སྣང་ཤེས་དགེ།
ཕ་མ་གུད་དུ་མེད་དམ་ཡང་ན་ནི།།
ཕ་མས་མ་ཁོགས་བཙན་གྱིས་ཤོར་འོང་པའི།།
འགྲན་བསྡུར་འདི་ལ་ཞུགས་མཁན་ཡོད་དོ་ཅོག །
སྟེགས་བུའི་སྟེང་གི་གཟུགས་བརྙན་ཁོ་ན་ཡིན།།
སྟེགས་བུའི་སྟེང་ནས་མ་འོངས་འཆར་གཞི་འཆད།།
བོད་ཀྱི་བདེ་རྩར་རང་ནུས་འབུལ་ངེས་ཟེར།།
ཐང་ལ་འབབ་ནས་རང་དོན་ཁོ་ན་གཉེར།།
ལས་ཀྱི་དང་པོ་ཨ་རིའི་ཕྱོགས་སུ་འབད།།
ཟས་བཅད་ངོ་རྒོལ་མི་བྱེད་ལུས་ལ་གནོད།།
སྐྱེས་གཟུགས་འདི་ནི་ཁྱོད་ཀྱི་འཚོ་བ་ཡིན།།
གོམ་བགྲོད་ནང་དུ་དེ་བས་མི་ཞུགས་ཏེ།།
ཤ་མདངས་འདི་ནི་ཁྱོད་ཀྱི་རིན་ཐང་ཡིན།།
ཆང་ཁང་ནང་དུ་ཁྱོད་ཀྱི་དགོད་སྒྲ་ཡོད།།
ཆང་འདི་ཁྱོད་ཀྱི་གཤིས་ཀའི་ངང་མདངས་ཡིན།།
ཞབས་བྲོ་ཁང་དུ་ཁྱོད་ཀྱི་རྐང་རྗེས་ཡོད།།
ཞབས་བྲོ་འདི་ནི་ཁྱོད་ཀྱི་ཕུགས་བསམ་ཡིན།།
དཔའ་བོ་མེ་ལ་འཚིགས་ན་མིག་ཆུ་མེད།།
མིག་མཐའི་ནག་ཐིག་བསུབ་ན་ཞེ་ནས་ཕངས།།
སྐྲ་གཅིག་ཐང་ལ་ལྷུང་ན་བརྒྱལ་ལ་ཁད།།
ཁྱོད་ཀྱི་དབུགས་ཐག་མགོ་ཡི་སྐྲ་ལ་བརྒྱུས།།
མ་འོངས་མི་འོངས་གར་ཡང་མི་འགྲོ་ཞིང་།།
མ་ཤེས་མི་ཤེས་གང་ཡང་མི་འཇོན་པའི།།
མ་བརྟགས་མི་རྟོགས་གང་ཡང་མི་ཚང་བ།།
བཙན་གྱིས་མཛངས་མར་འདོགས་པ་རྣམས་ལའོ།།
སྔར་སོང་མཛངས་མའི་གྲལ་ལ་མིག་གིས་བལྟས།།
དེ་དག་སོང་བའི་ལམ་ལ་རྒྱུས་ལོན་བྱས།།
མངོན་ཤེས་མེད་ཀྱང་དཔྱད་ཤེས་ཚད་མ་ཡིས།།
སྐད་འདི་སྒྲོགས་ལ་བསྲན་དུ་མ་བཅུག་གོ །
ཉིན་འདི་འགར་ལས་ཀ་མེད་རྐྱེན་ནང་དུ་སྡོད་པའི་ཞོར་ལ་མཛངས་མ་འགྲན་བསྡུར་གྱི་བརྡ་ཁྱབ་དེ་མཐོང་ནས་བྲིས་སོ།།
ས་བྱི་ཞི་རྒོལ་ཆེན་མོའི་ལོ་དེ་ལ།།
གསུམ་པའི་བཅུ་དགུའི་སྔ་དྲོའི་ཆ་ཞིག་ལ།།
རྒྱལ་ས་ལྡི་ལིའི་ཅན་རྡར་མན་རྡར་རུ།།
སྐྱ་སེར་མེད་པར་གདུང་འབོད་བྱེད་སྐབས་སུ།།
མཛངས་མ་དང་པོ་སྒྲོལ་མ་ཚེ་རིང་དང་།།
འགྲན་ཟླ་བྲལ་བའི་ཨ་མཆོག་ཚེ་སྐྱིད་གཉིས།།
སྨད་ཀྱི་རྐང་ཐུང་རྐུབ་ནས་ཤུད་ལ་ཞིག།
སྟོད་ཀྱི་གོས་ཀྱིས་ནུ་མ་མ་ཐུམ་པར།།
མིག་ཤེལ་ནག་པོ་གྱོན་ཏེ་འགྱང་སྟབས་ཀྱི།།
སྤྲོ་སྐྱིད་གླེང་ག་ཞིག་ཏུ་སླེབས་སྙམ་པས།།
གཞན་ལ་བལྟ་ཞོར་མཆུ་ཏོ་བསུམས་ཞོར་ལ།།
ཤ་ཤུབ་གླེང་མོལ་བྱེད་བཞིན་དགོད་ཆུང་རེས།།
དེར་ཡོད་འགའ་རེའི་གདོང་ལ་སྐྱུར་ཞིག་བསླངས།།
ཆུ་ཚོད་གཅིག་ཙམ་འགོར་རྗེས་ཕན་ཚུན་གྱི།།
ལག་པར་འཇུས་ནས་གསང་སྤྱོད་འགྲོ་ཁུལ་གྱིས།།
དེར་ཡོད་ཁྲོམ་ཚོགས་ཆེན་པོའི་གྲྭལ་དབུས་ནས།།
མིག་གི་མཐོང་སར་མ་བཞུགས་འཇའ་ལྟར།།
སྐབས་དེར་ཨ་མ་ཞིག་གིས་འདི་ལྟར་ཟེར།།
བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་ཚད་པོ།།
རྩ་མེད་མགོ་སྟོང་རྐྱང་རྐྱང་ཨེ་ཡིན་ནམ།།
ཟེར་གྱིན་གཞན་གྱི་གདོང་ལ་བལྟ་བཞིན་དུ།།
ཨ་ཐང་ཆད་པའི་ངང་ནས་དབུ་འགར་གཡུག།
མཛངས་མ་ཟེར་བ་འགྲན་བསྡུར་བྱེད་རྒྱུ་མེད།།
མཛངས་མ་ཟེར་བ་སྦྱངས་ནས་ཡོང་རྒྱུ་མེད།།
མཛངས་མ་ཟེར་བ་སེམས་ཀྱི་གཤིས་ལ་དགོས།།
མཛངས་མ་ཟེར་བ་རྒྱུན་གྱི་སྤྱོད་པར་དགོས།།
མཛངས་མས་ཡོན་ཏན་ཚང་བ་ལ། ཕྱི་མཛེས་པ་ནང་འཇམ་པ། ཡ་རབས་བཟང་སྤྱོད་ཆ་ཚང། སྦྱང་པས་ཡོན་ཏན་ཆུ་ཚད་མཐོ་ལ། སྐྱེས་སྟོབ་ཀྱིས་ཡོན་ཏན་ཡོད་ སྐྱིད་སྡུག་ལེགས་ཉེས་ལ་མདོང་ལེན་ཐུབ་མཁན། མི་གཞན་གྱི་གང་ཟེར་ལ་མ་ཉེན་པར་རང་ཚུལ་ཡོད་པ། ལས་གང་བྱེད་ཀྱང་དཀོན་མཆོག་གསུམ་དཔང་དུ་ཞག་མཁན། བརྒྱ་ཆ་བརྒྱ་ལས་འབྲས་ལ་ཡིད་ཆེ་ཡོད་མཁན། ཕ་མ་དང་སྤུན་བསྟན་གྲོགས་ཕྲུ་གུ་ཆེད་དུ་རང་གི་བེད་སྐྱིད་བློོ་བཏང་མཁན། མཛུན་དང་འཕྲ་མ་ཡོས་རྒྱུར་མ་བྱེད་མཁན། རྐྱོན་ཀུན་དཔང་ཡོན་ཏན་ཆ་ཚང་བའི་བེུད་ཞིག་ལ་མཛངས་མ་ཟེར།
མཛངས་མ་གར་སྟེགས་སྟེང་ནས་མི་རྙེད་ཅིང་།།
ཇ་ཁང་ཆང་ཁང་ནང་ནས་དེ་བས་མིན།།
མཛངས་མ་དགོས་ན་ཁྱིམ་གྱི་ཕུགས་སུ་སོང་།།
མཛངས་མ་དགོས་ན་སྤྲང་པོའི་གྲལ་ཏུ་སོང་།།
གར་སྟེགས་སྟེང་ནས་རྙེད་རྒྱུ་བག་མེད་མ།།
ཆང་ཁང་ནང་ནས་རེག་རྒྱུ་ཁྲེལ་མེད་ན།།
འདི་འདྲ་ཞིག་ལ་མཛངས་མའི་མིང་བཏགས་ན།།
ཕྱི་སའི་ཚོགས་ལ་གསེར་དུ་སྒོམ་དང་འདྲ།།