སྐྱོ་བྲག་དགའ་དབང་།
ལོ་མང་དཔེ་ཆ་མཉམ་བལྟ་བྱས་པའི་ཆོས་མཆེད་ད་ལྟ་བོད་ན་བཞུགས་པའི་ལྷན་གླེང་མོལ་ཁང་བརྒྱུད་ནས་སྐད་ཆ་བྱུང་བ་ན། ཁོང་གིས། བོད་ལ་དགེ་བའི་བཤེས་གཉེན་རེ་ཟུང་ཡོད་པ་ཞི་དབྱིངས་སུ་གཟིམས་རྗེས་མི་ངན་ཁྲམ་པ་དག་བསྟན་པའི་གོ་ས་སྒོར་གྱིས་ཉོ་བའི་དུས་ངན་སྙིགས་མར་སྐྱོ་སོང་། ངས། སྤྱིར་བསྟན་པ་མར་འགྲིབ་ལ་ཐུག་པས། དགེ་བའི་བཤེས་གཉེན་མཚན་ཉིད་པ་ཞིག་འབྱོན་དཀའ་བ་ལས། མི་ངན་ཁྲམ་པ་དག་བསྟན་པའི་གོ་ས་སྒོར་གྱིས་ཉོ་བའི་དུས་ངན་ཕལ་ཆེར་རྫོགས་རན་པ་སྟེ། ཁོ་ཚོར་མི་མང་གིས་རྒྱ་བླ་ཞེས་མཐོང་སྣང་ཡག་པོ་མེད་པ་ལས་ཤེས་ཐུབ། ཁོང་གིས། ཡག་བཙོག་གཉིས་ཀ་ཡོལ་སོང་ན་ནམ་ཉི་མ་ཅི་འདྲ་ཞིག་ཡོང་རྒྱུ་རེད། ངས། སྤྱིར་མིའི་སེམས་གསོའི་བྱ་ཐབས་སུ་ཆོས་ལུགས་ཤིག་དགོས་ཀྱི་ཡོད་པ་ལས། དེང་སྐབས་བོད་དུ་རྒྱལ་བསྟན་རིན་པོ་ཆེ་མ་ནུབ་ཙམ་དུ་ཡོད་ནའང་། རིམ་པས་ཀླ་ཀློའི་ཡུལ་དུ་འགྱུར་ཉེན་ཆེ་བ་སྟེ། སྔར་སངས་རྒྱས་ཀྱི་བསྟན་པ་དར་བའི་གནས་མཆོག་ཏུ་བསྔགས་པ་ཨོ་རྒྱན་དང་། ཁ་ཆེའི་ཡུལ་སོགས་མང་པོ་ཞིག་ད་ལྟ་ཀླ་ཀློའི་ཆོས་ལུགས་ཀྱི་ཞིང་ལྟ་བུར་གྱུར་པ་ནི། སེམས་ཅན་གྱི་བསོད་ནམས་མར་འགྲིབ་ལ་ཐུག་པས་རྒྱལ་བསྟན་གྱི་ནུས་པ་ཡལ་ནས་མངོན་སུམ་གྱི་ཕན་ཐོགས་འབྱུང་བ་ཆེས་དཀའ་བས་ཡིད་ཆེས་བརླགས་ཤིང་། བསྟན་པ་ལ་སྡང་བའི་ནག་པོའི་ཕྱོགས་ཀྱིས་རྒྱུད་བརླམས་པས་མ་རབས་ཀྱི་སྤྱོད་པར་ངམ་ངམ་ཤུགས་ཀྱིས་དགའ་བས་ཡིན་པ་འདྲ། བོད་ཁམས་ཉམས་རྒུད་དུ་གྱུར་པའི་རྐྱེན་རྩ་ཡང་ནང་ཆོས་དང་ཆོས་བྱེད་ཡིན་པ་གཞོན་པོ་ཚོས་མཐོང་གིན་ཡོད་ལ། ད་ལྟ་ཕ་ཁྱིམ་དྲོད་མོ་མི་ལ་ཤོར་བའི་རྩོད་པར་རང་ཉིད་བློས་གཏོང་བྱེད་པ་ནམ་ཞིག་དགྲ་ལ་ཁ་ཕྱོགས་བསྐོར་བ་ལས་གཞན་པའི་ལམ་འགག་ཅིག་མེད། ལམ་འགག་དེའི་མཐུན་ཕྱོགས་ཀླ་ཀློའི་ཆོས་ལུགས་ལས་ལྷག་པ་མེད་ཅིང་། བོད་པའི་གཤིས་སྤྱོད་དང་ཡང་མཐུན་པོ་ཡོད་ཕྱིར།
ཐོག་མར་བེད་སྤྱོད་བྱས་པ་རྗེས་སུ་ལམ་སྲོལ་དུ་ཆགས་ཉེན་ཧ་ཅང་གི་ཆེ་བ་ཡིན། ཁོང་གིས། དཔེ་གོ་རྒྱུ་འདུག །ངས་ཉར་གྱི་ཡིན། ངས། ལགས་སོ། །
མ་འོངས་པའི་བོད་རིགས་ཚོ་ཆོས་པ་ཞིག བཟོ་ཡ་གལ་ཆེན་པོ་མ་རེད། འོནད་ཀྱང་། བོད་མི་ཡ་རབས་ཅིག་ཆགས་མ་ཐུབ་ན། བོད་པས་ཞབས་འདྲེན་ལུང་་གང་པཞུས་པ་རེད་དོ། །