རྣམ་གྲོལ་གླིང་།བསོད་ནམས་ནོར་བུ།
ཕ་ས་ལྷ་ཡུལ་འདྲ་དེ་པགས་པ་བཤུས།།ཕ་རྒན་ཉི་མ་འདྲ་དེ་རྒྱང་ལ་བསྐྲད།།
ཕུ་ནུ་སྟག་གཟིག་འདྲ་དེ་དོང་ལ་བཙུད།།མ་འདུག་བོད་ཕྲུག་གཞོན་ནུ་ད་ལོངས་ཤིག།
རང་གི་རྩ་དོན་རང་གི་མི་རིགས་ཀྱིས།།མ་རྩོད་ཕན་ཆད་མི་རིགས་གཞན་ཞིག་ལ།།
རེ་ནས་སྐྱབས་པའི་ལོ་རྒྱུས་མ་མཆིས་ན།།ད་ཡང་མ་འོངས་སྐྱོབ་མཁན་ཨེ་ཡོང་སྙམ།།
གཞིས་མིས་ཁྲག་གི་ལོ་ཟླ་ལྔ་བཅུ་ཙམ།།ཕྱི་མིའི་ཁ་ལྕེ་འགུལ་ལ་ཉན་ནས་འདས།།
གྱེས་མིས་སྐྱབས་ཀྱི་ལོ་ངོ་བཅུ་ཕྲག་དྲུག ། ཏ་ལའི་བླ་མའི་ཞལ་ངོར་བལྟས་ནས་རྫོགས།།
མི་ཡི་དཀའ་རྙོག་ལྷ་ཡིས་མ་བཟོས་ཤིང་།།ལྷ་ཡི་བདེ་སྡུག་མི་ཡི་མི་མཐོང་ཕྱིར།།
མི་ཡི་རང་དབང་ཐོབ་ཐང་རྩོད་པ་ལ།།ལྷ་ལ་རེ་བས་མི་ལ་ཅི་ཙམ་ཕན།།
ཚུར་ལ་རང་དབང་འཕྲོག་མཁན་མི་ཡིན་ཕྱིར།།ཕར་ཡང་རང་དབང་ཅི་ཕྱིར་མིས་མི་རྩོད།།
གཞན་དུ་མིས་འཕྲོག་ལྷ་ཡིས་གནང་ཡོང་ན།།བོད་ལ་རང་དབང་སྔར་ནས་ཐོབ་མིན་ནམ།།
མི་བུ་རེ་རེའི་ངོ་བོ་སྐྱེས་ཙམ་ནས།།མི་ཡི་ཐོབ་ཐང་འདྲ་མཉམ་ཡོད་པ་ལས།།
གདོང་སྨེའི་བུ་ལ་དབང་ཆ་ཆེ་བ་དང་།།སྤྲེལ་སྲིན་བུ་ཡི་དབང་ཆ་ཆུང་རབས་མེད།།
དེས་ན་རང་གི་རང་དབང་ལ་གཅེས་ན།།མི་ལ་རེ་ཞིང་ལྷ་ལ་མཆོད་བྱས་ནས།།
གནམ་ལ་ཁ་མིག་ཅེར་ནས་མི་སྡོད་པར།།ཕར་ཤོར་ནོར་དེ་ཚུར་ལེན་བརྗེད་མི་ཉན།།
ཚུར་ལ་མཚོན་གྱི་སོ་ཁ་བསྐོར་ཆོག་ན།།ཕར་ལ་སྡུག་གི་སྨྲེ་སྔགས་ལོས་གྱེར་ཆོག །
གལ་ཏེ་ལྕེ་ཞིག་ཡོད་འདི་དབང་མེད་ན།།སྨྲ་བརྗོད་རང་དབང་འདི་ལ་དོན་གོ་ཆུང་།།
མི་རིགས་མི་བུ་ཚོགས་པས་གྲུབ་པའི་ཕྱིར།། མི་བུ་རེ་ལ་མི་རིགས་འགན་རེ་ཡོད།།
མི་ཡི་སྤྱི་ཚོགས་མི་ལ་མཁོ་བའི་ཕྱིར།།མི་བུ་རེ་རེར་སྤྱི་ཚོགས་སེམས་ཤུགས་དགོས།།
དོན་ཞིག་བརྩམ་ཚེ་མི་ལ་མི་རེ་བར།།དུས་རབས་གསར་པའི་འགྱུར་འགྲོས་ཉིད་ལ་ལྟོས།།
ལག་ཅིག་འགུལ་ཚེ་ལྷ་ལ་མི་བརྟེན་པར།།ལས་དོན་གང་ཡིན་རང་ཐག་རང་གིས་ཆོད།།
རང་དབང་མེད་ན་རང་གིས་རྩོད་པ་ལས།།མི་ལ་རེ་ནས་རང་ཉིད་ཉལ་བསྡད་ན།།
ཉིན་ཞིག་ནམ་མཁའི་དཀྱིལ་ནས་ཐོབ་བབ་དང་།།ས་ནས་མེ་ཏོག་སྐྱེས་ལྟར་ག་ལ་ཡོང་།།
ཕར་ལ་ཞི་བའི་ལས་འགུལ་ཅི་བརྩམས་ཀྱང་།།ཚུར་ལ་ད་དུང་དྲག་རྒོལ་རྐྱང་བྱེད་ན།།
ང་ཚོའང་ཆགས་སྡང་ཅན་གྱི་མི་ཡིན་ཕྱིར།།ཐ་མ་ཤ་དང་ཁྲག་ལན་ཁྲག་གིས་འཇལ།།
སེམས་ཤུགས་མ་ཆགས་སྤྲེལ་སྲིན་གཅེས་ཕྲུག་ཚོ།།རང་བྱུང་ཁོར་ཡུག་བདག་སྐྱོང་བྱེད་དུ་འགྲོ།།
སྙིང་སྟོབས་མ་ཞུམ་སྲོང་བཙན་བུ་རྒྱུད་རྣམས།།སུམ་ཉིས་ས་ལ་མངའ་དབང་བསྒྱུར་དུ་འགྲོ།།
རྩོམ་ཡིག་བྲིས་ནི་བཟང་གི་ མུ་མཐུད་དུ་ཕྲིས།
བྱེས་ཀྱི་འབུམ་ཚོའི་ནང་ན་གཅིག་གཉིས་ལས་འགྲོ་ཁོམ་དང་འདུག་ཁོམ་ཡོད་མེད་ལ་ཐེ་ཚོམ་རེད
འདས་མ་ད་གསུམ་གྱི་ལོ་ཟླ་ལ་ཡིད་ཆེས་དང་རེ་བ་ཞེ་འཁང་སོགས་ཀྱི་ཚོར་བ་དྲག་ཏུ་འཕྱོ་བའི་སྙན་རྩོམ་ལེགས་པོ་ཞིག་སྤེལ་འདུག་མོད། ཚད་མེད་པའི་འཆར་ཡན་ཧམ་སེམས་དེ་ལྟར་མི་གནང་བར་མཁྱེན།