ཆབ་མདོ་ངག་ཕུན།
(ལེའུ་དང་པོ།)
མི་ཡུལ་ས་མཐའ་འདི་རུ།།
ལོ་དང་ཟླ་བ་ཕྱིན་སོང་།།
སྐྱིད་པའི་ཕ་ཡུལ་ཕྱོགས་ལ།།
འགྲོ་བའི་རང་དབང་བྲལ་སོང་།།
ཡར་གཅིག་གནམ་ལ་བལྟས་པས།།
དཀར་གསལ་ཟླ་བ་ཤར་བྱུང་།།
དྲིན་ཅན་ཨ་མའི་ཞལ་རས།།
ཡིད་ལ་ཡང་ཡང་འཁོར་བྱུང་།།
ལོ་ཆུང་སྣང་བ་མཐོ་སྐབས།།
ཕ་མའི་བཀའ་དྲིན་མ་ཤེས།།
ད་ལྟ་མི་ཡུལ་ལུང་ནས།།
ཕ་མའི་བཀའ་དྲིན་དྲན་གྱི།།
བསམ་ཤེས་ཐོབ་པའི་དུས་ལ།།
དྲིན་ཅན་ཕ་མ་མ་བཞུགས།།
ཕྱི་མའི་ལམ་དུ་བྱོན་ཟིན།།
དེ་འདྲའི་ཡིད་སེམས་སྐྱོ་ཨང་།།
ལས་ངན་མིན་ན་གང་རེད།།
དྲིན་ཅན་ཕ་མ་གཤེགས་ཁར།།
སྨན་ཆུ་ཧུབ་གང་འབུལ་བའི།།
བདག་ལ་གོ་སྐབས་མ་རྙེད།།
མི་ཡུལ་ཁེར་རྐྱང་བསྡད་དུས།།
དྲིན་ཅན་ཕ་མའི་བསླབ་བྱ།།
ཡིད་ལ་ཡང་ཡང་འཁོར་ཞིང་།།
བྲང་ཁོག་ཟུགས་ཀྱིས་ཁེངས་སོང་།།
བརྩེ་བས་དྲིན་ཅན་ཨ་མ།།
ཞལ་རས་འཛུམ་གྱིས་ཁེངས་ཏེ།།
མགོ་ལ་བྱིལ་བྱིལ་བྱེད་པ།།
ཡིད་ལ་ཡང་ཡང་འཁོར་གྱི།།
དཀའ་སྡུག་ག་ཚད་འཕྲད་ཀྱང་།།
ད་དུང་བུ་ཆུང་ཟེར་བཞིན།།
བརྩེ་བའི་དྲིན་གྱིས་བསྐྱངས་པ།།
ཡིད་ལ་ཡང་ཡང་འཁོར་གྱི།།
མཚན་མོའི་རྨི་ལམ་ནང་ལ།།
ཨ་མའི་བུ་ཆུང་ཟེར་བཞིན།།
ཞལ་རས་འཛུམ་གྱིས་ཁེངས་ཏེ།།
བྱམས་བརྩེས་བསྐྱངས་པ་རྨིས་བྱུང་།།
ཞོགས་པ་ཡར་ལ་ལངས་དུས།།
ཐམས་ཅད་རྨི་ལམ་རེད་གདའ།།
བཀའ་དྲིན་ཅན་གྱི་སྐྱེད་མ།།
མཇལ་བའི་དུས་ཤིག་ཡོད་ན།།
ས་མཐའ་མི་ཡུལ་འདི་ནས།།
དྲིན་ཅན་ཕ་མ་དྲན་གླུ།།
སེམས་ཁོང་ཁོག་མ་ཀློང་ནས།།
དབང་མེད་འདི་ལྟར་ཤོར་ཐལ།།
( ལེའུ་གཉིས་པ།)
“ལྷང་ལྷང་དྲན་པའི་ཕ་ས་དྲོན་མོ།”
དཔྱིད་སྐྱ་སེར་སྔོ་སྡུག་ཕར་མཐའ་བྲོས།།
དབྱར་སྐྱིད་པའི་ལོ་ཟླ་རིམ་གྱིས་རྫོགས།།
སྟོན་ལོ་མ་སེར་པོ་ལྷགས་པས་འཁྱེར།།
དགུན་གྲང་ངར་ཆེན་པོ་སླེབས་མགོ་ཚུགས།།
ས་སྐྱིད་པོ་ཕ་ཡུལ་ཆབ་མདོ་ལུང་།།
དུས་ད་ལོ་ཆར་ཆུ་བཟང་ལེ་རེད།།
དཀར་འོ་མ་དབྱར་མཚོ་རྒྱས་དང་མཚུངས།།
འབྲུ་སྔོན་པོས་བང་མཛོད་ཡོངས་སུ་ཁེངས།།
དམན་བུ་མོའི་གླུ་དབྱངས་སྙན་སེ་སྙན།།
རྟ་འདོ་བའི་ཚེར་ལྷང་ཀྱུ་རུ་རུ།།
མ་རྒན་མོའི་འཛུམ་མདངས་འཕྱུར་སེ་འཕྱུར།།
གནས་དེ་ནི་ཕ་ཡུལ་ཆབ་མདོ་རེད།།
གཡས་ངོམས་ཆུ་སྔོན་པོ་དལ་གྱིས་རྒྱུ།།
གནས་སྐྱེ་འགྲོ་ཀུན་གྱིས་སྐོམ་པ་སེལ།།
གཡོན་རྫ་ཆུ་ཁམ་པ་དྲག་ཅིང་འཕྱུར།།
གནས་འཛམ་གླིང་ཡངས་པའི་ས་ཆེན་སྐོར།།
གནའ་སྔ་མོའི་གནའ་གྲོང་སོས་དལ་དེར།།
དུས་དེང་སྐབས་ཁང་ཆེན་རི་ལྟར་བརྩེགས།།
མི་ཐམས་ཅད་འདུ་འཛི་གནས་ལ་བྲེལ།།
གནས་དེ་ནི་ཕ་ཡུལ་ཆབ་མདོ་རེད།།
རྩྭ་ཡར་སྐྱེས་ཐམས་ཅད་སྨན་རྩྭ་རེད།
ཆུ་མར་འབབ་ཐམས་ཅད་སྨན་ཆུ་རེད།།
སྐྱེས་ཕོ་མོ་ཐམས་ཅད་ཆོས་སེམས་ཆེ།།
གནས་དེ་ནི་ཕ་ཡུལ་ཆབ་མདོ་རེད།།
གནས་ཁྲ་རྒོད་རྩེ་ནས་ཐེངས་གཅིག་བལྟས།།
གནས་འཇམ་དགོན་གདན་ས་ལྷང་ངེར་མཇལ།།
ཐུགས་མཁྱེན་བརྩེ་ནུས་གསུམ་དྲིན་ཅན་རྗེ།།
སྐྱབས་བླ་མའི་ཞལ་རས་ཡིད་ལ་འཁོར།།
གནས་ཕ་བོང་གནམ་ལྕགས་འབར་བ་ནས།།
རྗེ་བླ་མས་བཀའ་སྒོས་ཇི་གནང་བཞིན།།
གྲོགས་འཕྲིན་ལས་མ་ཆུང་བསྟན་འགྲོ་སྐྱོང་།།
ཆོས་སངས་རྒྱས་བསྟན་པ་བསྲུང་ཤིག་ཀྱེ།།
ཕ་དྲིན་ཆེན་མི་རྟག་རླུང་གིས་དེད།
བུ་ང་ཡི་སེམས་ཀྱི་མཁའ་དབྱིངས་སུ།
སྐྱོ་ལྷང་གི་ཆུ་འཛིན་ངང་གི་འདུས།
དྲིན་དྲན་ཞིང་སྒྱུ་མའི་མིག་ཆུ་ཐིགས།
ཆུང་བྱིས་པའི་དུས་ནས་མ་སོན་བར།
ཕ་ཁྱེད་ཀྱིས་མ་ཕྲུག་བདེར་འཚོ་ཕྱིར།
རང་སྡུག་སྦྱར་ཟས་ཅུང་འཚོ་ཐབས་མཐོང་།
དེ་ཡང་ཡང་དྲན་ཞིང་མིག་ཆུ་ཐིགས།
ས་ས་མཐོ་རླུང་གཙང་ང་ཡི་ཡུལ། །
སྨན་སྨན་རྩ་རྟ་ནོར་ཕྱུག་པའི་ཡུལ། །
ཡུལ་ཡུལ་ལུང་བདེ་ཆེན་ཞིང་ཁམས་འདྲ། །
ཕ་ཕ་ཡུལ་བོད་ལྗོངས་ང་ཡི་ཡུལ། །
མ་མ་ཡུམ་འཁྲུངས་ས་མཐོ་སྒང་བོད། །
མ་མ་སྐད་བརྒྱབ་ས་བོད་ལྗོངས་ཡུལ། །
མ་མ་མས་བསྐྱང་ས་ས་མ་འབྲོག །
མ་མ་ཡུམ་དྲིན་ཆེན་བཞུགས་ས་རེད། །
བོད་ས།
བོད་ས་འདི་ཕ་ས་རེད།
བོད་ས་འདི་མ་ས་རེད།
བོད་ས་འདི་སྐྱེས་ས་རེད། །
བོད་ས་འདི་འཆི་ས་རེད། །
༅༅། ང་དྲན་ཞིང་དྲན་ཞིང་ཕ་ཡུལ་དྲན། ངས་ཕ་ཡུལ་གངས་ཅན་ལུང་པ་དྲན།
ལྷ་སྲུང་མ་ཡུལ་ལྷ་གཞི་བདག་རྣམས་། ཅུང་ཙམ་ཞིག་སྐྱོབ་པ་མི་ཐུབ་བམ།
ངས་མི་རབས་ནས་ཀྱང་མི་རབས་བར། ལྷ་སྲུང་མ་ཡུལ་ལ་རྣམས་ལ་གསོལ།
ད་དུས་ངན་བྱུང་དུས་ཁྱེད་རྣམས་ནས་། སྐྱོབ་ཐུབ་པའི་ནུས་པ་མེད་པ་སྐྱོ།