ་ཏེ་དགོས་ན་བྱིས་པའི་དུས་སུ་ལམ་རིམ་དང་སྔགས་རིམ་གཉིས་བློ་ཐོག་ནས་ཤར་ཤར་འདོན་ཤེས་པ་ཙམ་དུ་མ་ཟད། ཁྱི་གཏུམ་པོས་དེད་ཀྱང་ཁ་ནས་མི་འཆད་པ་ཞིག་རྙེད་ན་ཁོའི་སྐུ་སྐྱེ་ཡིན། ཞེས་དང་། མི་ལ་རས་པར་སློབ་མ་ཞིག་གིས་རྗེ་བཙུན་རྡོ་རྗེ་འཆང་ངམ་བྱང་ཆུབ་སེམས་དཔའ་གང་གི་སྤྲུལ་པ་ལགས་དེ་གསུང་དུ་གསོལ་ཞེས་ཞུས་པར། ཁོང་གིས་ང་གང་གི་སྤྲུལ་པ་ཡིན་པ་རང་ལ་ཡང་ཆ་མེད། སྤྲུལ་པ་ཡིན་སྙམ་པ་དེ་ཁྱེད་རང་རྣམས་ཀྱིས་ང་ལ་དག་སྣང་ཡིན་ཏེ། ཆོས་ལ་ལོག་ལྟ་དེ་བས་ཆེ་བ་མི་ཡོང་། ཆོས་རྣམ་དག་བྱེད་པའི་ཆེ་བ་མ་མཐོང་བས་ལན་ཞེས་པ་སོགས་ལའང་བསམ་བློ་གཏོང་རྒྱུ་ཅི་ནས་ཀྱང་འདུག་སྙམ་མོ།
སྤྱིར་སྤྲུལ་སྐུ་ཞེས་པ་ལ་ཆོས་གཞུང་ནས་གཏིང་ཟབ་མོའི་བཤད་པ་མང་ཡང་། ང་ཚོས་གླེང་གཞིར་བཟུང་བའི་སྤྲུལ་སྐུ་ཞེས་པ་གོ་བ་སྟབས་བདེ་ཞིག་གི་ཐོག་ནས་བཤད་ན་འགྲིག སྤྲུལ་ཞེས་པ་ནི་བྱེད་པ་པོ་གཞན་འབྲེལ་གྱི་ལས་ཚིག་ཡིན་ཅིང་། སྤྲུལ་པ་པོ་རྒྱལ་བ་དང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་བརྩེ་བ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ནས་འགྲོ་བ་གཞན་དག་གི་དོན་བསྒྲུབ་པའི་ཕྱིར་སྐུའི་རྣམ་འགྱུར་མ་འདྲ་བ་སྣ་ཚོགས་སུ་བྱོན་པ་ལ་སྤྲུལ་སྐུ་ཞེས་བརྗོད་པ་ཡིན། སྤྱན་རས་གཟིགས་གཅིག་ལས་གཉིས་མེད་ཅེས་པ་དང་། རྒྱལ་བ་རིན་པོ་ཆེ་སྤྱན་རས་གཟིགས་རེད་ཟེར་ན་ཁོང་ལ་བསྐུར་བཏབ་པ་རེད་ཟེར་བ་སོགས་རང་གི་ནང་མཚང་ཕྱི་ལ་སྟོན་པར་ཟད། འོན་ཀྱང་ང་ཚོས་མ་འདས་སྤྲུལ་སྐུའི་སྐོར་ངེས་པར་གླེང་ནས་བོད་མི་གཞི་རིམ་མང་ཚོགས་ཀྱི་བསམ་བློའི་ནང་གྲ་སྒྲིག་ཡོད་པ་དང་བག་ཆགས་གཏིང་ཟབ་མོ་ཡོད་པ་ཞིག་ངེས་པར་བཟོ་ཐུབ་དགོས་པ་གནད་ཆེ། གོང་ས་ཏཱ་ལའི་བླ་མ་དང་ཐུགས་རྒྱུད་གཅིག་པའི་སྐྱེས་ཆེན་དམ་པ་གྲངས་ལས་འདས་པ་ཡོད་པ་རིགས་པས་བསྒྲུབས་ཐུབ་ལ་ང་ཚོས་ཡིད་ཆེས་བྱ་རུང་། སྦས་པའི་ཚུལ་དུ་བྱོན་པའི་སྤྲུལ་སྐུ་སྣ་ཚོགས་ཡོད་པ་ནང་ཆོས་ཀྱི་དགོངས་པ་རེད་ལ་དངོས་ཡོད་གནས་ཚུལ་དང་ཡང་ཤིན་ཏུ་མཐུན། གནད་དོན་འདིའི་ཐད་བཤད་འདོད་པ་མང་ཡང་ཧི་མ་ལའི་ཡིག་གཟུགས་ལག་བྱང་མ་སོང་བས་རེ་ཞིག་དེ་ཙམ་བྱ་དགོས་གྱུར།
དྲ་གྲོགས་ཚོ། སུ་ཞིག་གིས་དཀའ་ངལ་འདི་སེལ་ཐབས་ཤིག་ཡོད་དམ། ཡོད་ན་ཐུགས་རྗེ་གཟིགས། དབྱིན་སྐད་ཀྱི་སྟེང་གི་skype ཟེར་བ་འདིས་ནང་དུ་བོད་ཡིག་འབྲི་བ་ལ་བོད་ཡིག་གི་ཡི་གེ་བརྩིགས་མ་འབྲི་མི་ཐུབ་པའི་གནད་དོན་དེ་གང་ལ་ཐུག་གི་ཡོད་པ་དེ་ཤེས་ཀྱི་ཡོད་ན་དེའི་སྐོར་གྱི་ལམ་སྟོན་ཞིག་གནང་རོགས་ཞུ། གལ་སྲིད་དཀའ་ངལ་དེ་སེལ་ཐུབ་སོང་བ་ཡིན་ན། ངེད་ཅག་གི་སྐར་མ་གཅིག་གི་ནང་དུ་བོད་ཡིག་གི་སྟེང་ནས་ཕན་ཚུན་གྱི་ས་ཐག་ག་ཚོད་རིང་མིན་ལ་མ་བལྟས་པར་གླེང་མོལ་བྱེད་ཐུབ་ཀྱི་འདུག ངས་དེ་རིང་དྲ་ཐོག་ནས་རང་གི་ཐག་རིང་གི་གྲོགས་པོ་ཞིག་དང་ལྷན་དུ་བོད་ཡིག་གི་སྟེང་ནས་ཁ་བརྡ་བྱེད་པར་སྐུལ་བ་ཡིན་མོད། ཁོང་གིས་བོད་ཡིག་འབྲི་ཐུབ་ཀྱི་མི་འདུག་མོད། ཡིན་ཡང་། ངས་གང་བྲིས་པ་དེ་དག་ཁོང་གིས་ཀློག་ཐུབ་ཀྱི་འདུག་ཟེར། དེ་ཡིན་དུས་དཀའ་ངལ་ཞིག་ཡོད་པ་ནི་ངེད་ཅག་གི་ཡི་གེ་འབྲི་དུས་སུ་དཔེར་ན་སྐྱིད་ཅེས་པ་འབྲི་ལ་སྐྱི་འདི་གཅིག་བུ་ཐེངས་ཁ་ཤས་ཤིག་ལ་བརྩེགས་མ་བྱེད་དགོས་དུས། དེ་དག་བྱེད་ཐུབ་ཀྱི་མི་འདུག དེའི་ཐད་ཀྱི་ཉམ་མྱོང་རེ་རེག་པ་ཡིན་ན་དྲ་ཐོག་ནས་གང་མགྱོགས་ཤིག་སྤེལ་ཐུབ་པས་རེ་སྐུལ་ཞུ།
དགོངས་དག་འདི་གོང་གི་རྩོམ་ཡིག་གི་གླེང་གཞི་ལས་བརྒལ་ཡོད་ན་ཡང་། ང་ཚོ་ལ་དཀའ་ངལ་འདི་སེལ་ཐུབ་མཁན་ཞིག་བྱུང་བ་ཡིན་ན། ཚང་མས་ཐག་རིང་གང་དུ་ཡང་བོད་ཡིག་གི་ནང་ནས་དུས་ཐུང་སྐར་མ་གཅིག་གི་ནང་དུ་ཕན་ཚུན་ལ་ཁ་བརྡ་བྱེད་ཆོག་པ་མ་ཟད། བོད་ཡིག་གི་ཚེ་སྲོག་ལ་ཡང་རིན་ཐང་ཇེ་ཆེ་དང་བོད་ཡིག་སྤྱོད་མཁན་ཡང་སྔར་ལས་ཇེ་མང་དུ་འགྲོ་བ་ནི་བཤད་མི་དགོས་ལ། བོད་ཡིག་ཤེས་མཁན་མང་བོ་ཞིག་གིས་ཀྱང་ད་ནི་རང་གི་ཤེས་པའི་བོད་ཀྱི་ཡི་གེ་དེ་དྲ་ཐོག་ནས་བེད་སྤྱོད་གང་འདོད་བྱེད་ཐུབ་ཀྱི་འདུག་སྙམ་སྲིད་པ་དང་ལྷན་དུ་རང་ཉིད་ཀྱི་བོད་ཡིག་ཤེས་པ་དེ་ལ་ཡང་སྤོབས་པ་འཕར་མ་ཞིག་རྙེད་ངེས་ཡིན།
ངས་ནི་རང་གི་གློག་ཀླད་ཀྱི། །
ཡི་གེ་གཏགས་ས་དེར་གཏགས་རྗེས། །
འདྲ་བཤུས་ཁྱེར་ནས་སུ་ཁ་གཡབ། །
ནང་དུ་ཕྱིར་མངོན་བྱེད་བཞིན་ཡོད། །
དགུ་རོང་གྲུབ་ཆེན་གྲུབ་རྫུན་ཁྱེད།།
འུ་གཉིས་སེམས་ལ་ཤར་ཚུལ་གཅིག།
ངས་ཀྱང་དེ་ལྟར་བྱེད་རྩིས་ཡོད།།
ཡིན་ཡང་ལག་ལེན་ཁྱེད་རང་སྔུན།།
ཐུགས་རྗེ་ཆེ་འོ་གྲུབ་ཆེན་ཚང་།།
དེ་ལྟར་བྱས་ན་ཡོང་ངེས་ཀྱང་།།
ཐད་གར་མིན་པའི་དཀའ་ཁག་ཆེ།།
དེ་ལས་ཐབས་ཤེས་རྙེད་སོང་ན།།
བརྡ་ལན་མྱུར་དུ་སྤྲོད་རོགས་ཞུ།།
ལག་ལེན་ལས་ནི་ཉམས་མྱོང་ལེན། །
ལག་པ་གཉིས་ཀྱིས་འཚོ་བ་རོལ། །
ལགས་སོ་མེད་པའི་རོགས་རམ་དེ། །
ལགས་སྐྱེས་ལམ་ནས་བོར་དང་མཚུངས། །
ཐུགས་ནི་མ་ཁྲོ་དགུ་རོང་གྲུབ་ཆེན་པ།།
དགོངས་དག་ཞུ་རྒྱུ་བརྗེད་པ་འཐོལ་ལོ་གཤེགས།།
དེ་རིང་བསྐྱར་དུ་བཀའ་དྲིན་ཞུ་ཆོག་ཡང་།།
ཁྱེད་ཐུགས་བཉེས་མིན་དེ་བས་མི་ཤེས་ཀྱང་།།
རྗེས་སོར་ནོར་འཁྲུལ་དེ་འདྲ་ངས་གཟབ་ཆོག།
བོད་པའི་ནང་གི་བོད་ཞེན་གླེང་དུས་སུ།།
རེ་ཟུང་བརྗེད་དུས་དེ་ལ་བཟོད་བསྲན་གནོང་།།
མ་འདས་སྤྲུལ་སྐུ་ལྟ་ཅི། སྤྱི་ཡོངས་ནས་སྤྲུལ་སྐུ་ལའང་ཡིད་ཆེས་གཏན་ནས་མེད། དངོས་ཡོད་གནས་ཚུལ་ཡིན། ད་ལྟའི་ཆར་སྤྲུལ་སྐུ་མང་ཆེ་ཤོས་ལ་ངས་ཤོག་བུའི་སྤྲུལ་སྐུ་ཟེར་བཞིན་ཡོད། སྤྲུལ་སྐུ་ཟེར་བ་རྒྱབ་གཉེར་ཤོག་བུ་ཡོད་མེད་ལ་རག་ལས་པ་ལྟ་བུ་ཆགས་འདུག དོན་དངོས་ཐོག་སྤྲུལ་སྐུའི་ལུགས་སྲོལ་འདི་ད་ལྟའི་ཆར་ནང་དོན་དམ་གྱི་ཡོན་ཏན་དང་འབྲེལ་བ་མེད་པར། ཤོག་བུའི་རྒྱབ་གཉེར་ཡོད་མེད་ལ་རག་ལས་ཡོད་པ་རེད། དེར་བརྟེན་སྤྱི་ཚོགས་ཁྲོད་ནང་ཡོན་ཏན་རྩོད་ལེན་བྱེད་དགོས་ན་དཀའ་ལས་མང་པོ་རྒྱག་དགོས་ཀྱང༌། ཤོག་བུའི་སྤྲུལ་སྐུ་ཞིག་བཟོ་རྒྱུ་དེ་ངོ་ཤེས་དང་འབྲེལ་བ་ཡོད་མེད་ལ་རག་ལས་ཡོད་པ་རེད། ལོ་ཤས་སྔོན་ཚགས་པར་ཞིག་ནང་གསལ་བ་ལྟར་ན་སྐུ་སྒེར་ཡིག་ཚང་ནས་ཤོག་བུ་སྤྲད་ཡོད་པའི་སྤྲུལ་སྐུ་བརྒྱད་བརྒྱ་ལྷག་ཡོད་ཚུལ་འདུག དེ་དག་ལ་མི་མང་པོ་ཞིག་གིས་རྟ་རའི་སྤྲུལ་སྐུ་ཟེར་བཞིན་ཡོད་པ་རེད། མདོར་ན་ད་ལྟའི་ཆར་ཁག་ཅིག་གིས་གྲྭ་པ་སློབ་སྦྱོང་ཡག་པོ་ཡོད་པ་ཁག་ཅིག་ལ་སྤྲུལ་སྐུའི་མིང་འདོག་གི་འདུག དེ་ལ་མཚོན་ན་མི་མང་པོ་ཞིག་གིས་ཡག་པོ་ལྟ་བུ་མཐོང་གི་འདུག་ཀྱང༌། དོན་དངོས་སྤྲུལ་སྐུའི་མིང་བཏགས་པའི་རྗེས་ནས་སློབ་སྦྱོང་མི་བྱེད་པ་དང༌། རྒྱས་སྤྲོས་ཆེ་རུ་འགྲོ་བ་སོགས་གྲྭ་པ་དེ་ཉིན་དེ་ནས་བཟུང་ཡོན་ཏན་ཡར་རྒྱས་སུ་འགྲོ་རྒྱུའི་མཚམས་བཞག་པ་ལྟ་བུ་ཆགས་འགྲོ་གི་འདུག ཁག་ཅིག་རྒྱུ་ཆེན་པོ་དེ་ཚོའི་བུ་རྒྱུད་ལ་སྤྲུལ་སྐུ་ཞེས་མིང་བཏགས་གི་འདུག དེ་ཡང་ཡག་པོ་གཏན་ནས་མི་འདུག དེ་བཞིན་རང་ཉིད་ཀྱི་སྤུན་མཆེད་དང་འབྲེལ་ཡོད་ཚོ་སྤྲུལ་སྐུའི་མིང་བཏགས་གི་འདུག དེ་དག་ཚང་མ་ཡག་པོ་རྩ་བ་ཉིད་ནས་མི་འདུག དེ་ལས་རང་ཉིད་ཀྱིས་སྐུ་ཚེ་གང་ལ་ཐོས་བསམ་སློབ་གཉེར་བྱས་ནས་མཁན་པོ་དང་དགེ་བཤེས་ཀྱི་གོ་ས་བཞེས་མཁན་ཚོ་ཡག་པོ་རེད། ངས་གོང་དུ་བྲིས་པ་གཏིང་ཟབ་ས་ནས་བྲིས་པ་ཞིག་གཏན་ནས་མིན། འོན་ཀྱང་སྤྱི་ཚོགས་ཀྱི་སྣང་ཚུལ་དང༌། དངོས་ཡོད་གནས་ཚུལ་གྱི་དཀའ་ངལ་དེ་ཚོ་ཁ་ཐུག་བྲིས་པ་ཡིན། འདི་ལ་གསང་བ་བླ་ན་མེད་པའི་ཁྱད་ཆོས་མ་རྟོགས་པའི་སྐྱོན་དུ་མཐོང་སྲིད་ཀྱང་དེའི་སྐོར་ལ་ཟུར་ཙམ་ཡང་བརྗོད་མེད།
སྤྲུལ་སྐུ་མེད་པ་ནས་ཤི་སྤྲུལ་དང་། ཤི་སྤྲུལ་མང་དུ་དར་རྗེས། མ་ཤི་སྤྲུལ་སྐུ་བྱུང་། ཤི་སྤྲུལ་དང་མ་ཤི་སྤྲུལ་སྐུ་མང་དུ་དར་བས་མ་ཚད། ཧ་ལས་པ་ཞིག་ལ་དེང་སྐབས་སྤྲུལ་སྐུ་ཚོ་ཁྱི་དང་ཕག་པ་ནང་བཞིན་ཚང་ལོག་རྒྱུ་འགོ་ཚུགས་འདུག རྒྱ་རི་ཡང་ཚང་ལོག་ཡོད་འདུག
༧རྒྱལ་བ་རིན་པོ་ཆེའི་གཙོའི་སྤྲུལ་སྐུ་ངོ་མ་ཚོ་མི་ཚང་ཕལ་བ་ཆེད་དུ་འཁྲུངས་པ་ལས་སྤྲུལ་སྐུ་ཚང་ལོག་པའི་ལམ་ལུགས་དེ་ནས་མ་ཡིན་པ་ཤེས་དགོས།
དེང་སྐབས་ཁྱི་ཚང་དང་ཕག་ཚང་། སྤྲུལ་ཚང་གསུམ་མང་ཉུང་མེད་པ་ཆགས་ཡོད་ཚོད་འདུག
གྲོགས་པོ་བཀྲ་ཤིས་བདེ་ལེགས། །
མཆོག་གི་ཁ་བརྡ་ཟིན་བྲིས་མཇལ་བས་དགའ་བསུ་ཞུ་བ་དང་ཆབ་ཅིག་ང་ཡི་བསམ་ཚུལ་ནི་སྤྲུལ་སྐུ་དང་མ་འདས་སྤྲུལ་སྐུ་དག་ཡང་དངོས་ནས་ཡོད་པར་མདོ་རྒྱུད་བསྟན་བཅོས་དང་མངོན་རྗེས་རིགས་པས་འགྲུབ་ཀྱང་། དེ་དང་ཕྱོགས་མཚུངས་བསྟན་གཤིག་བདུད་སྤྲུལ་ཡང་མཉམ་དུ་ཡོད། དཔེར་ན་དངོས་དང་ཡང་དག་གཉིས་ཁྱད་པར་འབྱེད་ན། ད་ལྟ་ཡང་༧གོང་ས་ཐམས་ཅད་མཁྱེན་པས་དངོས་སུ་ངོས་འཛིན་གྱི་པཎ་ཆེན་རིན་པོ་ཆེ་ད་ལྟ་རྒྱ་ནག་གཞུང་གི་བཙོན་དུ་བཟུང་། རྒྱ་ནག་གཞུང་གི་གཞན་ཞིག་ངོས་འཛིན་ཡོད་པ་དེས་ད་ལྟ་ང་ཡིན་ཟེར་ནས་འགྲོ་བ་མང་པོ་བསླུ་བ་སོགས་དང་། ཐམས་ཅད་མཁྱེན་པས་ངོས་འཛིན་མ་བྱས་ཀྱང་བོད་གཞུང་གི་སི་ཏུ་ཀརྨ་པ་འདི་ངོས་འཛིན་བྱས་ཀྱང་། ཁོས་ཨ་རི་ནས་དམག་ཞྭ་ཅིག་གྱོན་ནས་ཡིན་འདོགས་སྟོན་པའི་དཔར་ཞིག་བོད་ཡུལ་ནང་ཁུལ་མཐོང་ནས་བགྲོ་གླེང་དང་ངན་སྨོད་དང་ཆགས་ སྡང་བྱེད་བཞིན་འདུག་པས། རྒྱ་ནག་གཞུང་གི་ངོས་འཛིན་གྱི་པཎ་ཆེན་དང་། བོད་གཞུང་གི་ཀརྨ་པ་ངོས་འཛིན་དེ་གཉིས་ལ་ཁྱད་པར་ག་རེ་ཡོད་དམ། རང་ལ་ཡོན་ཏན་དང་སྙན་རྩོམ་སོགས་ལ་གོམས་འདྲིས་ཆེར་མེད་ཀྱང་བསམ་ཆ་འདི་ལྷག་ བསམ་དག་པས་ཞུས་བསམ་བྱུང་། གྲོགས་ཁྱེད་དེས་ཕྱོགས་ཚོར་བ་ཅི་ཡོད་གསུངས་པར་ཞུ་ཞུ་ཞུ། ། གལ་ཆེན་པོ་རེད་བསམ་ཁུ་འདུག་གོ །
༄༅། །ཏྰ་ཡི་སི་ཏུའི་ཀརྨ་པ་ལ་གདམས་པ་ཞྭ་རྩོད་གཅོད་པའི་
གནམ་ལྕགས་རལ་གྲི་བཞུགས་སོ། །
ན་མོ་གུ་རུ་ཀརྨ་དུ་ཁཿཡེ། །
ཆོས་འཇིག་རྟེན་ཡ་རབ་དྲིན་བཟོ་ཞིག །
དེ་མེད་ན་དམ་ཆོས་རྩ་བ་རུལ། །
གཞི་སྡོང་པོ་མེད་པའི་ཡལ་ག་བཞིན། །
འབྱུང་མི་སྲིད་དཔེ་དོན་ཨེ་ཤེས་སམ། །
ཕྱི་དཀའ་སྤྱད་མེད་པའི་ཆོས་པ་གཅིག །
ནང་ཆགས་སྡང་མ་ཞིག་ལོག་རྟོག་གཉིས། །
དོན་རང་དོན་སེམས་པའི་གང་ཟག་གསུམ། །
སུས་སྒྲུབ་ཀྱང་དམ་ཆོས་མ་ཡིན་ལགས། །
གཞི་སོ་ཐར་ངེས་འབྱུང་རྣམ་དག་གཅིག །
ལམ་བྱང་སེམས་སྙིང་རྗེ་ཆེན་པོ་གཉིས། །
དོན་གསང་སྔགས་དག་མཉམ་བདེན་པ་གསུམ། །
སུས་སྒྲུབ་ཀྱང་དམ་ཆོས་དེ་ཉིད་ཡིན། །
ཡ་གྲོགས་པོ་མིང་མེད་གཤིན་པོ་ཁྱེད།
བློ་མ་བདེ་ཟིན་བྲིས་ཞིག་ལ་སྡང་། །
ངས་ཡང་གསང་སྙིང་གཏམ་བསྔོ་སྨོན་བྱས། །
དོན་མ་གོ་བསྟན་དགྲ་དམ་ཉམས་ཟེར། །
ཟེར་ཆེ་ནས་ང་ཡིས་བདེན་པར་བརྡར། །
གྲོགས་སྙིང་དམར་ཨ་ཁྱིག་ཀརྨ་པ །
གྲོགས་ཞབས་འདྲེན་དེ་ཚོ་ཁྱེད་ཀྱིས་ཕུད། །
ད་སྙིང་པོ་ལོན་སོང་སྙིང་གཏམ་གྲོགས། །
ངའི་བརྒྱུད་གསུམ་བླ་མ་རིན་པོ་ཆེས། །
ལས་དེ་འདྲའི་བྱ་བ་མི་བྱེད་ཁི། །
དོན་དེ་འདྲ་སྙིང་པོ་མི་འཛིན་ཁི། །
གོ་ཨེ་བྱུང་སྙིང་མེད་བླ་བཙོངས་ཁྱེད། །
ཁྱོད་ད་དུང་བཤད་འདོད་འཕག་འདོད་ན། །
དེང་བླ་རྫུན་ཁྲེལ་མེད་ང་རྒྱལ་ཅན། །
ཁྱེད་སྤྲུལ་རྫུན་ཚང་མའི་རྫུན་རྐུབ་དེ། །
དུས་གཅིག་ལ་གཞི་མེད་བཟོ་རྒྱུ་ཡིན། །
འགྲོ་བག་མེད་རང་སྣང་གང་ཤར་དང་། །
འདུག་ཟངས་གསེར་མལ་ཁྲི་སྟེང་ནས་འགྱིངས། །
ཟས་ཤ་ཁྲག་ལོངས་སྤྱོད་ངོམས་མེད་སྤྱོད། །
གཉིད་གཏི་མུག་རོ་ཉལ་རྒྱགས་ཆེ་ཚོ། །
ཕྱི་རྒྱ་སྤྲུལ་ཟེར་བའི་ཤ་རྒྱགས་གཅིག །
ནང་བླ་ཆེན་ཟེར་བའི་ཀླད་རུལ་གཉིས། །
དོན་བྱམས་བརྩེ་བྲལ་པའི་ཁྲེལ་མེད་གསུམ། །
སྤྱིར་སངས་རྒྱས་བསྟན་པའི་དགྲ་བོ་ལགས། །
དཔེར་སི་ཏུའི་བླ་སྤྲུལ་ངོས་འཛིན་དེ། །
ཆོས་མ་ཤེས་འཇིག་རྟེན་སྒྲུབ་ཟས་རེད། །
ཆོས་ཆོས་བཞིན་སྙིང་པོ་མ་ལོན་ན། །
ཆོས་ངན་སོང་འགྲོ་བའི་རྒྱུ་ཡིན་གསུངས། །
ཞྭ་སྙིང་པོ་བསམ་ནས་ཞྭ་རྩོད་འཛིན། །
རྒྱུ་སྙིང་པོ་བསམ་ནས་རྒྱུ་རྩོད་སྐྱོང་། །
ནོར་སྙིང་པོ་བསམ་ནས་ནོར་རྩོད་སྤེལ། །
སྡོད་མ་ཚུགས་ས་གཞི་དམ་ཉམས་བསྐང་། །
དྲིན་མ་ཤེས་དྲིན་ལན་ལོག་མཇལ་བྱས། །
དཔེར་རི་བོ་ཆེ་ཡི་བུ་ཆུང་འདི། །
གཅེས་ཆེ་ནས་རང་ཆོས་རང་གི་ཕུང་། །
དོན་སྙིང་པོ་འདུག་གམ་གཤིན་པོ་ལགས། །
མི་འདི་ཡི་ལོ་རྒྱུས་ས་ང་ཡིས་ཤེས། །
གྲགས་ཆེ་བ་ས་གཞི་འགེངས་སོ་ཟེར། །
དོན་མེད་པར་ཕྱག་ཆེན་གྱི་ན་བོར། །
དྲིན་ཆེ་བ་སྙིང་ནས་མི་བསམ་ཁི། །
གྲོགས་བླ་རྒན་སངས་རྒྱས་བསྟན་འཛིན་དེ། །
ཆོས་སྙིང་པོ་བསྟན་པའི་སྲོག་འཛིན་ཀྱང་། །
བུ་ཀརྨས་སྨོན་ལམ་འཛུགས་དགོས་ལབ། །
མཐར་དོན་མེད་རང་སྲོག་གྱི་ནར་བོར། །
རྒྱ་ནག་པོའི་ཤེས་ཆེན་བསམ་ངན་ཚོས། །
བུ་འདི་ཉིད་ལུ་གུ་གསོ་གསོ་བྱས། །
དམའ་སྤྲང་པོའི་མགོ་བོར་རྐང་པས་བརྣན། །
དེ་བྱིན་རླབས་ཅན་ཞིག་མི་བསམ་ཁི། །
རྒྱ་ནག་པོའི་ཞིང་ཆེན་བཅུ་གཉིས་དང་། །
བོད་ཡུལ་གྱི་ཆབ་མདོ་ནང་ཆེན་དུ། །
མི་འདི་ཉིད་སངས་རྒྱས་དངོས་ཡིན་ལབ། །
དོན་སྙིང་པོ་མ་ལོན་གྱི་ནར་བོར། །
རྒྱ་དཀར་པོའི་བོད་མི་གཞི་ཆགས་ཚོས། །
བུ་འདི་ཉིད་ཁྱི་གུ་གསོ་གསོ་བྱས། །
ཆོས་གྲུབ་མཐའི་གཙོ་འཛིན་ཡིན་ཟེར་ཀྱང་། །
ཕོ་སྙིང་སྟོབས་ཅན་ཞིག་མི་བསམ་ཁི །
གོང་བླ་མ་ཞེ་ས་མི་བྱེད་པའི། །
བུ་ཡོན་ཏན་མེད་ཀྱང་གྲལ་མགོར་བཞག །
དཔལ་དོན་ཡོད་གྲུབ་པས་གཅེས་ཕྲུག་ཟེར། །
དྲིན་མ་བསམ་སྙིང་པོ་གྱི་ནར་བོར། །
དུས་ད་དུང་ཏྰ་ལའི་བླ་མ་དང་། །
ས་བཀའ་རྙིང་གཙོ་འཛིན་ཕལ་མོ་ཆེར། །
ཤོབ་རྫུན་གཏམ་འདི་འདྲ་བཤད་ཕོད་དམ། །
ད་རང་ཚོད་བཟུང་ཞིག་སི་ཏུ་པ།
ང་དྲིན་ཆེན་ཡིན་ནོ་སི་ཏུ་པ། །
ཁྱོད་མ་རིག་གཉིད་ལས་སད་པར་བྱས། །
ཆོས་ཆོས་བརྒྱད་སྙིང་པོ་མེད་པར་བྱས། །
ཞྭ་རྟག་འཛིན་མི་རྟག་བསྐུལ་མས་བསྣུབས། །
ངས་སྨད་པས་ལམ་ནས་རྒོལ་ན་ཡང་། །
ཆོས་སྙིང་པོ་ཤེས་ན་བསྟོད་པ་ལགས། །
དོན་འཇིག་རྟེན་ཚང་མ་འདི་ཀར་སྣང་། །
ངོ་ཨེ་ཤེས་སི་ཏུར་ཀརྨ་པ། །
ཕྱི་སྡང་པའི་དོར་རྒྱལ་ཚོགས་པ་གཅིག །
ནང་ཆགས་པའི་ཀརྨའི་ཚོགས་པ་གཉིས། །
དོན་རྨོངས་པའི་འཇིག་རྟེན་ལས་ཀ་གསུམ། །
ཁ་ཁོག་པས་ཞེན་པ་སྟེང་ནས་ལོག །
དེའི་མི་ཚད་གྲུབ་མཐར་ཁ་ཁྱེར་པའི། །
ས་བཀའ་དགེ་བོན་རྙིང་ཁྱད་པར་མེད། །
དོན་འཇིག་རྟེན་སྒྲུབ་པའི་ཁང་ཁྱིམ་ཚོ། །
གཞི་མི་བརྟན་རྫུན་རྐུབ་བུད་གྱུར་ཅིག །
ཁ་ངན་པ་དཔལ་དགྱེས་རྡོ་རྗེ་ངས། །
ཁོག་བསམ་པ་དྲང་པོ་ཞུས་པ་ཡིན། །
ཐུགས་འགལ་བ་སོང་ན་བཟོད་པ་གསོལ། །
ཆོས་བཤད་སྒྲུབ་བསྟན་པ་སྤེལ་བར་མཛོད། །
ཅེས་པ་འདི་ནི་རབ་རྒྱན་ས་གླང་ཟླ་༡་ཚེས་༡༦་གཟའ་ལྷག་པ་དང་རྒོལ་ངན་འཇོམས་པའི་ བརྟན་ལས་སྒྲ་གཅན་དུ་འཇུག་རྒྱུ་བའི་འཁོར་ལོ་ལེགས་འཛོམས་སྐབས་སུ་ཁ་ཙམ་གྱི་ འབྲི་གུང་པ་ཀུན་ཏུ་རྒྱུས་ཟིན་བྲིས་ཀྱིས་བསྐུལ་མ་ལ་བརྟེན་ནས་ཀུན་སློང་བཟང་ པོས་རྣམ་རྟོག་ངན་པ་དག་ལ་གཅོས་བསྒྱུར་མེད་པར་ཡོ་རོབ་ལྷ་ཧ་ཧ་ཀའི་རི་ཁྲོད་ནས་
རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་འམ་མ་ར་ཡ་ཤྲྰི་སྨྱོན་པས་བྲིས་པ་ཤྲྰི་སརྦ་བི་ཛ་ཡནྟུ།།
དཔལ་དགྱེས་ཟེར་བ་དགེ་འདུན་སྡེ་འཁྲུག་སློང་གི་མ་འདུག