༄༅།། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པ་འཆར་གཞི་ལྡན་པའི་སྒོ་ནས་རྩ་མེད་དུ་གཏོང་བའི་སྲིད་བྱུས་མངོན་སུམ་འཛེམས་མེད་ཀྱིས་འཛམ་གླིང་ཡོངས་ལ་མིག་མཐོང་ལག་ཟིན་དུ་སྤེལ་བཞིན་པ་དང། ལྷག་པར་དུ་བར་ལམ་ནས་སྒྲིག་འཛུགས་དང་ལྡན་པའི་སྒོ་ནས་གདུག་རྩུབ་ཅན་གྱི་ལས་འགུལ་དམིགས་བསལ་ཤུགས་ཆེན་པོས་སྤེལ་བཞིན་པ། བོད་ཀྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་ཞེས་པའི་སྲིད་བྱུས་ཀྱི་འོག་ནས་བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་སྲོལ་རྒྱུན་དང་ནང་ཆོས་ཀྱི་ཁྲིམས་ལུགས་བཅས་ལའང་སྒོ་སྣ་ཚོགས་ནས་བསྒྱུར་བཅོས་དང་ཚད་འཛིན་བྱས་ཏེ། ཆོས་མེད་དམར་པོའི་སྲིད་གཞུང་གིས་ཆོས་ལུགས་ཀྱི་རང་བཞིན་གསར་གཏོད་ལྟ་བུ་བྱེད་བཞིན་པ་ནི་བློ་འཚབ་བྱེད་དགོས་པའི་སྲིད་བྱུས་གདུག་རྩུབ་ཅན་ཞིག་ཡིན།
ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་སྐྱེ་བ་ཕྱི་མ་གང་དུ་འཁྲུངས་མིན་གྱི་ཐག་གཅོད་ཀྱང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གནང་རྒྱུའི་སྐུ་དབང་མེད་པར་ཆོས་མེད་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ཐག་གཅོད་བྱ་རྒྱུའི་ཁྲིམས་མཐུན་གྱི་ཐོབ་ཐང་ཡོང་ཐབས་སུ་བོད་ཀྱི་ཆོས་ལུགས་ཀྱི་ལོ་རྒྱུས་དང། ཆོས་ལུགས་ཀྱི་སྲོལ་རྒྱུན་བཅས་ལ་བཙན་ཤེད་ཀྱིས་བསྒྱུར་བཅོས་ངོ་ཚ་ཁྲེལ་མེད་ཀྱིས་བྱེད་བཞིན་པ་ནི་ཡོངས་སུ་གྲགས་པའི་གནས་ཚུལ་ཡ་ང་བ་ཞིག་ཡིན།
སྐབས་འདིར་ང་ཚོ་རང་དབང་ཅན་གྱི་ཡུལ་ལུང་ཁག་ཏུ་གནས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སློབ་རྣམས་ནས་བོད་བརྒྱུད་ནང་བསྟན་གྱི་བསླབ་བྱའི་དགོངས་དོན་དང། བོད་བརྒྱུུད་ནང་ཆོས་ཀྱི་སྲོལ་རྒྱུན། ཆོས་དད་ཀྱི་རང་དབང་དང་བཅས་པ་ནི། རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ནས་བཙན་བསྒྱུར་བྱེད་མི་ཆོག་པའི་སྐོར་འཛམ་གླིང་ཡོངས་ལ་བདེན་པ་ར་སྤྲོད་ཐུབ་ངེས་ཀྱི་རྩོམ་ཡིག་སྣ་ཚོགས་སྤེལ་དགོས་པ་ནི་ད་ལྟའི་ཆར་ཤིན་ཏུ་གལ་གནད་ཆེན་པོར་གྱུར་ཡོད་པ་མཐོང།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་སྐྱེ་འགྲོ་སྤྱི་དང། ཡང་སྒོས་ལས་སྨོན་གྱིས་འབྲེལ་བའི་བོད་ཁ་བ་གངས་ཅན་པའི་བསྟན་སྲིད་མི་རིགས་དང་བཅས་པའི་མགོན་སྐྱབས་དང་དཔུང་གཉེན་དམ་པར། དགུང་ལོ་བརྒྱ་དང་བཅུ་ཕྲག་དུ་མར་བཞུགས་རྒྱུའི་ཞལ་གསུང་བཀའ་ལུང་ལན་མང་ཕེབས་བཞིན་པ་ལྟར། དེ་ལུགས་སྐུ་ཚེ་རིང་པོར་བཞུགས་རྒྱུ་ཡིན་པ་ཡིད་གཉིས་ཐེ་ཚོམ་མ་མཆིས་ཀྱང། རང་ཅག་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་པར་དོན་དམ་པའི་བརྟན་བཞུགས་ཏེ་བཀའ་བཞིན་སྒྲུབ་པའི་མཆོད་སྤྲིན་སྤྲོ་བ་ལས། ཐུགས་མི་མཉེས་པ་འབྱུང་གཞིའི་སྒོ་གསུམ་གྱི་ལས་ངན་གཏན་ནས་མི་རྩོམ་པའི་དམ་བཅའ་འབུལ་བ་དང་ཆབས་ཅིག།མ་འོངས་པར་༸གོང་ས་༸རྒྱལ་བའི་དབང་པོའི་སྐུ་ཕྲེང་རྒྱུན་མཐུད་དུ་ཕེབས་དགོས་པའི་གསོལ་འདེབས་ལན་བརྒྱ་ཞུ་དགོས་པ་ནི། ཁ་ཚ་དགོས་གཏུགས་ཀྱི་ལས་འགུལ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་པར་སོང། འདིར་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་འདས་པའི་མི་ལོ་བཅུ་ཕྲག་དུ་མའི་གོང་ནས་སྤྱི་སྒེར་གྱི་ཚོགས་འདུ་སྔ་ཕྱི་མང་པོའི་ཐོག།༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གསུང་བཤད་སྔ་ཕྱི་ཁག་མང་པོ་གནང་ཡོད་པའི་ཁོངས་ནས་བོད་རྒྱ་ཆེ་མི་མང་གི་མཁྱེན་རྟོགས་ཆེད་གསུང་བཤད་འགའ་ཤས་ཟུར་འདོན་བྱ་དགོས་པ་ད་ལྟའི་ཆར་གལ་ཆེར་མཐོང་སྟེ། ཀིརྟིའི་དགེ་རྩ་ཚོགས་པ་ནས་ཕྱོགས་བསྒྲིགས་ཀྱིས་འགྲེམས་སྤེལ་ཞུས་པ་དང་ཆབས་ཅིག
ཕྱི་ལོ་ ༢༠༠༨ ལོར་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཆེན་དང་པོའི་ཐོག་གཞིས་བྱེས་གཉིས་ཀྱི་ཀིརྟི་ཚང་གི་སློབ་བརྒྱུད་ཡོངས་ཀྱི་ངོ་བོ་མཚོན་པའི་ཐོག་ནས་༸གོང་ས་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་རྒྱུན་མཐུད་དུ་ཕེབས་དགོས་པར་དམིགས་བསལ་གསོལ་འདེབས་གྲོས་ཆོད་སྙན་ཞུ་དང། ཕྱི་ལོ་ ༢༠༢༣ ལོར་ཀིརྟིའི་དགེ་རྩ་ཚོགས་པའི་སྐབས་བཞི་པའི་འགན་འཛིན་གྲོས་ཚོགས་ཐོག་ཀིརྟི་ཚང་གི་སློབ་བརྒྱུད་གཞིས་བྱེས་གཉིས་ཀྱི་ལྷ་སྡེ་མི་སྡེ་ཡོངས་ཀྱི་ངོ་བོ་མཚོན་པའི་ཐོག་ནས་སླར་ཡང་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དུ་ཕེབས་དགོས་པའི་མཚན་འཁོད་སྙན་ཞུའི་གསོལ་འདེབས་ཀྱི་ངོ་བཤུས་དང་དེའི་བཀའ་ལན་བཅས་ཀྱང་འདིར་ཟུར་སྦྱར་ཞུས་ཡོད་པ་གཤམ་གསལ།
དང་པོ། བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོོ་ཆེ་མཆོག་གི་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གསུང་བཤད་ཁག་འགའ་ཤས་ཟུར་འདོན་ཞུས་པ།
༡༽ ཕྱི་ལོ་ ༡༩༩༦ ལོའི་ཟླ་ ༥ ཚེས་ ༩ ཉིན། ༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་དུ་ཐེངས་དང་པོ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་ཀྱི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ལས།
“ངས་ཨ་མདོ་སྤྱི་པའི་ཚབ་བྱས་ཏེ་གསོལ་འདེབས་ྋསྙན་སེང་ཞུ་རྒྱུར། བོད་རང་བཙན་ཐོབ་སྐབས་མདོ་སྨད་ཀྱི་ས་ཕྱོགས་གང་སར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ཆིབས་བསྒྱུར་གནང་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཉམ་ཆུང་བདག་ཅག་རྣམས་ཐུགས་བརྩེ་བས་རྗེས་སུ་འཛིན་པ། སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ། ལྷག་པར་ད་རེས་བཞིན་སྐུ་ཡི་ཕྲེང་བ་རྗེས་མ་རྣམས་སུ་མདོ་སྨད་ཀྱི་ཕྱོགས་འདིར་སྐུའི་སྐྱེ་བ་བཞེས་ནས་མདོ་སྨད་པ་སྐྱབས་མེད་མགོན་མེད་འདི་རྣམས་རྗེས་སུ་འཛིན་པའི་སྐྱབས་འཇུག་བརྩེ་བས་གཟིགས་པར་མཁྱཻན་ མཁྱཻན། ཅེས་གསོལ་བ་འདེབས་པ་ལགས།” (གསུང་བཤད་བསླབ་བཏུས་དེབ་ཕྲེང་དང་པོའི་ཤོག་གྲངས་ ༡༧ ན་གསལ།)
༢༽ ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༧ ཚེས་ ༡ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ཚོགས་ཆེན་ཐེངས་སོ་དགུ་པའི་ཐོག་གནང་བའི་གསུང་བཤད་ལས།
“ཞུ་རྒྱུ་གཞན་ཞིག་ནི། ྋགོང་ས་ྋསྐྱབས་མགོན་ཆེན་པོས་བོད་མི་ཚོ་ལ་ལོ་མང་པོའི་གོང་དུ་དྲི་བ་ཞིག་གནང་ཡོད། ྋརྒྱལ་བ་རིན་པོ་ཆེའི་སྐུ་ཕྲེང་རྗེས་མ་ཕེབས་དགོས་དང་མི་དགོས་བོད་མི་མང་ལ་དགོས་མཁོ་ཡོད་མེད་ལ་རག་ལུས་ཀྱི་རེད་ཅེས་བཀའ་གནང་བ་རེད། ངའི་བསམ་ཚོད་ལྟར་ན་ད་ལྟའི་བར་དུ་བོད་མི་ཚོར་དོ་སྣང་མེད་པ་མིན་ཡང་བོད་མི་མང་གིས་དེ་ལ་ཁ་གསལ་པོའི་ཐོག་ནས་ལན་གསལ་པོ་ཞིག་ཞུ་མཁན་བྱུང་མེད། བོད་མི་མང་གིས་དེ་ལ་ལན་གསལ་པོ་ཞིག་ཞུས་མ་ཞུས་ཙམ་གྱིས་ྋརྒྱལ་བ་རིན་པོ་ཆེས་བོད་མི་མང་ཐུགས་ཀྱིས་འདོར་སྲིད་ཀྱི་མ་རེད་དེ་ཡིན་ནའང་རྟེན་འབྲེལ་གྱི་ཐོག་ནས་ལན་ཞིག་ངེས་པར་དུ་འབུལ་དགོས་ཀྱི་རེད་བསམ། ང་འགྲོ་སའི་ཚོགས་འདུ་འགའ་ཞིག་གི་ཐོག་ལ་ངས་ཞུས་མྱོང༌། དེ་རིང་འདིར་གཞོན་ནུའི་ཚོགས་ཐོག་ལ་ཡང་ཞུ་འདོད་བྱུང༌། བོད་མི་མ་ཟད་བར་དུ་ྋརྒྱལ་བ་སྐུ་ཕྲེང་རིམ་པར་འབྱོན་དགོས་པ་དེ་གལ་ཆེན་པོ་རེད། ལྷག་པར་དུ་བོད་མི་རིགས་བསྟན་སྲིད་དང་བཅས་པ་ཆགས་འཇིག་གི་མཚམས་སུ་སླེབས་པའི་སྐབས་འདིར་རྒྱལ་བ་སྐུ་ཕྲེང་རིམ་བྱོན་མི་ཕེབས་མི་རུང་བ་ཞིག་རེད། བོད་མི་སྤྱི་ཡོངས་ནས་གུས་བཀུར་ཞུ་སའི་མགོ་འཛིན་འདི་འདྲ་ཞིག་མེད་ན་དཀའ་ངལ་ཡོང་རྒྱུ་རེད། བོད་མི་ཡོངས་རྫོགས་ཀྱིས་ཡིད་ཆེས་ས་དང་བློ་འཁེལ་ས་ཞིག་ངེས་པར་དགོས་ཀྱི་རེད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་འདེབས་ྋསྙན་གསན་ཡང་ནས་ཡང་དུ་ཞུ་དགོས་ཀྱི་རེད། འདི་རྣམ་པ་ཚོར་དྲན་གསོའི་ཆེད་དགོངས་པའི་དཔྱད་གཞིར་ཞུས་པ་ཡིན།” (གསུང་བཤད་བསླབ་བཏུས་དེབ་ཕྲེང་གསུམ་པའི་ཤོག་གྲངས་ ༢༥༩ ན་གསལ།)
༣༽ ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༡༡ ཚེས་ ༡༠ ཉིན། མདོ་སྨད་དམིགས་བསལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ལས།
“ངས་སྔ་མོ་ནས་བཟུང་ག་ས་གང་དུ་ལན་མང་པོ་བཤད་པ་ཡིན། རྒྱ་ནག་གཞུང་གིས་ྋརྒྱལ་བ་རིན་པོ་ཆེ་ལ་མཚན་དམས་མང་པོ་ཞིག་ཞུ་གི་འདུག ྋརྒྱལ་བ་རིན་པོ་ཆེར་མཚན་དམས་མང་པོ་ཞུས་པ་དེར་ང་ཚོས་ཁ་གཏད་བཅག་ནས་གདོང་ལེན་བྱ་དགོས་ཀྱི་འདུག སྐད་འབོད་བྱས་པས་དེ་ཙམ་གྱི་ཕན་ཐོགས་མེད། མི་སྒེར་པ་ཞིག་ལ་དོན་མེད་ཀྱིས་མཚན་དམས་བྱས་པ་ཡིན་ན་ཁྲིམས་ཁང་ལ་གཏུགས་གཤེར་བྱེད་པའི་ལམ་སྲོལ་ཡོད། རྒྱ་གཞུང་གིས་ྋརྒྱལ་བ་རིན་པོ་ཆེར་མཚན་དམས་ཚད་ལས་བརྒལ་བ་ཞུས་པ་འདི་ཕྱོགས་རིས་མེད་པའི་རྒྱལ་སྤྱིའི་ཁྲིམས་ཁང་ཞིག་ཏུ་ཁྲིམས་གཏུགས་བྱས་ནས་གསལ་པོ་བཟོ་རྒྱུ་ཡོད་པ་རེད་བསམ། རྒྱ་གཞུང་གིས་ཁས་མ་བླངས་ནའང་བདེན་པ་རྩ་བ་ནས་མེད་པའི་གནས་སྟངས་ཤིག་ཏུ་ཕྱི་ནང་ཀུན་ལ་གསལ་པོ་བཟོ་ཐུབ་ངེས་རེད། འདིའི་ཐོག་ལའང་བསམ་བློ་གཏོང་དགོས་པའི་གནད་དོན་གཅིག་མེད་དམ་སྙམ།
བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་སྐོར་ལ་རྒྱ་གཞུང་གིས་ལག་པ་བརྐྱང་གི་ཡོད། ང་ཚོས་མ་ཤེས་མདོག་མདོག་བྱས་ཏེ་བསྡད་ཐབས་མེད་པ་ཞིག་རེད། ཡང་སྲིད་ཀྱི་ལམ་སྲོལ་འདི་ལ་ང་ཚོས་བསམ་བློ་ཏན་ཏན་གཏོང་དགོས་པ་ཞིག་རེད། རྒྱ་གཞུང་གིས་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་ཐོག་ལག་པ་བརྐྱང་དགོས་པའི་དམིགས་ཡུལ་ཅི་ཡིན་ང་ཚོས་གསལ་པོ་ཤེས་བཞིན་པ་འདི་རེད། ང་ཚོས་ྋརྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཀྱི་སྐོར་ལ་ཡང་བསམ་བློ་ངེས་པར་དུ་གཏོང་དགོས། རྗེས་མ་དཀའ་ངལ་མི་འབྱུང་བའི་ཐབས་ཤེས་ཤིག་བྱེད་རྒྱུ་ཡོད་ངེས་རེད། ྋརྒྱལ་བ་རིན་པོ་ཆེ་བོད་པ་རྐྱང་པའི་བླ་མ་མ་རེད། འཛམ་བུ་གླིང་སྤྱི་ཡོངས་ཀྱི་བླ་མ་ཡིན་དུས་ྋརྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕྱི་མའི་ཐད་དམིགས་བསལ་འགན་འཁྱེར་མཁན་བོད་མི་རང་ཉིད་ཀྱིས་གཙོ་བོའི་འགན་བླངས་པའི་ཐོག་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་པ་ནུས་པ་ཅན་ཞིག་བཟོ་དགོས་ཀྱི་རེད་བསམ།
ངས་སྐད་ཆ་འདི་ཡང་གང་ས་གང་དུ་ལན་མང་པོ་བཤད་པ་ཡིན། ྋརྒྱལ་བ་རིན་པོ་ཆེས་ང་ཚོ་བོད་མི་མང་ལ་དྲི་བ་ལྟ་བུ་ཞིག་གནང་ཡོད། ྋརྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་པ་ཕེབས་དགོས་དང་མི་དགོས་ནི་མི་མང་གི་དགོས་མཁོ་ལ་རག་ལས་ཀྱི་ཡོད་གསུངས་ནས་བཀའ་གནང་ཡོད། བོད་མི་མང་གི་ངོས་ནས་ྋརྒྱལ་བ་རིན་པོ་ཆེ་ཡང་སྲིད་ཕེབས་དགོས་ཀྱི་འདུག་ཟེར་ནས་ཞུ་དགོས་པ་ནི། ཆོས་དང་སྲིད། རྟགས་དང་རྟེན་འབྲེལ་གང་གི་ཐད་ནས་བཤད་ཀྱང་ཤིན་ཏུ་གལ་ཆེན་པོ་རེད། བོད་མི་མང་ཚོགས་དང་སྤྱི་བའི་ཐོག་ནས་ད་ལྟའི་བར་འདིའི་ཐོག་དམིགས་བསལ་ནན་པོ་བྱས་ཏེ་ཞུ་མཁན་བྱུང་བའི་སྐད་ཆ་གོ་མ་བྱུང༌། གཞུང་མང་གཉིས་ཀས་སྣང་མེད་ལྟ་བུར་མ་སོང་བའི་ཐོག་ནས་ཇི་སྲིད་འཁོར་བ་མ་སྟོང་བར་དུ་བོད་གངས་ཅན་པའི་མགོན་སྐྱབས་སུ་ཡང་སྲིད་ངེས་པར་ཕེབས་དགོས་པ་ནི་བོད་མི་མང་གི་དགོས་མཁོ་ཡིན་ཅེས་གསོལ་འདེབས་ནན་པོ་བྱས་ཏེ་ཞུ་དགོས་པ་འདི་གལ་ཆེན་པོ་རེད།” (གསུང་བཤད་བསླབ་བཏུས་དེབ་ཕྲེང་བཞི་པའིི་ཤོག་གྲངས་ ༤༡ ན་གསལ།)
༤༽ ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༣ ཚེས་ ༢༢ ཉིན། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སོགས་ཀྱི་ཐད་བཅར་འདྲི་ཞུས་པའི་བཀའ་ལན་ལས།
“བླ་མ་དང་སྤྲུལ་སྐུ་ཇེ་མང་དུ་ཕྱིན་པ་དང་རིམ་པས་སྤྲུལ་སྐུའི་ལམ་ལུགས་ཀྱི་ནང་དུ་ཆབ་སྲིད་ཀྱི་གནས་སྟངས་འདྲེས་ཡོང་གི་ཡོད་པ་རེད༌། འཛིན་སྐྱོང་བྱེད་སྟངས་ཀྱི་གནས་སྟངས་ལ་འགྱུར་བ་འགྲོ་གི་ཡོད་པ་རེད། ལམ་ལུགས་དང་སྤྱོད་པ་འཁྱེར་སྟངས་ཀྱི་ཐད་ལ་འགྱུར་བ་འགྲོ་གི་ཡོད་པ་རེད། ལམ་ལུགས་མང་པོ་ཞིག་ལ་འགྱུར་བ་ཕྱིན་པ་ཡིན་དུས་ལམ་ལུགས་འདི་ལ་འགྱུར་བ་གཏོང་དགོས་པ་ཞིག་རང་བཞིན་གྱིས་ཆགས་ཀྱི་ཡོད། སྤྲུལ་སྐུའི་ལམ་ལུགས་དགོས་མིན་གྱི་གནད་དོན་ཡང་གཙོ་བོ་མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་པའི་ཐོག་ནས་ཐག་གཅོད་དགོས་པར་ཆགས་ཀྱི་ཡོད། མང་ཚོགས་ལ་སྤྲུལ་སྐུའི་ལམ་ལུགས་ཅི་ཙམ་དགོས་མཁོ་ཡོད་པའི་ཚོད་ཀྱིས་སྤྲུལ་སྐུའི་ལམ་ལུགས་དེ་རང་བཞིན་གྱིས་གནས་རྒྱུ་ཡིན་པ་དང༌། མང་ཚོགས་ལ་ལམ་ལུགས་འདི་དགོས་མཁོ་མེད་པར་གྱུར་པ་དང་ལམ་ལུགས་འདི་ཡང་རང་བཞིན་གྱིས་མཇུག་བསྡུས་འགྲོ་བ་ཆོས་ཉིད་ལྟ་བུ་ཡིན། དཔེར་ན། ྋརྒྱལ་བ་རིན་པོ་ཆེས་ཁོང་གི་སྐུ་ཕྲེང་རྗེས་མ་མི་མང་ལ་དགོས་ཀྱི་ཡོད་ན་སྤྲུལ་སྐུ་རྗེས་མ་ཞིག་ཕེབས་རྒྱུ་ཡིན་པ་དང༌། མི་མང་ལ་སྐུ་ཕྲེང་རྗེས་མ་དགོས་མཁོ་མེད་པར་གྱུར་པ་ཡིན་ན་རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་པ་ཕེབས་ཀྱི་མ་རེད་ཅེས་གསུང་གི་ཡོད་པ་ལྟ་བུ་ཡིན།” (གསུང་བཤད་བསླབ་བཏུས་དེབ་ཕྲེང་བརྒྱད་པའིི་ཤོག་གྲངས་ ༢༧༨ ན་གསལ།)
༥༽ ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༦ ཚེས་ ༣༠ ཉིན། བོད་ལྗོངས་མདོ་སྨད་ཆོལ་ཁའི་སྐབས་བཅུ་དྲུག་པའི་ཚོགས་འདུ་ཆེན་མོའི་ཐོག་གནང་བའི་གསུང་བཤད་ལས།
“ང་ཚོ་མདོ་སྨད་པ་ལ་མཚོན་ན་ྋརྒྱལ་བ་རིན་པོ་ཆེ་འཁྲུངས་ས་དང་འཁྲུངས་ཡུལ་རེད། ང་ཚོའི་ཕ་ཡུལ་གྱི་སྐད་ཆ་བཤད་སྟངས་ལྟར་བྱས་ན། སྐུ་ཤ་དམར་དམར་གྱི་བདག་པོ། སྐུ་རུས་དཀར་དཀར་གྱི་བདག་པོ། ཞེས་པའི་བཤད་སྲོལ་ཞིག་ཡོད་པ་ལྟར་ྋརྒྱལ་བ་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པའི་སྐུ་རྩ་གདུང་བདག་ང་ཚོ་མདོ་སྨད་པ་རེད། ྋརྒྱལ་བ་རིན་པོ་ཆེ་ཁོང་གིས་ཀྱང་རྒྱུན་དུ་ང་ཨ་མདོ་པ་ས་སྐྱེས་རྡོ་སྐྱེས་ཡིན་ཞེས་ལན་མང་པོར་གསུང་མྱོང་བ་ཡིན་དུས་ང་ཚོ་མདོ་སྨད་པའི་ངོས་ནས། ྋརྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་ཐོག་ཁྱབ་བསྒྲགས་ཤིག་བྱེད་ཐུབ་ན་ཡག་པོ་ཡོད་པ་རེད་བསམས། ད་ཆ་ྋརྒྱལ་བ་རིན་པོ་ཆེ་དགུང་ན་མཐོ་པོར་ཕེབས་ཡོད་སྟབས་མདོ་སྨད་པ་ཚོའི་ངོས་ནས་ྋརྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕྱི་མ་ངེས་པར་ཕེབས་དགོས་པའི་སྐྱབས་འཇུག་གསོལ་འདེབས་ཞུ་དགོས་པ་དང་ཆབས་ཅིག རྒྱ་མིའི་ཕྱོགས་ནས་ཡང་སྲིད་ཀྱི་སྐོར་ཐེ་བྱུས་མཚམས་འཇོག་དགོས་པའི་བསྒྲགས་གཏམ་དང་གསལ་བཤད་གནང་ཐུབ་ན་ཡག་པོ་ཡོད་པ་རེད་བསམས།” (གསུང་བཤད་བསླབ་བཏུས་དེབ་ཕྲེང་དགུ་པའིི་ཤོག་གྲངས་ ༤༡ ན་གསལ།)
༦༽ ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༢ ཚེས་ ༢༡ ཉིན། རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་རྗེའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་ཐོག་བགྲོ་གླེང་ཆེན་མོའི་མཇུག་སྡོམ་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ལས།
“༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་དགུང་ལོ་ག་ཚད་ལ་ཕེབས་འདུག།མིའི་རྣམ་པར་བྱོན་ཡོད་དུས་ཤ་ཁྲག་གདོས་བཅས་རེད། སྐུ་ཚེའི་ཚད་ཀྱང་ངེས་ཅན་ཞིག་མ་གཏོགས་ཡོང་མི་ཐུབ་པ་དངོས་ཡོད་གནས་ཚུལ་ཡིན། གལ་སྲིད་སྐུ་མདུན་སྐུ་མ་བཞུགས་པ་བྱུང་བའི་སྐབས་ལ་རྣམ་པ་ཚོས་ག་རེ་གནང་རྒྱུ་ཡིན་ནམ། ག་རེ་གནང་ཐུབ་ས་རེད། འཆར་གཞི་ཞིག་ད་ལྟ་ནས་གོ་སྒྲིག་གནང་དགོས་པ་རེད་བསམས།” (གསུང་བཤད་བསླབ་བཏུས་དེབ་ཕྲེང་བཅུ་པའིི་ཤོག་གྲངས་ ༢༧༩ ན་གསལ།)
༧༽ ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༧ ཉིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག་མ་འོངས་པའི་བསྟན་འཛིན་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ལས།
“དེ་རིང་གི་བགྲོ་གླེང་ཚོགས་འདུ་འདི་དང་མ་འབྲེལ་བའི་གནས་ཚུལ་གཞན་ཞིག་༸སྙན་སེང་ཞུ་དགོས་མིན་ཐད་ཉིན་མང་པོར་བསམ་བློ་བཏང་བའི་མཐའ་མར་༸སྙན་སེང་ཞུ་རྒྱུར་ངས་ཐག་གཅོད་བྱས་པ་ཡིན། ཉེ་ཆར་ལྔ་དང་ལྔ་བཅུའི་ཚོགས་འདུ་དང་ཆོས་ཚོགས་ཀྱི་ཚོགས་འདུ་གཉིས་རིམ་བཞིན་འཚོགས་པ་རེད། ཚོགས་འདུ་སྔ་ཕྱི་གཉིས་ཀའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་སྐོར་མི་མང་པོ་ཞིག་ལ་ལྷག་བསམ་རྣམ་དག་གིས་བསམ་ཚུལ་ཞུས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡང་སྲིད་ཕེབས་དགོས་པའི་སྐོར་གསོལ་འདེབས་ཞུ་དགོས་པ་དེ་ང་ཚོ་ཡོངས་རྫོགས་ཀྱི་འགན་འཁྲི་ཡིན་པ་བཞིན་ཁ་ཞེ་གཉིས་མེད་ཀྱིས་གསོལ་འདེབས་རྩེ་གཅིག་ཏུ་ཞུ་བཞིན་ཡོད༌ནའང། སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་དགོས་པ་ནི་སྔོན་གྱི་དམ་བཅའ་དང་ཐུགས་བསྐྱེད་ལ་དུས་ནམ་ཡང་གཡོ་བ་གཏན་ནས་ཡོང་མི་སྲིད་པ་ཞིག་རེད།” (གསུང་བཤད་བསླབ་བཏུས་དེབ་ཕྲེང་བཅུ་གཅིག་པའིི་ཤོག་གྲངས་ ༡༤༠ ན་གསལ།)
ཟུར་ཞུ། གོང་གསལ་རྣམས་༸ཁོང་རིན་པོ་ཆེའི་གསུང་བཤད་ཡིག་ཐོག་ཏུ་འཁོད་པའི་གྲས་ཀྱི་དཔེ་མཚོན་ཙམ་ཡིན་ལ། འདིའི་སྐོར་གྱི་གསུང་བཤད་ཡིག་ཐོག་ཏུ་མ་འཁོད་པ་འགའ་ཤས་ཡོད་ལ། ཡིག་ཐོག་ཏུ་འཁོད་པའི་གསུང་བཤད་འདིར་འགོད་རྒྱུ་ལྷག་པ་དག་ཀྱང་ཡོད་སྲིད།
གཉིས་པ། ཕྱི་ལོ་ ༢༠༠༨ ལོར་བོད་གཞིས་བྱེས་གཉིས་ཀྱི་ཀིརྟི་ཚང་གི་སློབ་བརྒྱུད་ཡོངས་ཀྱི་ངོ་བོ་མཚོན་པ་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་ཆེན་དང་པོའི་ཐོག་ནས་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་ལ་ཕུལ་བའི་དམིགས་བསལ་གསོལ་འདེབས་གྲོས་ཆོད་སྙན་ཞུ་ལས་ཞུ་དོན་གསུམ་པ།
“འཕགས་མཆོག་ཕྱག་ན་པདྨོའིི་ཐུུགས་བསྐྱེད་དང་དམ་བཅའ་བཞིན་བོད་དུ་ཐོག་མར་མིའི་འགྲོ་བ་སྤེེལ་བ་ནས་བཟུང་རྒྱལ་བློན་བྱང་ཆུབ་སེེམས་དཔའ་སོགས་སྤྲུལ་པའི་ཟློས་གར་སྣ་ཚོགས་པར་སྐུའི་སྐྱེ་བ་བཞེས་ནས་རྗེས་སུ་བཟུང་བར་མཛད། ལྷག་པར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ལྔ་པ་ཆེན་པོོས་གཞུང་ས་དགའ་ལྡན་ཕོ་བྲང་གསར་འཛུགས་ཀྱིས་བོད་གངས་ཅན་པའི་ཆོས་སྲིད་ལུུགས་གཉིས་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་དུས་ད་ལྟའི་བར་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཕྱག་མཚན་དུ་བདག་གིར་བཞེས་པའི་ཐུགས་རྗེ་བཀའ་དྲིན་ཁོ་ནས་བོད་ཀྱིི་ཆོས་དང་རིག་གཞུང། མིི་རིགས་དང་བཅས་པ་འཛམ་གླིང་འདིའི་ཡང་ཐོག་ཏུ་འབུར་ཐོན་གནས་ཐུབ་པ་བྱུང་ཡོད།
དེས་ན་མ་འོངས་པར་བོད་མི་རིགས་འདི་ཇི་སྲིད་གནས་ཀྱི་བར་དེ་སྲིད་དུ་བོད་མིའི་ལས་དབང་དང་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཞིན་འཕགས་མཆོག་ཕྱག་ན་པདྨོའི་སྒྱུ་འཕྲུལ་༸གོང་ས་༸རྒྱལ་བའི་དབང་པོའི་སྐུ་ཡི་ཕྲེང་བ་རིམ་པར་འབྱོན་དགོས་པ་ཙམ་དུ་མ་ཟད། སྡོམ་བརྩོན་ངུར་སྨྲིག་གར་གྱི་རྣམ་པར་རོལ་པའི་མཛད་པས་བོད་མིའི་ཆོས་སྲིད་ལུགས་གཉིས་ཀྱི་ཁ་ལོ་སྒྱུར་བ་པོ་མཛད་དེ་གངས་རིའི་ལྗོངས་འདི་ཕྱག་མཚན་དུ་བཞེས་དགོས་པ་ནི་བོད་མིའི་དགོས་མཁོ་དང་བོད་མིའི་བདེ་དོན་ཙམ་མིན།
འཛམ་གླིང་སྤྱིའི་ཞི་བདེ་དང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛམ་གླིང་སྤྱི་ལ་དར་རྒྱས་ཡུན་གནས་ཡོང་མིན་ཀྱང་༸རྒྱལ་དབང་སྐུ་ཕྲེང་རིམ་པར་འབྱོན་རྒྱུ་རྣམས་ཀྱི་མཛད་འཕྲིན་ཁོ་ན་ལ་རག་ལས་པས། དུས་རབས་ཉེར་གཅིག་པའི་ནང་༸རྒྱལ་དབང་སྐུ་ཕྲེང་ནི་འཛམ་གླིང་སྤྱི་ལ་དབང་བའི་མི་སྣའི་ངོ་བོར་གྱུར་ཟིན་པས་སྐུ་བདག་ཀྱང་བོད་གཞུང་སྒེར་ཙམ་མིན་པར་འཛམ་གླིང་རྒྱལ་སྤྱིའི་རང་བཞིན་དང་རྒྱལ་སྤྱིའི་ནུས་ཤུགས་ལྡན་པའི་ཁྲིམས་མཐུན་གྱི་ཚོགས་པ་ནུས་ལྡན་ཞིག་གིས་འཛིན་སྐྱོང་གནང་དགོས།
གཟིགས་པ་ལྔ་ལ་གཟིགས་སའི་ཡུལ་ཡང་མི་རིགས་དང་རྒྱལ་མཚམས་ཀྱི་དབྱེ་བ་མེད་པས་ཆེས་ཡངས་ཤིང་རྒྱ་ཆེ། དེས་ན་གསེར་བུམ་དཀྲུགས་འདོན་མི་དགོས་པའིི་སྔ་སྲོལ་བཞིན་༸རྒྱལ་དབང་སྐུ་ཕྲེང་ན་རིམ་དུ་འབྱོན་དགོས་པའི་ཐུགས་བསྐྱེད་དང་དམ་བཅའ་ལ་དུས་ནམ་ཡང་འགྱུར་བ་མེད་པའི་ཞལ་བཞེས་བཟང་པོ་སྤྱི་པོའི་མཛེས་རྒྱན་དུ་སྩོལ་བ་མཁྱེན་ཅེས་སློབ་བརྒྱུད་ཡོངས་རྫོགས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་དང།” (ཀིརྟིའི་དགེ་རྩ་ཚོགས་པའི་གྲོས་ཚོགས་ཀྱི་ཡིག་ཆ་ཨང་དང་པོའི་ཤོག་གྲངས་ ༡༢༨ ན་གསལ།)
གསུམ་པ། ཕྱི་ལོ་ ༢༠༢༣ ལོར་ཀིརྟིའི་དགེ་རྩ་ཚོགས་པའི་སྐབས་བཞི་པའི་འགན་འཛིན་གྲོས་ཚོགས་ཐོག་ཀིརྟི་ཚང་གི་སློབ་བརྒྱུད་གཞིས་བྱེས་གཉིས་ཀྱི་ལྷ་སྡེ་མི་སྡེ་ཡོངས་ཀྱི་ངོ་བོ་མཚོན་པའི་ཐོག་ནས་སླར་ཡང་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དུ་ཕེབས་དགོས་པའི་མཚན་འཁོད་སྙན་ཞུའི་གསོལ་འདེབས།
༄༅།། དུས་གསུམ་༸རྒྱལ་བ་ཐམས་ཅད་ཀྱི་བརྩེ་ཆེན་སྙིང་རྗེའི་རང་གཟུགས་༸འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྡོམ་བརྩོན་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ། འཛམ་གླིང་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་༸ཞབས་པད་གསེར་ཁྲི་མངོན་མཐོའི་དྲུང་དུ།
སྒོ་གསུམ་རབ་གུས་ཀིརྟིའི་དགེ་རྩ་ཚོགས་པའི་སྐབས་བཞི་པའི་འགན་འཛིན་གྲོས་ཚོགས་ནས་སྤྱི་མོས་གྲོས་ཆོད་བྱུང་དོན་ལྟར་གཞིས་བྱེས་གཉིས་འཁོད་ཀིརྟི་ཚང་གི་སློབ་བརྒྱུད་སེར་སྐྱ་ཡོངས་ཀྱི་ངོ་བོ་མཚོན་པའི་སྒོ་ནས་མི་ཕྱེད་དད་པའི་སོར་མོ་སྙིང་གར་ཟུམ་སྟེ་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྙིང་པོ་ནི།
༡༽ “ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །” ཅེས་དང་། “སྤྱིར་སེམས་ཅན་རྣམས་ཀྱི་མགོན་པོ་ཡིན། །སྒོས་གངས་རིའི་ཁྲོད་དུ་རྒྱལ་སྲིད་སྐྱོང་། །”ཞེས་གསུངས་པ་ལྟར། སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་ཐུགས་བསྐྱེད་དང་སྨོན་ལམ་ཁྱད་པར་ཅན་ཇི་ལྟར་མཛད་པ་བཞིན་དུས་སུ་སྨིན་ཏེ། ཐོག་མར་སྤྲེའུ་བྱང་ཆུབ་སེམས་དཔས་བོད་ཀྱི་ཡུལ་དུ་མིའི་འགྲོ་བ་སྤེལ་བ་ནས་བཟུང་བོད་ཁ་བ་གངས་ཅན་པ་འདི་ཉིད་ཕྱག་མཚན་དུ་བདག་གིར་བཞེས་ཏེ། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་མཚོན་རྒྱལ་བློན་པཎ་གྲུབ་དུ་མ་དང་། ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་གྲུབ་པ་ནས་བཟུང་༸རྒྱལ་མཆོག་སྐུ་ཕྲེང་ན་རིམ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐུའི་འཁྲུངས་རབས་རིམ་པར་བྱོན་པ་རྣམས་ཀྱིས་ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ནས་བོད་འབངས་རྣམས་མ་ཡིས་བུ་བཞིན་དུ་བརྩེ་བས་བསྐྱངས་པར་མཛད།
ལྷག་པར་དུ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོང་བའི་སྙིང་གཅིག་པུར་གྱུར་པ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་གང་ཉིད། རྒྱ་དམར་ཀླ་ཀློའི་དཔུང་གི་དྲག་གནོན་གྱི་འཇིགས་པ་མི་བཟད་པས་བོད་དང་བོད་མི་ཆགས་འཇིག་གི་མཚམས་སུ་གྱར་བའི་ཆེས་གཉན་འཕྲང་ཆེ་བའི་དུས་ངན་སྙིགས་མའི་མཐའ་འདིར་བསམ་བཞིན་དུ་སྐུ་ཡི་སྐྱེ་བ་བཞེས་ཏེ། མི་ལོ་ཧྲིལ་པོ་དྲུག་ཅུ་ལྷག་གི་རིང་སྐུ་ངལ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད་ནས་བོད་རྒྱལ་ཁབ་ཆེན་པོའི་བསྟན་སྲིད་ཀྱི་ཐུགས་འགན་དངོས་སུ་བཞེས་པ་དང་འབྲེལ། བོད་མིའི་བདེན་པའི་འཐབ་རྩོད་ནི་འཚེ་བ་སྤངས་པའི་ཞི་བའི་ལམ་ནས་གནང་བའི་དབུ་ཁྲིད་དང་། རྒྱ་བོད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་གསར་གཏོད། བོད་མིའི་ཆབ་སྲིད་ཀྱི་ལམ་ལུགས་མང་གཙོའི་ངོ་བོར་བསྒྱུར་གནང་གིས་བོད་མི་མང་ལ་མང་གཙོའི་ཁེ་དབང་བླ་ན་མེད་པ་གསོལ་སྩལ། བོད་ཀྱི་སངས་རྒྱས་པའི་ཆོས་ལུགས་ནི་བླ་མའི་ཆོས་ལུགས་མིན་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡང་དག་པ་ཡིན་པའི་དོན་དངོས་འཛམ་གླིང་ཐོག་གསལ་སྟོན་གྱིས་བོད་བརྒྱུད་ནང་བསྟན་སྤྱིའི་མཚན་ལ་དགུང་དུ་བཏེགས་པ། ནང་པ་སངས་རྒྱས་པའི་རྗེས་འབྲང་སྤྱི་དང་ལྷག་པར་གྲྭ་བཙུན་ཐམས་ཅད་ཀྱིས་མདོ་སྔགས་ཀྱི་གཞུང་ཆེན་མོར་སྦྱང་དགོས་པའི་ལམ་བཟང་གསར་གཏོད། བུད་མེད་ཀྱི་ཐོབ་ཐང་གོང་མཐོར་བཏང་བ་དང་ཆབས་ཅིག་དགེ་བཤེས་མའི་ལམ་སྲོལ་གསར་གཏོད་མཛད་པ་སོགས་མདོར་ན། བོད་ཀྱི་སྣོད་བཅུད་གཉིས་ཀ་ཆགས་འཇིག་གི་མཚམས་ནས་སྐྱོབ་པར་མཛད་པ་དང་ཆབས་ཅིག བོད་དང་བོད་མིའི་མཚན་མཐོང༌། བདེན་དོན་འཐབ་རྩོད། བོད་ཀྱི་ཆོས་དང་རིག་གཞུང་གི་འོད་སྣང་འཛམ་གླིང་ཡོངས་སུ་ཁྱབ་པར་མཛད་དེ། བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་དང་བཅས་པ་ཤི་ས་ནས་སྐྱོབ་པར་མཛད་པའི་བཀའ་དྲིན་ནི་བརྗོད་ཀྱིས་ག་ལ་ལང༌།
༢༽ འཛམ་གླིང་སྤྱི་སྨན་ཀུན་ཁྱབ་འགན་ཁུར་གྱི་ལམ་སྟོན་པ་ཆེན་པོའི་མཛད་འགན་ཕྲག་པར་བཞེས་ཏེ་འཛམ་གླིང་ཞི་བདེ་རྨང་ནས་གསོས་པ་དང་འབྲེལ། དུས་རབས་ཉེར་གཅིག་པ་འདི་དམག་འཁྲུག་དང་རྡུལ་ཕྲན་མཚོན་ཆ་མེད་པའི་དུས་རབས་སུ་འགྱུར་བའི་སྣེ་ཁྲིད་དང་། ནང་པའི་རྗེས་འཇུག་པ་སེར་སྐྱ་ཕོ་མོ་དབྱེ་བ་མེད་པས་ནང་ཆོས་སྦྱངས་ཏེ་དུས་རབས་ཉེར་གཅིག་པའི་ནང་པ་སྟེ་དབང་རྣོན་ཆོས་ཀྱི་རྗེས་སུ་འབྲང་བའི་ནང་པ་ཞིག་བྱེད་དགོས་པའི་ལམ་སྟོན། ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་མཁས་པའི་བགྲོ་གླེང་ཡང་ཡང་གནང་ནས་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་ཟུང་འབྲེལ་གྱིས་འཛམ་གླིང་སྤྱི་ལ་སྨན་པའི་ཞབས་འདེགས་ཞུ་བའི་ནུས་པ་དམིགས་བསལ་ཅན་ཡོད་པ་མངོན་གྱུར་དང་ཡར་རྒྱས། ཕྱི་ནང་གི་ཆོས་ལུགས་ཆོས་བརྒྱུད་ནང་ཕན་ཚུན་དབར་དོན་དམ་པའི་མཐུན་ལམ་དང་གུས་བཀུར་གོང་སྤེལ། འགྲོ་བ་མིའི་བྱམས་བརྩེའི་རང་བཞིན་གསལ་སྟོན་དང་འབྲེལ་ཆོས་དད་ཡོད་མེད་ལ་མ་ལྟོས་པར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཁྱབ་སྤེལ། སློབ་སྦྱོང་གི་ལམ་ལུགས་ནང་དུའང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་ཁ་སྐོང་གིས་འགྲོ་བ་མིའི་རིགས་ཐམས་ཅད་ཕན་ཚུན་བྱམས་བརྩེ་དང་ཡ་རབས་སྤྱོད་བཟང་ཅན་དུ་འགྱུར་བའི་གོམས་གཤིས་ཆུང་དུས་ནས་འཇོག་དགོས་པའི་ལམ་སྟོན་བླ་ན་མེད་པ་མཛད་པས་མཚོན། འཇིག་རྟེན་སྤྱི་སྨན་གྱི་མཛད་བྱུས་ཐུགས་བསྐྱེད་དམ་བཅའ་བཞི་སོགས་ཀྱི་མཛད་བཟང་དུ་མ་གསར་གཏོད་ཀྱིས་འཛམ་གླིང་རྒྱལ་སྤྱིའི་དབུ་ཁྲིད་མཛད་པའི་རླབས་ཆེན་གྱི་མཛད་པ་འདི་དག་མུ་མཐུད་གོང་སྤེལ་དང་ཤུགས་སྣོན་གྱིས་འཛམ་གླིང་ཧྲིལ་པོའི་སྐྱེ་འགྲོ་ཐམས་ཅད་དོན་དམ་པའི་ཞི་བདེའི་ལམ་ལ་དངོས་སུ་འཁྲིད་པར་མཛད་ནུས་མཁན་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ཁོ་ན་ལས་གཞན་དུ་མེད་ན། ཐུགས་བརྩེ་བས་ཉེ་བར་དྲངས་ཏེ་སྔར་བཞིན་འཛམ་གླིང་ཞི་བདེའི་འདྲེན་པ་ཆེན་པོར་དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་ལྷག་འཚོ་ཞིང་གཞེས་ནས་བཞུགས་དགོས་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་པ་དང་།
ལྷག་པར་དུ་༸མགོན་པོ་གང་ཉིད་ཁོ་ནར་རེ་བའི་མིག་འབུར་རྩེ་གཅིག་ཏུ་གཏོད་མཁན་བོད་འབངས་རྣམས་ད་ལྟའི་ཆར་སྤྱི་མཐུན་བསོད་ནམས་ཀྱི་མཐུ་ཤིན་ཏུ་ཞན་པས་གཞིས་བྱེས་གཉིས་སུ་ཁ་བྲལ་ཏེ་གནས་ངེས་མེད་དུ་ཁ་འཐོར་ལྟ་བུས་མི་རིགས་གྲངས་ཉུང་ལས་ཀྱང་གྲངས་ཉུང་དུ་གྱུར་ཏེ་བོད་མི་རིགས་རྩ་བརླག་ཏུ་འགྲོ་ལ་ཉེ་བའི་དུས་ངན་འཆར་བཞིན་ཡོད་པའི་སྐབས་འདིར། བོད་གཞིས་བྱེས་གཉིས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ལྕགས་ཀྱི་གོང་བུ་བཞིན་དུ་གནས་ཐུབ་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས། གོམས་གཤིས་དང་བཅས་པ་མི་ཉམས་རྒྱུན་འཛིན་བྱེད་པ། ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་བཤད་སྒྲུབ་ལས་གསུམ་གྱི་བྱ་བ་ཐམས་ཅད་གོང་ནས་གོང་དུ་འཕེལ་བ། བོད་མིའི་མང་གཙོའི་འགྲོ་ལུགས་འདི་བཞིན་མང་གཙོ་ཡང་དག་པའི་ལམ་དུ་མདུན་སྐྱོད་བྱེད་པ། བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་སྲ་བརྟན་དང་གོང་འཕེལ་དུ་འགྲོ་བ། ལྷག་པར་དུ་བོད་རང་དབང་བདེན་པའི་འཐབ་རྩོད་ཀྱི་ནུས་ཤུགས་སྔར་བས་ཆེར་བསྐྱེད་ཀྱིས་བོད་དོན་བདེན་མཐའ་མྱུར་དུ་གསལ་བ།
མདོར་ན་བོད་དང་བོད་མིའི་ལས་དབང་ཐ་ཟད་འདི་ལས་མྱུར་དུ་གྲོལ་ནས་གཞིས་བྱེས་ལྷན་འཛོམས་ཀྱི་རྫོགས་ལྡན་གསར་པའི་དགའ་སྟོན་ལ་མྱུར་དུ་འགོད་པར་མཛད་ཐུབ་པའི་སྐྱབས་དང་། མགོན་དང་། དཔུང་གཉེན། རེ་བའི་མིག་འབུར་གཏོད་ཡུལ་གཅིག་པུ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་གང་ཉིད་ལས་གཞན་སུ་ཡང་མ་མཆིས་པ་ནི་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་གང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཐུགས་བསྐྱེད་དང་དམ་བཅའ། བོད་མི་རྣམས་ཀྱི་ལས་དང་སྨོན་ལམ་ཐུན་མོང་མ་ཡིན་པ་གཅིག་ཏུ་འཛོམས་པའི་རྟེན་འབྱུང་བསླུ་བ་མེད་པའི་འབྲས་བུར་མངོན་པར་གསལ་བ་བཞིན། ཉེ་བའི་ཆར་ཡང་མགོན་པོ་གང་ཉིད་ཀྱི་ཞལ་གྱི་བུམ་བཟང་ལས། “ཇི་ཙམ་གྱིས་ངོས་རང་ཚེ་རིང་དུ་གནས་པ་དེའི་ཚོད་ཀྱིས་སངས་རྒྱས་ཀྱི་བསྟན་པས་འགྲོ་བ་ལ་ཕན་ཐོགས་ཡོད་པ་རྣམས་མུ་མཐུད་ནས་སྡོད་ཐུབ་པ་ཞིག་རེད།” ཅེས་དང་། “ངོས་ནས་བསྟན་པ་དང་འགྲོ་བ་ལ་གང་ཕན་ཞིག་བྱེད་བསམ་པའི་སེམས་ཤུགས་སྐྱེད་བཞིན་ཡོད།” ཅེས་དང་། “ངོས་ནས་ད་དུང་ལོ་བཅུ་ཕྲག་གཉིས་གསུམ་ཞིག་ལ་ཧུར་ཐག་བྱས་ཏེ། ཕྱོགས་གང་ས་ནས་བསྟན་པ་དང་འགྲོ་བའི་དོན་དུ།༌༌༌༌༌༌སེམས་ཤུགས་བསྐྱེད་ནས་བསྡད་ཡོད།” ཅེས་པའི་བཀའི་ཞལ་བཞེས་བཟང་པོ་འདི་ལྟ་བུ་ཡང་ནས་ཡང་དུ་སྤྱི་བོའི་རྒྱན་དུ་ཕེབས་བཞིན་ཡོད་པ་ལྟར། ཐུགས་བསྐྱེད་དང་དམ་བཅའ་ལ་དུས་ནམ་ཡང་འགྱུར་བ་མེད་པར་དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་ལྷག་༸ཞབས་པད་རྡོ་རྗེའི་གཤིས་སུ་བརྟན་པར་བཞུགས་པའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་དང་ཆབས་ཅིག
༣༽ ལྷ་དང་བླ་མའི་བཀའ་ལུང་སྔ་ཕྱི་དང་། ༸མགོན་པོ་མཆོག་གི་གཟིགས་སྣང་གི་མཚན་མ་བཟང་པོ་སྔ་ཕྱི། སྐུ་གཟུགས་ཀྱི་གནས་བབས། ཐུགས་བསྐྱེད་ཀྱི་ནུས་ཤུགས་གང་ལ་བལྟས་ནའང་དགུང་གྲངས་བརྒྱ་དང་ཉི་ཤུ་རྩ་ལྔ་ལྷག་སྐུ་འཚོ་ཞིང་གཞེས་པའི་ཞལ་བཞེས་བཟང་པོ་ཡོད་པ་ལྟར་བཞུགས་ངེས་པ་ཞིག་ཡིན་པས། མ་འོངས་སྐུའི་ཡང་སྲིད་སྐོར་གསོལ་འདེབས་ཞུ་རྒྱུ་ནི་ད་ལྟའི་ཆར་དུས་གཏུགས་ཀྱི་བྲེལ་བ་མེད་པས་དུས་ལ་མ་བབ་པ་ཞིག་དང་༸སྙན་སེང་ཞུ་བའི་འོས་སུ་མ་གྱུར་པ་ཞིག་ཡིན་སྲིད་མོད།
འོན་ཀྱང་༸མགོན་པོ་གང་ཉིད་ནས་ཕྱི་ལོ་ ༢༠༡༡ ལོར་སྩལ་པའི་སྐུའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས་སུ། “འབྱུང་འགྱུར་ཏཱ་ལའི་བླ་མའི་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་དད་ལྡན་མང་ཚོགས་ཀྱིས་ཐག་གཅོད་དགོས་པའི་གསལ་བསྒྲགས་ཕྱི་ལོ་ ༡༩༦༩ ཙམ་ནས་བྱས་ཟིན།” ཅེས་དང་། དེ་བཞིན་དུ་བཀའ་སློབ་སྔ་ཕྱི་དུ་མའི་ནང་། “ཏཱ་ལའི་བླ་མའི་མཇུག་མཐུད་ནས་ཡོང་བའི་ཡོང་སྟངས་གང་འདྲ་བྱས་ཏེ་ཡོང་བའི་ཐད་བསམ་བློ་མང་པོ་གཏོང་རྒྱུ་འདུག ཅེས་ངས་ལོ་ཉི་ཤུའི་གོང་ནས་བཤད་ཡོད།” ཅེས་དང་། “བོད་མི་མང་གིས་ངའི་ཡང་སྲིད་ཅིག་མུ་མཐུད་དགོས་འདོད་བྱེད་ཀྱི་ཡོད་པ་ཡིན་ན། ཡང་སྲིད་དེ་ནི་སྐྱེ་བ་སྔོན་མས་འགོ་བརྩམས་པའི་ལས་ཀའི་འཕྲོ་བསྐྱང་རྒྱུར་ལུས་པ་དེའི་འཕྲོ་སྐྱོང་བའི་དོན་ལ་ཡང་སྲིད་ཡོང་གི་ཡོད་པ་ལས། དེ་གཏོར་བཤིག་གཏོང་བར་ཡོང་གི་ཡོད་པ་མ་རེད།” ཅེས་དང་། “བོད་རྒྱ་ཆེའི་མི་མང་ལ་ངའི་ཡང་སྲིད་མུ་མཐུད་དགོས་པ་ཡོད་པ་དང་། ཁོང་ཚོས་དགོས་འདུན་བྱས་པ་ཡིན་ན། ངའི་ཡང་སྲིད་དེ་རྒྱ་མིའི་འོག་ཏུ་མིན་པར། འཛམ་གླིང་རང་དབང་ལུང་པ་ཞིག་གི་ནང་ཡོང་རྒྱུ་ཡིན། ཞེས་ངས་ད་ལྟ་ནས་ཚིག་ཐག་བཅད་དེ་གསལ་པོ་ཤོད་རྒྱུ་ཡིན།” ཞེས་དང་། “གང་ལྟར་ངའི་ཡང་སྲིད་དགོས་དང་མི་དགོས་ཀྱི་ཐག་གཅོད་བྱེད་པའི་དབང་ཆ་དང་ཐོབ་ཐང་ཆ་ཚང་བོད་རྒྱ་ཆེའི་མི་མང་ལ་ཡོད།” ཅེས་སོགས་སྐུའི་ཡང་སྲིད་སྐོར་འབྱུང་འགྱུར་གྱི་བྱེད་ཕྱོགས་ཇི་དགེའི་ལམ་སྟོན་བཀའ་སློབ་ལན་མང་ཕེབས་པ་དང་འབྲེལ་སྐུའི་ཡང་སྲིད་མུ་མཐུད་ཕེབས་དགོས་དང་མི་དགོས་མི་མང་ལ་བཀའ་འདྲི་ཡང་ཡང་ཕེབས་ཡོད་པས་ན། མ་འོངས་པར་སྐུའི་ཡང་སྲིད་ཕེབས་དགོས་པའི་གསོལ་འདེབས་ཡང་ནས་ཡང་དུ་ཞུ་དགོས་པ་ནི་བོད་མི་མང་གི་ལས་འགན་ཆེས་གལ་གནད་ཆེ་བ་ཞིག་ཡིན་པར་ངོས་འཛིན་ཞུས་པའི་སྒོ་ནས་སླར་ཡང་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྙིང་པོ་ནི།
མདོ་སྡེ་པདྨ་དཀར་པོ་ལས། “འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སངས་རྒྱས་སྟོང་གི་སྤྱན་སྔར་སྨོན་ལམ་བཏབ་སྟེ། བདག་གིས་དུས་གསུམ་སངས་རྒྱས་གང་གིས་ཀྱང་ཞབས་ཀྱིས་མ་བཅགས་པའི་གནས། མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་ན་ཡོད་པའི་སེམས་ཅན་འདུལ་དཀའ་བ་དེ་རྣམས་ཐར་པ་དང་བྱང་ཆུབ་ཀྱི་ལམ་ལ་འགོད་པར་གྱུར་ཅིག” ཅེས་སོགས་སྔོན་ཇི་ལྟར་ཐུགས་བསྐྱེད་དང་དམ་བཅའ་མཛད་པ་ཇི་བཞིན་དུ། བདག་ཅག་བོད་འབངས་རྣམས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་རིམ་བྱོན་གྱིས་ཕྱག་མཚན་དུ་བཞེས་ཏེ་ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ནས་བརྩེ་བས་བསྐྱངས་དང་སྐྱོང་བཞིན་པ་ལྟར།
མ་འོངས་པར་ཡང་དུས་རབས་ཉེར་གཅིག་པ་དང་ཉེར་གཉིས་པ་སོགས་དུས་ངན་སྙིགས་མ་ལས་ཀྱང་ཆེས་སྙིགས་མའི་དུས་སུ་སྐྱེས་པའི་བོད་འབངས། ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་དང་གནོད་འཚེ་དུ་མས་གཙེ་བ། ཆོས་མིན་གྱི་ལྟ་བ་དང་སྤྱོད་པ་ངན་པས་རྒྱུད་བརླམས་ཏེ་མ་རུངས་དམུ་རྒོད་དུ་གྱུར་པ། སེམས་ཀྱི་ཞི་བདེ་དང་བྱམས་བརྩེའི་འཚོ་བས་ཡོངས་སུ་ཕོངས་པ། སྐྱབས་དང་། མགོན་དང་། དཔུང་གཉེན་དང་། རེ་བའི་མིག་འབུར་གཏོད་ས་མེད་པར་བེའུ་ཐང་སྟོང་དུ་ལུས་པ་ལྟ་བུར་གྱུར་པའི་ཉམ་ཐག་རང་རིགས་གངས་ཅན་པ་སྟེ་བོད་ཀྱི་མི་རབས་ཕྱི་མ་རྣམས་ཀྱང་ད་ལྟ་བཞིན་མགོན་པོ་གང་ཉིད་ཀྱིས་གདུལ་བྱའི་ཕྱག་མཚན་དུ་བདག་གིར་བཞེས་དགོས་པ་དང་། ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ནས་བརྩེ་བས་བསྐྱང་བར་མཛད་པའི་ཆེད་དུ། མགོན་པོ་སྤྱན་རས་གཟིགས་སྐུ་དངོས་ཏེ་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་སྐུ་ཕྲེང་བཅོ་ལྔ་པ་དང་བཅུ་དྲུག་པ་སོགས་རིམ་པར་འབྱོན་དགོས་པ་དང་། བྱོན་པ་དེའང་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་གོང་མ་རིམ་བྱོན་དང་ལྷག་པར་༸མགོན་པོ་གང་ཉིད་ཀྱི་རླབས་ཆེན་ཐུགས་ཀྱི་བཞེད་དགོངས་དང་ལུགས་གཉིས་ཀྱི་མཛད་འཕྲིན་མཐའ་དག་ཉམས་མེད་རྒྱུན་སྐྱོང་མཛད་ཐུབ་མཁན་གྱི་ཡང་སྲིད་འཁྲུལ་པ་མེད་པ་ཞིག་ངེས་ཕེབས་ཡོང་བ་ཞེས།
གཞིས་བྱེས་གཉིས་སུ་འཁོད་པའི་ཀིརྟི་ཚང་གི་སློབ་བརྒྱུད་ལྷ་སྡེ་མི་སྡེ་སེར་སྐྱ་མི་མང་ཡོངས་ཀྱི་ངོ་བོ་མཚོན་པའི་སྒོ་ནས་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་པ་ལགས་ན། ཇི་ལྟར་གསོལ་བ་བཏབ་པའི་རེ་འབྲས་རྣམས་དེ་དེ་བཞིན་དུ་འགྲུབ་པའི་ཞལ་བཞེས་བཟང་པོ་སྤྱི་བོའི་རྒྱན་དུ་སྩོལ་བར་མཁྱཻན། མཁྱེན། མཁྱེན་ཅེས་གསོལ་བ་འདེབས་རྟེན་དྲི་མེད་ལྷ་དར་དཀར་པོ་སྲིད་དུ་རིང་བས་ཐོག་དྲངས་མཎྜལ་རྟེན་དོད་ཧིན་སྒོར་ ༡༡༌༡༡༣།༠༠ བཅས། ཀིརྟིའི་དགེ་རྩ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་དང་། ཀིརྟིའི་དགེ་རྩ་ཚོགས་པའི་སྐབས་བཞི་པའི་འགན་འཛིན་གྲོས་ཚོགས་ཀྱི་འཐུས་མི་ཐུན་མོང་ནས་ཀིརྟི་ཚང་གི་སློབ་བརྒྱུད་གཞིས་བྱེས་གཉིས་ཀའི་ཚབ་ཞུས་ཏེ། བོད་རྒྱལ་ལོ་ ༢༡༥༠ རབ་གནས་ཆུ་མོ་ཡོས་ལོའི་སྣོན་ཟླ་བའི་ཚེས་ ༡༨ ། ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༦། སྐུའི་འཁྲུངས་སྐར་དུས་ཆེན་ཉིན་གུས་པ་ཆེན་པོས་ཕུལ་བའི་གསོལ་འདེབས་༸སྙན་ཞུ།
བཞི་པ། ཀིརྟིའི་དགེ་རྩ་ཚོགས་པའི་སྐབས་བཞི་པའི་འགན་འཛིན་གྲོས་ཚོགས་ཐོག་ཀིརྟི་ཚང་གི་གཞིས་བྱེས་གཉིས་ཀྱི་སློབ་བརྒྱུད་ལྷ་སྡེ་མི་སྡེ་ཡོངས་ཀྱི་ངོ་བོ་མཚོན་པའི་ཐོག་ནས་ཕུལ་བའི་སྙན་ཞུའི་བཀའ་ལན།
༄༅།། མཚུངས་མེད་ཀིརྟིའི་དགེ་རྩ་ཚོགས་པའི་རྒྱུན་ལས་ལྷན་རྒྱས་ལ།
ཆེད་འབུལ། དེ་ནས་ཕྱི་ཟླ་ ༧ ཚེས་ ༦ སྐུའི་འཁྲུངས་སྐར་ཉིན་གཞིས་བྱེས་ཀིརྟི་ཚང་གི་སློབ་བརྒྱུད་ལྷ་སྡེ་མི་སྡེ་ཐུན་མོང་གི་ངོ་བོ་མཚོན་པའི་སྒོ་ནས་མཚན་འཁོད་༸སྙན་ཞུ་རྟེན་ལྡན་ཕུལ་འབྱོར་ནང། ༸གོང་ས་མཆོག་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པ་དང་འབྲེལ་འགྲོ་བ་སྤྱི་དང་ལྷག་པར་བོད་ཀྱི་བསྟན་འགྲོའི་ཕན་བདེའི་སླད་སྐུ་ཕྲེང་རྒྱུན་མཐུད་དགོས་པའི་བསྐུལ་མ་བྱུང་བར་ཡིད་འགུལ་ཆེན་པོ་བྱུང་ཞེས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་སོང་བས་ཚང་མས་ཐུགས་བདེ་གནང་འོས་ཞུ་རྒྱུ་བཅས། དགའ་ལྡན་ཕོ་བྲང་ཡིག་ཚང་ནས། ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༧ ལ་ཕུལ།
ཀིརྟིའི་དགེ་རྩ་ཚོགས་པ་ནས། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡༠ ཚེས་ ༡༡ ཉིན་ལ།
༧སྐྱབས་རྗེ་ཀི་རྟི་རིན་པོ་ཆེ་མཆོག་དང་བོད་ཕྱི་ནང་གཉིས་སུ་ཡོད་པའི་ཀི་རྟི་དགོན་པའི་འདུས་སྡེ་ཡོངས་ནས་༧ གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་ཡང་སྲིད་མུ་མཐུད་ནས་ཕེབས་དགོས་པའི་གསོལ་འདེབས་མཚན་འཁོད་༧ སྙན་ཞུ་ལ་བརྒྱ་ཆ་བརྒྱ་གི་རྒྱབ་སྐྱོར་ཞུ་གི་ཡོད་ལ་༧ གོང་ས་མཆོག་གི་སྐུའི་ཡང་སྲིད་དེ་རྒྱ་མིའི་དབང་བསྒྱུར་མེད་སའི་རྒྱ་བལ་འབྲུག་གསུམ་དང་བོད་མི་རིགས་འཚོ་གནས་བྱེད་སའི་རང་དབང་ལུང་པའི་ནང་ཕེབས་་རྒྱུ་ཡིན་པ་མ་ཟད་༧ གོང་ས་མཆོག་གི་སྐུའི་ཡང་སྲིདསྐོར་༧ གོང་མཆོག་སྐུ་སྒེར་དང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཐུགས་འགན་དང་ཐུགས་ཐག་གཅོད་དགོས་པ་ལས་རྒྱ་ནག་དམར་གཞུང་ཆོས་ཁས་མི་ལེན་པ་ཞིག་ལ་འགན་འཁུར་དང་ཐག་གཅོད་བྱ་རྒྱུའི་འོས་བབས་ཁྲིམས་མཐུན་དང་སྤྱི་ཚོགས་གང་གི་ཆ་ནས་མེད་པ་དང་། ཉེ་ལམ་བཙན་བྱོལ་བོད་མིའི་སྡོད་སྒར་ཚང་མའི་ནང་༧ གོང་ས་མཆོག་གི་སྐུའི་ཡང་སྲིད་མུ་མཐུད་ནས་ཕེབས་དགོས་པའི་གསོལ་འདེབས་དང་སྤྱི་སྒེར་ཚོགས་སྡེ་མང་པོའི་བརྟན་བཞུགས་ལྟར་འབུལ་སྐབས་༧ གོང་ས་མཆོག་ནས་དགུང་ལོ་བརྒྱ་དང་བཅུ་གསུམ་ལྷག་བཞུགས་རྒྱུའི་བཀའ་བཟང་ཕེབས་པ་བཅས་རང་རེ་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་རིས་མེད་ཆོས་ལུགས་ཁག་གི་བླ་ཆེན་རྣམ་པ་དང་ལྷག་དོན་རིང་མིན་ཚོགས་ལ་ཉེ་བའི་ཆོས་ཚོགས་ཚོགས་འདུའི་སྐབས་༧ གོང་ས་མཆོག་གི་་སྐུའི་ཡང་སྲིད་ཕེབས་དགོས་པའི་སྐོར་ཚོགས་ཐོག་ནས་གསོལ་འདེབས་ཞུ་དགོས་པའི་འབོད་བསྐུལ་དང་བཅས་༧ སྐྱབས་རྗེ་ཀི་རྟི་རིན་པོ་ཆོ་མཆོག་དང་དགོན་པའི་འདུས་སྡེ་ཡོངས་ལ་སླར་ཡང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། བཀའ་དྲིན་ཆེ།
ནོར་བཅོས། གོང་ས་མཆོག
༈ ༧ གོང་ས་མཆོག་གི་སྐུའི་ཡང་སྲིད་སྐོར་ནི་བོད་ཅེས་པ་སའི་གོ་ལའི་ཐོག་གནས་དང་མི་གནས། བོད་དང་འབྲེལ་བའི་མི་རིག ཆོས་དང་རིག་གཞུང་། བསྟན་པ་ཆབ་སྲིད་སོགས་མཐའ་ན་ང་བོད་པ་ཡིན་བསམ་པའི་འདུ་ཤེས་དག་ཀྱང་གནས་དང་མི་གནས་གཉིས་ཀྱི་བཅད་མཚམས་སུ་གྱུར་བཞིན་ཡོད། དེ་ལས་ཀྱང་ཉ་དམའ་ཙམ་ཞུས་ན། ང་དབུས་པ། ང་ཁམས་པ། ང་ཨ་མདོ་བ། ཡང་ན། ང་དགེ་ལུག་པ། ང་རྙིང་མ་པ། ང་བཀའ་བརྒྱུད་པ། ང་ས་སྐྱ་བ། ང་བོན་པོ་བ་ཅེས་དགོས་མེད་འཐེན་ཁྱེར་གྱི་ཕྱོགས་ཞེན་དེ་ཡང་བཤད་ཁམས་མེད། དེ་ན་བོད་མི་བོད་ཤ་རྩ་གདོང་དམར་གྱི་བརྒྱུད་ལ་ཤ་མི་ཚ་མཁན་ཞིག་ཕལ་ཆེར་ཡོང་དཀའ་ལ་སོང་། ༧ཁོང་ཉིད་ཀྱི་སྐུའི་ཡང་སྲིད་རིན་པོ་ཆེ་རྒྱུན་མར་བྱོན་པའི་སྨོན་འདུན་ཞུ་མཁན་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཙམ་མ་ཚད་འཛམ་གླིང་ནང་དད་ཅན་བོད་པ་ལས་མང་བ་ཡོད།།
༧སྐུའི་ཡང་སྲིད་སྐོར་གང་ཉིད་དགུང་གྲངས་དགུ་བཅུར་ཕེབས་སྐབས་གོ་བསྡུར་གནང་བཞེད་ཀྱི་བཀའ་ལོ་ནང་གོང་ཕེབས་ཡོད། དགུང་ལོ་དགུ་བཅུ་ལས་བོད་ལུགས་དང་ཕྱི་ལུགས་ཀྱི་བཅད་པ་ཕལ་ཆེར་གནང་ཨེ་ཡོད། ད་དུས་ལ་བབ་ལགས་བསམས་།
ང་རང་ཕྱི་ལོ་༢༠༠༡ ནས་ཡང་སྲིད་རིན་པོ་ཆེ་སྐོར་དུས་ཆོད་ནམ་ཐོབ་ལ་བསལ་ཚུལ་ཞུ་མཁན་ཞིག་ཡིན། དེ་ཡང་མ་འདས་སྤྲུལ་སྐུ་ཞིག་ཕེབས་པའི་རེ་སྨོན་ཞུ་མཁན་ཞིག་ཡིན། རྒྱུ་མཚན་འགའ་ཤས་གསོལ་རྒྱུ་ཡོད་ཀྱང་གལ་ཆེ་གསུམ་ནི། རྒྱ་དམར་གྱི་ངན་བྱུས་འགོག་ཐབས་སམ་བསམ་ངན་བྱ་ཐབས་བྲལ་གནས་ཆེད། རྒྱལ་སྤྱི་རྒྱབ་སྐྱོར་བརྩོད་མེད་དང་གནས་ཡུལ་རྒྱ་གར་སྲིད་གཞུང་ནས་ཀྱང་དེ་ལྟར་གནང་བདེ། ཆུང་སྲིད་རིན་པོ་ཆེ་ལའང་༧གང་ཉིད་ཀྱི་སྐུ་གསུངས་ཐུགས་ཀྱི་སྙན་པ་གསན་གཟིགས་ཙམ་མ་ཚད་དངོས་སུ་འདྲིས་ཆུབ་བསྐལ་བཟང་གི་གོ་སྐབས་བརྙེད་དཀའ་ཞིག་གིས་ཆེར་དགེ་བ་བཅས་སུ་།