ཡིག་ཕབ་པ། གླིང་ལོ་མ་སེར་པོ།
ཨེ་མ་ཧོ་ཡིས་འོས་སྦྱོར་བྱས།
དེ་རིང་བོད་རིགས་མང་པོ་ཞིག་དང་ལྷན་དུ་འཛོམས་ནས་ཁ་བརྡ་བྱེད་རྒྱུ་བྱུང་བར་སེམས་ཧ་ཅང་དགའ་པོ་བྱུང་། དེ་རིང་ཁ་བརྡ་བྱ་རྒྱུ་གཅོ་བོ་འཚོ་བ་དང་ཆོས་རིག་གནས་སྐོར་གྱི་ཁ་བརྡ་བྱ་རྒྱུ་ཡིན། ཁ་བརྡ་དེ་དོན་ཚན་གསུམ་གྱི་ཐོག་ནས་བྱ་རྒྱུ་ཡིན། ཕྱི་སྡོད་ཀྱི་བོད་མིས་རིག་གནས་སོགས་གང་གི་ཆེད་དུ་ཐུགས་གཟབ་གནང་དགོས་མིན། འདི་ན་ཡོད་པའི་བོད་མི་ཁ་ཤས་ཨ་རི་ལ་འབྱོར་ནས་ཡུན་རིང་ཡིན་པས་རྒྱལ་ཁབ་འདི་ལ་ཆ་རྒྱུས་ཧ་ཅང་ཡོད་རྒྱུ་རེད། ང་རང་ལ་ཆ་རྒྱུས་ཆེན་པོ་དེ་ཙམ་མེད་པས་ཆ་རྒྱུས་མེད་མཁན་ཞིག་གིས་ཆ་རྒྱུས་ཡོད་མཁན་ཞིག་ལ་མང་པོ་བཤད་ན་ཁྱད་མཚར་དེ་འདྲ་འགྱུར་གྱིན་རེད། ཡིན་ན་ཡང་། ཕྱོགས་གཅིག་ནས་བསམ་བློ་གཏོང་བ་ཡིན་ན་གནས་ཡུལ་ཙམ་མ་གཏོགས་བོད་རིགས་ཤིག་ཡིན་དུས་དོན་ཚན་གསུམ་ལ་བསམ་བློ་གཏོང་དགོས་ཀྱིན་འདུག དཔེར་ན། བོད་ནང་དུ་མཚོན་ན་མི་རིགས་གཞན་དང་ལྷན་དུ་འདུས་སྡོད་བྱེད་མཁན་མང་པོ་ཡོད་རེད། དེ་ཚོ་གང་འདྲ་བྱེད་ནས་གནས་དགོས་མིན་ཐད་བསམ་བློ་མང་པོ་གཏོང་མྱོང་ཡོད། མདོར་བསྡུས་ན་དོན་དག་གསུམ་ལ་འདུས་ཀྱིན་འདུག
དང་པོ། ང་ཚོ་མི་རིགས་གཞན་དང་ལྷན་དུ་གནས་སྐབས་གནས་ཡུལ་དེའི་རྩ་ཁྲིམས་དེ་གལ་ཆེན་དུ་བརྩིས་ནས་སློབ་སྦྱོང་ཡག་པོ་བྱ་དགོས་འདུག ཁྲིམས་ལུགས་ནི་རང་ཉིད་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཡག་ཤོས་དང་ཡུལ་ལུང་དེར་ཡུན་རིང་གནས་ཐུབ་པའི་ཐབས་ལམ་ཡག་ཤོས་ཀྱང་རེད། སྤྱིར་འཛམ་གླིང་གི་གྲོང་ཁྱེར་ཆེ་ཆུང་གང་སར་བོད་རིགས་མེད་ས་ཞིག་ཕལ་ཆེར་མི་འདུག རྩ་བའི་ཆ་ནས་ཁྲིམས་དང་སྒྲིག་ལམ་བརྩི་སྲུང་ཐད་ཡག་པོ་བྱ་རྒྱུ་འདུག ཡིན་ན་ཡང་། ཁ་ཤས་ནས་འཁྲུག་རྩོད་བྱས་པ་དང་མི་བསད་པའི་གནས་ཚུལ་ཉུང་ཤས་བྱུང་འདུག རྗེས་སུ་དེ་འདྲ་མི་ཡོང་བ་བྱེད་ནས་ཁྲིམས་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་རེད་འདུག ཨ་རིའི་གྲོང་ཁྱེར་འདི་ལ་མཚོན་ན་མི་རིགས་འདྲ་མིན་མང་པོ་ཞིག་འདུག མི་མང་པོ་འདི་དག་དང་མཉམ་གནས་བྱེད་དགོས་དུས་མི་དེ་དག་གི་ལུགས་སྲོལ་ཡག་པོ་ཞིག་ཧ་གོ་བའི་ཐོག་ནས་ལུགས་སྲོལ་དེ་དག་ལ་བརྩི་སྲུང་བྱེད་ཐུབ་དགོས་ཀྱིན་འདུག སྤྱི་ཚོགས་གང་དུ་གནས་ཀྱང་སྤྱི་ཚོགས་དེའི་ནང་དུ་ཞུགས་ཐུབ་པ་དང་གཏིང་ལ་འགྲོ་ཐུབ་པ་ཞིག་དགོས་འདུག མ་གཏོགས་སྤྱི་ཚོགས་ཀྱི་མཐའ་ལ་སོང་ན་མ་འོངས་པར་ཧ་ཅང་ཁག་པོ་ཡོང་རྒྱུ་རེད།
སྤྱི་ཚོགས་དེའི་ནང་ཞུགས་དགོས་ན་དེའི་ནང་ཡོད་པའི་མི་དག་གི་བསམ་བློ་གོམས་སྲོལ་རྣམས་ཤེས་པའི་ཐོག་ནས་དགོས་པ་མེད་སར་ཕོག་ཐུག་མི་གཏོང་བར་བྱ་རྒྱུ་གལ་ཆེན་རེད། དེ་དག་ལ་ཕོག་ཐུག་གཏོང་བ་ཡིན་ན་སྤྱི་ཚོགས་ཀྱི་གྲལ་དུ་མི་ཚུད་པར་མ་ཟད་དཀའ་ངལ་མང་པོ་ཞིག་ཡོང་གི་རེད། ས་གནས་འདི་ལ་ཆོས་ལུགས་དད་མོས་འདྲ་མིན་མང་པོ་ཡོད་པས་ཆོས་ལུགས་བཟང་ཕྱོགས་ལྡོག་ཕྱོགས་གང་བེད་སྤྱོད་གནང་ན་ནུས་པ་ཧ་ཅང་ཆེན་པོ་རེད། འཛམ་བུ་གླིང་གི་ནང་དུ་ཆོས་ལུགས་ཀྱི་ནུས་པ་འདྲ་བ་ཕལ་ཆེར་མེད་པ་ལྟ་བུ་རེད། རྒྱུ་མཚན། ཆོས་ལུགས་ཀྱིས་མིའི་སེམས་ཀྱི་གཏིང་དུ་བག་ཆགས་ཟབ་མོ་བཞག་ཡོད་པས་རེད། དེ་མིན་དཔལ་འབྱོར་ལྟ་བུ་ཡིན་ན་དོ་སྣང་བྱེད་ཀྱིན་ཡོད་རེད་མ་གཏོགས་སེམས་པའི་གཏིང་དུ་འཛུལ་ཐུབ་ཡོད་མ་རེད། རྒྱུ་མཚན། དེའི་ཕྱིར་དུ་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་འདྲ་མིན་གྱི་དད་མོས་ལ་བརྩི་བཀུར་ཡག་པོ་བྱེད་ཐུབ་དགོས་རེད།
བོད་པ་ལྟ་བུར་མཚོན་ན་རང་ས་རང་ཡུལ་དུ་ཡོད་སྐབས་ནང་ཆོས་མ་གཏོགས་ཆོས་ལུགས་གཞན་མུ་སྟེགས་པ་ཟེར་ནས་ཐབས་སྡུག་ཅིག་ལ་བརྩི་སྲོལ་ཡོད་རེད། ཡིན་ན་ཡང། ང་ཚོས་རྒྱལ་ཁབ་གཞན་པའི་ནང་དུ་བསམ་བློ་དེ་འདྲ་ཁྱེར་རྒྱུ་མི་འདུག རྒྱུ་མཚན་ཆོས་ལུགས་ཡོད་ཚད་དད་མོས་འདྲ་མཉམ་ཡིན་པས་བསམ་བློ་དེ་འདྲ་གཏོང་རྒྱུ་མེད་པར་མ་ཟད། ཁོ་ཚོའི་དད་མོས་ལ་བརྩི་བཀུར་བྱ་དགོས་ཀྱིན་འདུག ས་ཆ་གང་ཞིག་ཏུ་གནས་པ་ཡིན་ན་ས་གནས་དེའི་གོམས་སྲོལ་དང་ཆོས་ལུགས་དད་མོས་རྡོག་རོལ་ཏུ་བཏང་ན་རྙོག་གྲ་མང་པོ་ཡོང་བ་རེད། རྙོག་གྲ་དེ་འདྲ་ཡོང་བ་ཡིན་ན་སྤྱི་ཚོགས་ནང་དུ་གནས་རྒྱུ་ཁག་པོ་ཡོང་བ་རེད། དཔེར་ན། བོད་ནང་དུ་བསམ་བློ་གཏོང་བ་ཡིན་ན་བོད་པ་མང་པོ་སྡོད་སའི་གྲོང་ཁྱེར་ཆེ་ཤོས་གཉིས་ཡོད་རེད། ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དང་མཚོ་སྔོན་ཟི་ལིང་གཉིས་རེད། ཁྲིན་ཏུའུ་གྲོང་ཁྱེར་ནང་དུ་བོད་རིགས་མཉམ་དུ་གནས་ཡོད་པའི་ས་ཕྱོགས་ཤིག་ཡོད་རེད། ས་གནས་དེ་བོད་རིགས་ཀྱི་མཚོན་བྱེད་འདྲ་པོ་ཞིག་གྱུར་བསྡད་ཡོད་རེད། དངོས་གནས་བཤད་ན་ས་གནས་དེ་ལ་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན། བྱམས་སྙིང་རྗེ་ང་ཚོ་ལ་ཡོད་ཟེར་མཁན་གྱི་མི་རིགས་བསྡད་ཡོད་རེད། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་མེད་ཟེར་མཁན་ལས་ལྷག་ཅིག་ཡོད་དགོས་པ་རེད། ཡིན་ན་ཡང་། དེ་འདྲ་རྩ་བ་ནས་མིན་པར་མ་ཟད་དེ་ལས་ལྡོག་པར་གྱུར་ཚར་བ་རེད། ཁྲིན་ཏུའུ་གྲོང་ཁྱེར་གྱི་རྙོག་གྲ་ཆེ་ཤོས་ཀྱི་ས་གནས་སུ་གྱུར་ཡོད་རེད། ད་སྐབས་བོད་མི་རིགས་ཟེར་བ་དེ་དེ་འདྲ་ཞིག་ཡིན་ས་རེད་བསམ་པའི་བག་ཆགས་བཞག་ཚར་བ་རེད། དཔེར་ན། འདི་ན་ཡོད་མཁན་དག་གིས་ཀྱང་ཁྲིན་ཏུའུ་ན་ཡོད་པའི་བོད་པ་ཚོ་ནང་བཞིན་ས་གནས་ཀྱི་ཁྲིམས་དང་ཆོས་ལུགས་སོགས་བརྩི་འཇོག་གང་ཡང་བྱེད་མ་ཤེས་པར་རྐུ་འཕྲོག་སོགས་གཡོ་སྒྱུའི་ལས་བྱས་པ་ཡིན་ན། མི་རིགས་གཞན་ཚང་མས་བོད་རིགས་ལ་བརྩི་མཐོང་བརླག་འགྲོ་བས་ཚང་མས་ཐུགས་བསམ་གནང་དགོས་འདུག
དེང་སང་དྲྭ་བའི་ཐོག་ལ་བོད་པའི་སྐོར་རྩོམ་མང་པོ་འདུག ཁ་ཤས་ཀྱིས་བོད་པ་ཡག་པོ་འདུག་ཅེས་བྲིས་འདུག ཡང་ཁ་ཤས་ཀྱིས་སྡུག་པོ་འདུག་ཅེས་བྲིས་འདུག དེ་དག་ནི་བོད་པ་ཡག་པོ་ཞིག་དང་འཕྲད་པའི་རྩོམ་འབྲི་དག་གིས་བོད་པ་ཡག་པོ་འདུག་ཅེས་བྲིས་པ་རེད་འདུག ཡང་བོད་པ་སྡུག་པོ་ཞིག་དང་འཕྲད་མཁན་རྩོམ་འབྲི་བ་དག་གིས་བོད་པ་སྡུག་པོ་རེད་ཅེས་བྲིས་པ་རེད་འདུག རྒྱུ་མཚན་དེས་ཕྱིར་བོད་པ་མི་རེ་རེ་བོད་པའི་མཚོན་བྱེད་དུ་འགྱུར་འགྲོ་བཞིན་འདུག དེ་དག་ཡག་པོ་ཞིག་ཧ་གོ་བའི་ཐོག་ནས་ཚང་མས་སེམས་ལ་འཛིན་རྒྱུ་གལ་ཆེན་པོ་རེད་འདུག
ང་ཚོ་ཡུལ་ལུང་གང་འདྲ་ཞིག་ཏུ་གནས་ཀྱང་རང་ཚུགས་མི་ཤོར་བ་བྱ་དགོས་འདུག ས་གནས་འདི་ལ་མཚོན་ན་བོད་པ་སྟོང་ཁྲག་ཁ་ཤས་འདུག གལ་ཏེ་ཆོས་དང་རིག་གཞུང་རང་ཚུགས་བཟུང་ནས་གནས་མ་ཐུབ་པ་ཡིན་ན་ལོ་སུམ་ཅུ་ཡི་རྗེས་སུ་བོད་པ་རེད་ཟེར་ནས་བཤད་ན་ཆོག་པ་མང་པོ་ལྷག་ཡོད་རྒྱུ་མ་རེད། ལོ་བདུན་ཅུ་བརྒྱད་ཅུ་ཡི་རྗེས་སུ་སྔོན་མ་གྲོང་ཁྱེར་འདིའི་ནང་དུ་བོད་པ་མང་པོ་ཡོད་རེད། ད་ལྟ་གཅིག་ཀྱང་མཐོང་རྒྱུ་མི་འདུག་ཟེར་བ་དེ་འདྲར་འགྱུར་འགྲོ་རྒྱུ་རེད། རང་ཚུགས་ཡག་པོ་བཟུང་ཐུབ་སོང་ན་ད་ལྟ་སྟོང་ཕྲག་ལྔ་ཡོད་པ་ཡིན་ན་ལོ་སུམ་ཅུའི་རྗེས་སུ་སྟོང་ཕྲག་བརྒྱད་དགུ་ཙམ་གོང་འཕེལ་ལ་འགྲོ་རྒྱུ་རེད། ལོ་བདུན་ཅུ་ཡི་རྗེས་སུ་ཁྲི་ཉིས་གསུམ་ཙམ་ལ་འགྱུར་འགྲོ་རྒྱུ་རེད།
རང་ཚུགས་ཡག་པོ་བཟུང་ནས་གནས་ཐུབ་པ་ཡིན་ན་རྗེས་མ་རིམ་གྱིས་ཆོས་དང་རིག་གཞུང་གང་གི་ཐད་ནས་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད། དེ་འདྲ་མ་ཐུབ་པ་ཡིན་ན་ཆོས་དང་རིག་གནས་སྲུང་སྐྱོབ་བྱ་རྒྱུ་ཕར་ཞོག་སོ་སོ་རང་ཉིད་ཡང་སྲུང་སྐྱོབ་བྱ་མ་ཐུབ་པར་གཞན་པའི་ནང་དུ་ཐིམ་འགྲོ་རྒྱུ་རེད། གནས་ཚུལ་དེ་འདྲ་བོད་པ་གཅིག་པོ་མ་རེད། དུས་རབས་ཉེར་གཅིག་པའི་ནང་དུ་མི་རིགས་ཉམ་ཆུང་མང་པོ་ཞིག་དེ་འདྲར་འགྱུར་འགྲོ་བཞིན་འདུག བོད་ཀྱི་གཏམ་དཔེའི་ནང་དུ་ཡང་། རོགས་ལ་ལྟ་ཤེས་དང་། ཁྱིམ་ཚེས་ལ་ཉན་ཤེས། ཟེར་བ་ཞིག་ཡོད་རེད། དེ་བཞིན་མི་རིགས་གཞན་པ་དག་ཅི་འདྲ་འགྱུར་གྱིན་ཡོད་པ་དག་ལ་བལྟས་ནས་ང་ཚོ་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་པ་ཅུང་ཙམ་ཤེས་རེད། རང་ཚུགས་བཟུང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། རང་ཚུགས་གང་གི་ཐོག་ནས་འཛིན་དགོས་རེད་དམ་ཞེ་ན། ཆོས་དང་རིག་གཞུང་གི་སྟེང་ནས་འཛིན་དགོས་རེད། འཛམ་བུ་གླིང་གི་ཐོག་ནས་མི་རིགས་ཤིག་ཡིན་མིན་ཆ་རྐྱེན་བཞི་ཡི་ཐོག་ནས་བཤད་ཀྱིན་ཡོད་རེད།
དང་པོ་ནི། སྔོན་ཆད་ཡིན་ན་ས་ཆ་གཅིག་གི་ཐོག་ཏུ་སྡོད་མཁན། ད་ལྟ་ཡིན་ན་དེ་ལ་ངེས་པ་ཡོད་མ་རེད། གཉིས་པ་ནི། དཔལ་འབྱོར་གྱི་ཐོན་ཁུངས་གཅིག་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན། བོད་པ་ལ་མཚོན་ན་གཙོ་ཆེ་བ་ཕྱུགས་ལས་དང་ཞིང་ལས་ལ་བརྟེན་ན་ས་འཚོ་བ་སྐྱེལ་བཞིན་ཡོད་རེད། དེ་ཡང་སྔ་མའི་ལོ་རྒྱུས་རེད། གསུམ་པ་ནི། སྐད་དང་ཡི་གེ་གཅིག་པ། བཞི་པ་ནི། བསམ་བློ་ཡི་འཁྱེར་སོ་གཅིག་པ། ད་སྐབས་ཡིན་ན་སྐད་དང་ཡི་གེ་གཅིག་པ་ཡིན་པ་དང་བསམ་བློ་ཡི་འཁྱེར་སོ་གཅིག་པ་ཡིན་པ་གཉིས་དེ་ཚང་ན་མི་རིགས་ཤིག་ལ་ངོས་འཛིན་བྱ་ཆོག་རེད། ཉིན་ཞིག་ལ་རྒྱ་ནག་ཏུ་གནས་མཁན་གྱིས་རྒྱ་ཡིག་རྒྱ་སྐད་བཤད། ཕྱི་རྒྱལ་དུ་གནས་མཁན་དག་གིས་ཡུལ་ལུང་དེ་དག་གི་སྐད་བཤད་ནས་ང་ཚོ་ལ་སྐད་དང་ཡི་གེ་སོ་སོར་གྱུར་བ་དང་དེ་ནང་བཞིན་བསམ་བློ་གཏོང་ཚུལ་ཡང་སོ་སོར་གྱུར་སོང་ན་དེ་དུས་ང་ཚོ་མི་རིགས་གཅིག་ཡིན་བཤད་དགོས་ན་ཧ་ཅང་ཁག་པོར་འགྱུར་ཚར་བ་རེད། གནས་སྐབས་དེ་འདྲ་སླེབས་དུས་ཁྲག་རྒྱུན་གཅིག་པ་ཟེར་བ་མ་གཏོགས་ཡོད་མ་རེད། ཁྲག་ནི་འཕྲུལ་ཆས་ཀྱིས་མ་བརྟག་ན་ཅི་ཡང་ཤེས་ཐུབ་པ་མ་རེད། འཛམ་བུ་གླིང་གི་ནང་དུ་ང་རང་སོག་པོ་ཡིན་བསམ་མཁན་ཁ་ཤས་ཁྲག་བརྟག་དཔྱད་བྱེད་དུས་སོག་པོ་ཡི་ཁྲག་རྒྱུན་མིན་མཁན་དེ་འདྲ་མང་པོ་འབྱུང་བཞིན་ཡོད་རེད། སེམས་ཀྱི་ནང་དུ་ཞེན་པ་དང་བརྩེ་བ་ཕྲན་བུ་ནི་མི་རིགས་གཅིག་པ་མིན་ནའང་འབྱུང་ཆོག་པ་རེད། དེ་དག་ལ་ཐུགས་བསམ་ཆེན་པོ་གནང་དགོས་ཀྱིན་འདུག
འཛམ་བུ་གླིང་ནང་དུ་བོད་པ་གཅིག་པུ་མ་ཡིན་པ་སྐྱབས་བཅོལ་བ་མང་པོ་ཡོད་རེད། སྐྱབས་བཅོལ་མི་རབས་དང་པོ་དཀའ་ལས་ཆེ་ཤོས་རེད། མི་རབས་དང་པོ་དེས་འཚོ་བ་དང་རིག་གནས་སོགས་ཀྱི་ཆེད་དུ་དཀའ་ལས་མང་པོ་ཞིག་བརྒྱབ་དགོས་རེད། གནད་དོན་ཆེ་ཤོས་དང་འགན་ཆེ་ཤོས་ཀྱང་མི་རབས་དང་པོ་དེ་ལ་ཡོད་རེད། མི་རབས་རྗེས་མ་དག་ལམ་ཁ་གང་འདྲ་ཞིག་ལ་འཁྲིད་མིན་མི་རབས་དང་པོ་དེར་རག་ལས་ཡོད་རེད། མི་རབས་དང་པོ་དེས་གདམ་ཁ་ཡག་པོ་མ་བརྒྱབ་ན་མི་རབས་གསུམ་པ་ནས་འཇུག་རྫོགས་འགྲོ་རེད། རྣམ་པ་ལྷན་རྒྱས་ཀྱིས་སྐྱབས་བཅོལ་མི་རིགས་དག་གི་ལོ་རྒྱུས་ལ་གཟིགས་དང་ཤེས་རེད། ང་ཚོས་མིག་རྒྱང་རིང་ཙམ་ལ་ལྟ་རྒྱུ་དེ་གནད་འགག་ཧ་ཅང་གལ་ཆེན་རེད་འདུག བོད་པའི་སྤྱི་ཚོགས་ནང་དུ་བལྟས་པ་ཡིན་ན་ཉེན་ཁ་ཅན་གྱི་གནས་ཚུལ་ཡང་འདུག དཔེར་ན། བོད་པའི་བྱིས་པ་ལ་ཤས་བོད་སྐད་རྩ་བ་ནས་རྒྱག་མི་ཤེས་མཁན་འདུག དེ་དག་ཕ་མ་ཚོའི་རིན་ཐང་གི་ལྟ་བར་ཐུག་ཡོད་རེད། ཕ་མ་ཚོས་བསམ་བློ་གཏོང་དགོས་རེད། སྤྱིར་མི་ཡུལ་ལུང་པ་ནས་འཚོ་བ་སོགས་ཀྱི་ཐད་ནས་དཀའ་ལས་ཡོད་པས་ཁག་མེད་པ་འདྲ་པོ་ཡང་ཡོད་རེད། ཡིན་ན་ཡང་། སྐད་དང་ཡི་གེ་ཕར་གཡུག་དགོས་པའི་གནས་ཚུལ་དེ་འདྲ་ཡོང་མ་རེད།
སྤྱིར་ན་མི་རིགས་གཞན་གྱི་སྐད་ཡིག་ཤེས་དགོས་རེད། དེ་དགོས་མ་རེད་ཅེས་ནམ་ཡང་བཤད་ཀྱིན་མེད། འོན་ཀྱང་ང་ཚོའི་མི་རིགས་འདིའི་སྐད་ཡིག་བརླག་བཞག་ན་འགྲིག་པ་མ་རེད། ཕ་མ་ཚོ་ཡིན་ནའང་འགན་ཁུར་དགོས་རེད། གལ་སྲིད་རང་ཉིད་ཀྱི་བྱིས་པ་བོད་སྐད་བོད་ཡིག་མ་ཤེས་པ་བཟོས་ན་རང་ཉིད་ཀྱི་བྱིས་པ་དེ་བོད་མི་རིགས་ཀྱི་གྲལ་ནས་ཕར་ཕུད་བཞག་པ་རེད། མི་གཞན་པ་སུས་ཀྱང་མི་རིགས་ཀྱི་གྲལ་ནས་ཕུད་ཐུབ་རྒྱུ་ཁག་པོ་རེད། རང་ཉིད་ཀྱིས་ཕུད་ཀྱིན་ཡོད་རེད། མི་རབས་གསུམ་པར་སླེབས་དུས་ལོ་ཆུང་མང་པོ་ཞིག་སེམས་ནང་རང་ཉིད་བོད་མི་རིགས་ཀྱི་གྲལ་ནས་ཕུད་ཡོད་པ་ཤེས་ནས་ཁོང་ཁྲོ་ལངས་ཀྱིན་རེད། གནས་ཚུལ་དེ་འདྲ་ནི་མི་རིགས་གཞན་པའི་ནང་དུ་ཧ་ཅང་མང་པོ་འདུག གནས་ཚུལ་དེ་འདྲ་བྱུང་ན་ཡག་པོ་ཡོད་མེད་ད་ལྟ་ནས་བསམ་བློ་གཏོང་དགོས་རེད། གནད་དོན་ཚོ་ཤེས་པའི་ཐོག་ནས་ཐབས་ཤེས་གང་འདྲ་དགོས་ཀྱིན་འདུག་གམ་ཅེ་ན། སྤྱིར་འཛམ་བུ་གླིང་གི་ཐོག་ལ་སློབ་གསོའི་ཀ་ཆེན་གསུམ་ཡོད་རེད། དེ་ནི་ཁྱིམ་ཚང་སློབ་གསོ། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་གསུམ་རེད།
སློབ་གྲྭའི་སློབ་གསོ་འདི་ལ་ཡོད་པའི་བོད་པ་ཡིན་ན་དབྱིན་ཇིའི་སློབ་གྲྭ་ནང་ལ་འགྲོ་ནས་སློབ་སྦྱོང་ཡག་པོ་བྱེད་དགོས་རེད། མ་གཏོགས་སྤྱི་ཚོགས་ནང་ནས་གོམ་པ་རྒྱག་ཐུབ་གི་མ་རེད། གལ་སྲིད་མ་འོངས་པར་སློབ་གྲྭ་འདི་དག་གི་ནང་དུ་བོད་ཡིག་འཛིན་གྲྭ་འཛུགས་ཐུབ་ན་ཡག་པོ་ཡོང་རྒྱུ་རེད། དཔེར་ན། དབྱིན་ཏོས་ནིས་ཤུ་ཡའི་རྒྱལ་པོ་གོང་མ་དེས་མི་ལོ་སུམ་ཅུ་ལ་དབང་ཆ་འཛིན་འདུག ལོ་དེ་དག་གི་ནང་དུ་ཆ་གཞི་གང་འདྲ་བཞག་ཅེ་ན། དེ་ལ་ཡོད་པའི་རྒྱ་ནག་སློབ་གྲྭ་གཅིག་ཀྱང་མེད་པ་བཟོས་པར་མ་ཟད་རྒྱ་ནག་གི་བྱིས་པ་དག་གིས་རྒྱ་སྐད་རྒྱག་མ་ཆོག་པའི་སྲིད་ཇུས་བཞག་འདུག ཆ་གཞི་དེ་འདྲ་བཞག་ནས་ལོ་སུམ་ཅུ་མ་གཏོགས་སོང་ཡོད་མ་རེད། མི་ལོ་སུམ་ཅུའི་དུས་ཡུན་རིང་པོ་དེ་འདྲ་མ་རེད། ཡིན་ན་ཡང་། དེ་ལ་ཡོད་པའི་རྒྱ་ནག་གི་བྱིས་པ་དག་གིས་རྒྱ་ནག་གི་སྐད་ཡིག་རྩ་བ་ནས་མི་ཤེས་པར་བཟོས་འདུག ད་སྐབས་ཀྱི་སྲིད་འཛིན་གསར་པ་དེས་སྒོ་ཕྱེས་ནས་རྒྱ་ནག་གི་སྐད་ཡིག་བསླབ་ཆོག་པ་བྱས་འདུག ཡིན་ན་ཡང་། མང་ཆེ་བས་ཤེས་ཀྱིན་མི་འདུག ང་ཚོ་དེ་འདྲ་ཞིག་ལ་གྱུར་སོང་ན་ཧ་ཅང་བློ་ཕམ་པོ་རེད། རྒྱང་ལ་བལྟས་ནས་ལས་ཀ་མ་ལས་པ་ཡིན་ན་ཉེན་ཁ་ཆེན་པོ་ཡོད་རེད། དོན་དངོས་སྟེང་དུ་ལས་ཀ་མ་ལས་པར་ཁ་གཅིག་པོས་བཤད་ནས་བསྡད་པ་ཡིན་ན་དཀའ་ལས་ཁག་པོ་རེད། དང་ཐོག་ཁྱིམ་ཚང་གི་སློབ་གསོ་ནས་འགོ་འཛུགས་རྒྱུ་ཧ་ཅང་གལ་ཆེན་རེད་འདུག ང་ཚོ་བོད་ཀྱི་སྲོལ་རྒྱུན་ནང་དུ་ཁྱིམ་ཚང་གི་སློབ་གསོ་དང་སློབ་གྲྭའི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་ཟེར་ནས་བཤད་སྲོལ་མེད་པར་མ་ཟད་དོན་དངོས་ཐོག་ཏུ་དེ་འདྲ་ལག་ལེན་ཡང་མི་འདུག
དབུས་གཙང་ལ་མཚོན་ན་སྐུ་དྲག་མང་པོ་ཡོད་རེད། དེ་ཚོ་ལ་མཚོན་ན་ཡིག་ཐོག་ལ་མེད་རུང་ངག་རྒྱུན་ལ་བྱིས་པ་དག་ལ་སློབ་གསོ་མང་པོ་ཞིག་འདུག གཞན་ཁམས་དང་ཨ་མདོ་ཕྱོགས་སུ་ཡིན་ན་ཁྱིམ་ཚང་སྐྱོ་པོ་ཕ་མས་ཡི་གེ་རྩ་བ་ནས་མ་ཤེས་རུང་བྱིས་པ་དག་ལ་སློབ་གསོ་རྒྱག་ཚུལ་ཞིག་འདུག དཔེར་ན། མི་ལ་སྐད་ཆ་བཤད་ན་གང་འདྲ་བཤད་དགོས་མིན་དང་ཟ་མ་བཟའ་ན་གང་འདྲ་ཞིག་བྱེད་ནས་བཟའ་དགོས་མིན་སོགས་མང་པོ་ཞིག་འདུག དེ་དག་ནི་ཁྱིམ་ཚང་སློབ་གསོ་རེད། ང་ཚོས་ཀྱང་ཁྱིམ་ཚང་སློབ་གསོ་ནས་འགོ་འཛིན་དགོས་རྒྱུ་འདུག སྤྱིར་མི་རིགས་གཞན་པའི་སྐད་ཡིག་ཤེས་དགོས་པ་ཡིན་ན་ཡང་ཁྱིམ་ཚང་དུ་འཛོམས་དུས་རང་སྐད་མ་གཏོགས་སྐད་རིགས་གཞན་རྒྱག་མི་ཆོག་པའི་སྒྲིག་ལམ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ས་གནས་གཞན་ལ་ཡོད་པའི་མི་རིགས་དག་ལ་དེ་འདྲའི་ལུགས་སྲོལ་འདུག བོད་རིགས་མང་པོ་ཞིག་ལ་འབྲེལ་འདྲིས་བྱས་ནས་སྐད་ཆ་དྲིས་པ་ཡིན། ཁོང་ཚོ་མང་པོ་ཞིག་གིས་བཤད་རྒྱུར། བོད་མི་ལྷན་འཛོམས་སྐབས་སུ་བོད་སྐད་བེད་སྤྱོད་མི་བྱེད་པར་གཞན་སྐད་ཀྱི་སྟེང་ནས་ཁ་བརྡ་བྱེད་ཀྱིན་རེད་ཟེར་ནས་བཤད་ཀྱིན་འདུག ང་རང་གིས་བསམ་བློ་གཏོང་བ་ཡིན་ན་དེ་འདྲ་བྱེད་དགོས་པའི་རྒྱུ་མཚན་གཉིས་འདུག
དང་པོ་ནི། བོད་མི་གཉིས་ཐུག་སྐབས་གཞན་སྐད་སྨྲ་ནས་ཁ་བརྡ་མ་བྱས་ན་རང་ཉིད་རིག་གནས་ཀྱི་ཆུ་ཚད་མེད་པའི་སྣང་ཚུལ་དང་སྤྱི་ཚོགས་ཀྱི་རྗེས་ཆོད་ཀྱིན་མེད་པའི་ཉམས་སྣང་བྱུང་བ། གཉིས་པ་ནི། སྣང་ཚུལ་དེ་བསམ་བློ་ཡག་པོ་མ་རེད། སྣང་ཚུལ་དེ་འདྲ་ང་ཚོ་བོད་རིགས་གཅིག་པུ་མ་ཡིན་པ་འཛམ་གླིང་གི་མི་རིགས་སྐྱོ་བོ་ཐམས་ཅད་ལ་ཚོར་སྣང་དེ་བྱུང་འདུག ཚོར་སྣང་དེ་འདྲ་ལ་བརྟེན་ནས་སྐད་རིགས་ཧ་ཅང་མང་་པོ་ཉམས་རྒུད་ལ་སོང་ཡོད་རེད། འདི་ན་ཡོད་པའི་བོད་རིགས་མང་པོ་ཞིག་འདི་ལ་གནས་འགྲོ་རྒྱུ་རེད། གང་ཡིན་ཞེ་ན། ལོ་ཆུང་མང་པོ་ཞིག་འདི་ཡི་འཚོ་བ་དང་ས་ཆ་ལ་གོམས་སོང་བས་ཕ་ཡུལ་ལྟ་བུར་གྱུར་ཡོད་རེད། འདི་ལ་གནས་ཀྱང་མ་གནས་ཀྱང་རང་སྐད་རྒྱག་དུས་རྗེས་ལུས་ཡིན་པའི་ཚོར་སྣང་དེ་ཡག་པོ་མིན་པ་བསམ་བློའི་ནང་ནས་དོར་དགོས་རེད། བོད་པ་གཉིས་ལྷན་དུ་འཛོམས་དུས་གཞན་གྱི་སྐད་རིགས་སྤྱོད་དགོས་པ་ཡོད་མ་རེད། རང་གི་སྐད་རིགས་སྤྱོད་རྒྱུ་གནད་འགག་ཆེན་པོ་རེད། ཚན་རིགས་སོགས་གསར་པ་མང་པོ་ཞིག་གི་ཐོག་ནས་ཅུང་ཙམ་རྗེས་ལུས་རེད་འདུག འོན་ཀྱང་བསམ་བློ་སོགས་ཧ་ཅང་གཏིང་ཟབ་མོ་དང་ཕུན་སུམ་ཚོགས་པ་ཞིག་འདུག ང་ཚོས་ང་ཚོར་ཡོད་བཤད་པ་མ་རེད། འཛམ་བུ་གླིང་གི་བོད་ལ་ཆ་རྒྱུས་ཡོད་མཁན་དག་གིས་ཧ་གོ་ནས་བཤད་ཀྱིན་ཡོད་རེད།
གཉིས་པ་ནི། སྐྱབས་བཅོལ་མི་རབས་དང་པོ་ལོ་རྒན་པ་ཡིན་པས་གཞན་སྐད་རྒྱག་རྒྱུ་ཅུང་དཀའ་ཁག་ཡོད་པས་གཞན་གྱི་སྤྱི་ཚོགས་ནང་དུ་གཞན་སྐབས་བཤད་མི་ཤེས་པ་དེ་ཐབས་མེད་པའི་རྒྱུ་མཚན་གྱིས་རང་ཉིད་སྐད་ཡིག་ཡར་རྒྱས་འགྲོ་ཆེད་བུ་ཕྲུག་ལ་ཁྱིམ་ཚང་དུ་བོད་སྐད་མི་བཤད་པར་གཞན་སྐད་བཤད་ཀྱིན་ཡོད་ས་རེད། དེ་འདྲ་བྱས་པ་ཡིན་ན་ཕ་མ་རང་ཉིད་ཀྱིས་གཞན་སྐད་འཁྱ་གེ་འཁྱོག་གེ་རེ་བཤད་པར་ཕན་ཐོགས་ཡོད་ཀྱང་བྱིས་པ་དག་ལ་ཤུགས་རྐྱེན་ངན་པ་བཞག་འགྲོ་གི་ཡོད་རེད། ཁྱིམ་ཚང་ནང་དུ་གཞན་སྐད་སྤྱོད་པའི་གོམ་གཤིས་་ངན་པ་གྱུར་འདུག་པར་ང་ཚོ་ཚང་མས་བསམ་བློ་ནན་ཏན་གཏོང་དགོས་ཀྱིན་འདུག་མ་གཏོགས་ཡག་པོ་རྩ་བ་ནས་མི་འདུག
ང་ཚོ་ལ་ཐ་སྙད་རྙིང་པ་ཕུན་སུམ་ཚོགས་པ་ཞིག་ཡོད་རེད། ཡིན་ཡང་། ཐ་སྙད་གསར་པ་ཧ་ཅང་ཉུང་ཉུང་རེད་འདུག་པས་གསར་པོ་མང་པོ་ཞིག་བཟོས་ཡོད་རེད །དེ་ལ་མང་ཚོགས་ཚང་མས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་རེད། ཉིས་སྟོང་བཅོ་ལྔ་ལོར་ཁམས་ནང་ཆེན་དུ་ཐ་སྙད་གསར་པའི་རྒྱུགས་བླངས་ནས་ཨང་དང་པོར་བྱ་དགའ་རླངས་འཁོར་ཞིག་དང་གཉིས་པར་འཕྲུལ་རྟ་ཞིག་སྤྲད་འདུག དེ་དཔེར་མཚོན་ཙམ་མ་གཏོགས་ས་གནས་མང་པོ་ལ་དེ་འདྲའི་བྱ་འགུལ་སྤེལ་འདུག གལ་སྲིད་བསྲེས་སྐད་བཤད་པ་ཡིན་ན་ཉེས་ཆད་བཅད་པའི་ལུགས་སྲོལ་དེ་འདྲ་ཡང་ཡོད་རེད། ཨ་མདོ་ནས་བླ་མ་རྒན་པ་ཞིག་ཅ་དངོས་ཉོ་བར་ཚོང་ཁང་ཞིག་གི་ནང་དུ་སོང་བ་རེད། ཚོང་ཁང་དེས་བོད་སྐད་ཡག་པོ་རྒྱག་མ་ཤེས་ན་ཉེས་ཆད་སྒོར་མོ་གཅིག་རེ་བཅད་རྒྱུའི་འཆར་གཞི་བཞག་འདུག བླ་མ་རྒན་པ་ཚོང་ཁང་དེའི་ནང་དུ་སོང་ནས་袜子དེ་ལ་གོང་ཚད་ཅི་ཙམ་རེད་ཅེས་དྲིས་པ་རེད། ཚོང་ཁང་བདག་པོ་དེས་རྐང་ཤུབ་དེ་ལ་སྒོར་གསུམ་དང་ཁྱེད་ཀྱིས་སྦྲག་སྐད་བཤད་པ་ལ་སྒོར་གཅིག ཁྱོན་སྒོར་བཞི་རེད་ཅེས་ལབ་འདུག བླ་མ་རྒན་པ་དེས་ཀྱང་ཡིན་དང་ཡིན་བཤད་ནས་སྒོར་བཞི་སྤྲད་པ་རེད། སྐད་གཞན་པ་བརྒྱབ་མི་ཆོག་ཟེར་གི་ཡོད་མ་རེད། ཡིན་ཡང་། སྐད་གང་འདྲ་ཞིག་བརྒྱབ་ནའང་གཙང་མ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ཚོའི་ཐད་ལ་བསམ་བློ་གཏོང་དགོས་ཀྱིན་འདུག བྱིས་བཅོལ་ཁང་དུ་ཕྲུ་གུ་འཇོག་རྒྱུ་དེ་ཉེན་ཁ་ཆེན་པོ་རེད། དཔེར་ན་བྱིས་བཅོལ་ཁང་གི་དགེ་རྒན་དབྱིན་ཇི་མ་གཏོགས་བོད་པ་མེད་ན་གཤིས་ཀ་དེ་འགྱུར་འགྲོ་བ་རེད། ཕ་མ་དག་ལས་ཀར་འགྲོ་དགོས་པས་བྱིས་པ་བདག་གཉེར་ཐད་དཀའ་ཁག་ཡོད་པ་བདེན་པ་རེད། ཡིན་ན་ཡང་། ཐབས་ཤེས་ཤིག་ཡོད་རེད། སློབ་གྲྭ་རྒྱག་མ་ཐུབ་ཀྱང་བྱིས་བཅོལ་ཁང་སྒོར་མོ་བསྡུས་ནས་རྒྱག་ཐུབ་རྒྱུ་རེད། བོད་པའི་དགེ་རྒན་ཚད་ལྡན་ཁ་ཤས་བཞག་ནས་བྱིས་པ་དག་བདག་པོ་རྒྱག་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད་རེད། བོད་པ་མཉམ་དུ་འཛོམས་སྐབས་བོད་ཀྱི་གཞས་དང་ཞབས་བྲོ་རྒྱག་རྒྱུ་དང་བོད་པ་མང་སར་བོད་ཀྱི་དཔེ་མཛོད་ཁང་དང་འགྲེམ་སྟོན་ཁང་ཡོད་རྒྱུ་གལ་གནད་ཆེན་པོ་རེད་འདུག དཔེ་མཛོད་ཁང་དང་འགྲེམ་སྟོན་ཁང་ནང་དུ་བཟའ་ཉི་མར་བུ་ཕྲུག་ཁྲིད་ནས་སོང་བ་ཡིན་ན་གོམས་གཤིས་ཡག་པོར་འགྱུར་ཡོང་རེད། འགྲེམ་སྟོན་ཁང་དུ་ཆོས་ལུགས་ཀྱི་ཅ་དངོས་དང་འཇིག་རྟེན་གྱི་དངོས་རྫས་སོགས་བཞག་ནས་བྱིས་པ་དག་ལ་གོ་བརྡ་རེ་སྤྲད་གནང་ན་ཕན་ཐོགས་ཡོད་རེད།
གཞན་ལྷན་འཛོམས་ཀྱི་སྐབས་སུ་བོད་སྐད་གཙང་མའི་ཁ་བརྡ་བྱ་རྒྱུའི་བྱེད་སྒོ་སྤེལ་ནས་ཡག་པོ་བྱུང་མཁན་དག་ལ་གཟེངས་རྟགས་སྤྲད་པ་སོགས་བྱས་ན་དེ་དག་སྤྱི་ཚོགས་སློབ་གསོ་རེད། ང་རང་གིས་སྐད་དང་ཡི་གེ་གནད་འགག་ཧ་ཅང་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད། ང་ཚོ་སྡོད་སའི་ས་ཆའི་སྐོར་ལ་ཅུང་ཙམ་བཤད་རྒྱུ་ཡིན། སྤྱིར་ཁྱེད་ཚོ་ས་ཕྱོགས་མང་པོ་ལ་ཁ་འཐོར་ནས་གནས་ཡོད་པས་ཕྱོགས་གཅིག་ཏུ་འདུག་རྒྱུ་ཁག་པོ་རེད། ཡིན་ན་ཡང་། རྗེས་སུ་རིམ་པར་ཕྱོགས་གཅིག་ཏུ་གནས་ཐུབ་ན་དགེ་མཚན་མང་པོ་ཡོད་རེད། རྒྱ་ནག་གི་ས་ཆ་ཞིག་ལ་མི་རིགས་ཤིག་གི་ཚོང་པ་ཁ་ཤས་ལོ་བརྒྱ་ཙམ་གོང་དུ་གྲུ་གཟིངས་ལ་སྐྱོན་ཤོར་ནས་ཡུལ་དུ་ལོག་མ་ཐུབ་པར་ས་དེར་ཁ་འཐོར་ནས་གཞི་ཆགས་འདུག ད་སྐབས་ཁོ་ཚོ་ཕྱོགས་གཅིག་ཏུ་གྲོང་ཚོ་ཆེན་པོ་ཞིག་བཟོས་ནས་གནས་འདུག དེ་ལྟར་མི་རིགས་ཆུང་ཆུང་དག་ཕྱོགས་གཅིག་ཏུ་གནས་ཐུབ་ན་སྐད་ཡིག་རིག་གཞུང་སོགས་ལ་ཕན་པ་ཆེན་པོ་ཡོད་རེད། བོད་ཀྱི་གཤིས་ཀ་དེ་བོད་ཀྱི་སློབ་གསོའི་སྟེང་ནས་ཡོང་དགོས་རེད། བྱིས་པ་ལ་ཆུང་དུས་ནས་སློབ་གསོ་ཡག་པོ་རྒྱག་པ་ཡིན་ན་གཤིས་ཀ་དེའང་ཡག་པོར་འགྱུར་འགྲོ་རེད།
སྤྱིར་བོད་ཀྱི་གཤིས་ཀ་ནི་བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་བསྲུང་མཁན་ཞིག་རེད། ང་རང་ལ་མཚོན་ན་མང་ཚོགས་མང་པོ་དང་འབྲེལ་འདྲིས་བྱེད་སྐབས་ཉམས་མྱོང་མང་པོ་རག་བྱུང་། དཔེར་ན། བོད་ཀྱི་ས་གནས་ནས་ཕྱུག་ཟོག་མང་པོ་རླངས་འཁོར་ནང་དུ་བཞག་ནས་བཤས་ཚོང་རྒྱག་མཁན་བོད་མི་དེ་འདྲ་ཡོད་རེད། སྤྱིར་བཤས་ཚོང་རྒྱག་མཁན་ལས་རྒྱུ་འབྲས་དང་བྱམས་སྙིང་རྗེ་མེད་མཁན་མི་ཐ་ཤལ་ཞིག་རེད། ཡིན་ན་ཡང་། བོད་པའི་བཤས་ཚོང་རྒྱག་མཁན་དང་མི་རིགས་གཞན་པའི་བཤས་ཚོང་པ་གཉིས་རྩ་བ་ནས་མི་འདྲ་བའི་ཁྱད་པར་འདུག ང་རང་གིས་སྒོ་ཕྱུགས་སྲོག་བསླུ་བྱེད་སྐབས་བཤས་ཉོ་མཁན་ཤན་པ་དང་སྲོག་བསླུ་བྱ་མཁན་གཉིས་སྐབས་རེ་མཉམ་དུ་ཁེལ་བ་ཡོང་གིན་འདུག དེ་དུས་འབྲོག་པ་སྒོ་ཕྱུགས་བཙོང་མཁན་གྱི་ལག་ནས་ཉོ་སྐབས་ཚེ་ཐར་གཏོང་མཁན་དག་ལ་བཙོང་ན་ཅུང་ཙམ་རིན་གོང་དམའ་བ་དང་བཤས་ཁང་གི་བདག་པོ་ལ་བཙོང་ན་རིན་གོང་ཅུང་ཆེན་པོ་ཐོབ་རེད། གཡག་རེ་རེའི་སྟེང་ནས་སྒོར་བཞི་བརྒྱ་ཙམ་གྱི་རིན་གོང་ཁྱད་པར་ཡོད་རེད། གཡག་མང་པོའི་སྟེང་ནས་རིན་གོང་ཁྱད་པར་ཆེན་པོ་ཡོད་རེད། ཡིན་ན་ཡང་། སྒོ་ཕྱུགས་བཙོང་མཁན་འབྲོག་པ་དག་གིས་རིན་གོང་དེ་ཙམ་མ་ཁུག་ཀྱང་བཤས་ཁང་བདག་པོར་མི་བཙོང་བར་ཚེ་ཐར་གཏོང་མཁན་དག་ལ་བཙོང་གིན་འདུག
མི་རིགས་གཞན་པ་ཞིག་ཡིན་ན་དེ་འདྲ་ལ་བསམ་བློ་གཏོང་མཁན་ཧ་ཅང་དཀོན་པོ་རེད། བོད་པའི་གཤིས་ཀ་ལ་ཁྱད་ཆོས་མི་འདྲ་བ་ཞིག་འདུག གཤིས་ཀ་དེ་དག་བརླག་རྒྱུ་མི་འདུག དེ་མི་བརླག་པའི་ཐབས་གཙོ་བོ་ང་ཚོའི་རིག་གནས་ནང་ནས་ཡོང་གི་ཡོད་རེད། གཞན་མིའི་གཟུགས་པོའི་ཤ་ཁྲག་འཛམ་བུ་གླིང་གི་མི་ཚང་མ་གཅིག་པ་རེད། གཤིས་ཀ་དེ་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། ཁྱེད་རྣམ་པ་ཡིན་ན་ཕན་སེམས་ཀྱིས་གཙོ་བོར་བྱས་ནས་བདེན་པ་དྲང་པོ་བྱ་རྒྱུ་གལ་ཆེན་རེད། ང་ཚོའི་མི་རིགས་འདི་རང་དང་མི་གཞན་ལ་བསམ་བློ་གཏོང་མཁན་གྱི་མི་རིགས་ཤིག་རེད་འདུག ང་རང་གིས་རྐུ་མ་དང་ཁྲམ་པ་སོགས་མི་སྡུག་པོ་མང་པོ་ལ་འབྲེལ་འདྲིས་བྱེད་ཀྱིན་ཡོད། དེ་ཚོའི་སེམས་ནང་ལ་ཡང་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ཞིག་འདུག བོད་ཀྱི་བྱིས་པ་ཆུང་ངུ་དག་གིས་ཀྱང་ཕྱག་འཚལ་རྒྱུ་དང་ལྷ་ཁང་ནང་དུ་འགྲོ་སྐབས་ཞྭ་ཕུད་རྒྱུ་སོགས་མ་བསླབ་ཀྱང་ཤེས་ཀྱིན་ཡོད་རེད། དེ་དག་གང་ནས་ཤེས་པ་རེད་ཞེ་ན། ཕ་མ་དག་གི་རྩ་ནས་ཤེས་པ་རེད།
སྐད་དང་ཡི་གེ་གཉིས་བདག་པོ་ཡག་པོ་ཞིག་བྱ་ཐུབ་སོང་ན་རང་ཚུགས་བཟུང་ཐུབ་སོང་བ་རེད། དཔེར་ན། ཆུས་གང་ཡོད་པའི་སྣོད་གཅིག་གི་ནང་དུ་སྣུམ་ཐིགས་པ་ཞིག་བླུག་པ་ཡིན་ན་སྣུམ་དེ་ཆུ་དང་མ་འདྲེས་པ་རང་ཚུགས་ཐུབ་པའི་སྒོ་ནས་གནས་ཐུབ་པ་རེད། དེ་བཞིན་དུ་ང་ཚོ་གནས་ཐུབ་དགོས་རེད་མ་གཏོགས་ཁ་བ་ཆུའི་ནང་དུ་ལྷུང་བ་ཇི་བཞིན་བྱས་ན་ང་ཚོ་ཚར་བ་རེད། ཁ་ནས་བཤད་པ་ཇི་བཞིན་མ་ཡིན་པར་ཚང་མས་ལག་ལེན་ཡོད་པའི་ཐོག་ནས་བསམ་བློ་གཏོང་རྒྱུ་གལ་ཆེན་རེད། ད་སྐབས་བོད་ཕྱི་ནང་གང་སར་ནས་ཆོས་ལུགས་ཀྱི་དགེ་སྐྱོན་མང་པོ་ཞིག་བཤད་ཀྱིན་འདུག འཇམ་ཐིང་ངེར་མ་བསྡད་པར་དེ་ཚོ་བཤད་པ་དེ་ཡག་པོ་རེད། ཡིན་ན་ཡང་། ང་ཚོ་རྩ་དོན་གཅིག་གི་སྟེང་དུ་འགྲོ་ཐུབ་དགོས་རེད། དགོན་པ་ཕན་ཚུན་དང་སློབ་གྲྭ་ཕན་ཚུན། སྐྱ་སེར་ཕན་ཚུན་བར་ཕྱོགས་རེས་བྱས་ན་ཡག་པོ་རྩ་བ་ནས་མི་འདུག དྲང་པོའི་ལམ་ནས་སྲོལ་རྒྱུན་རིག་གནས་འགྲིག་མིན་སོགས་གླེང་ན་ཡག་པོ་འདུག་ལ་ཡར་རྒྱས་ཀྱང་འགྲོ་བ་རེད།
མི་གང་དང་གང་ཡིན་ན་སྐྱོན་བརྗོད་བྱ་མཁན་ཡོད་ན་ཡག་པོ་ཡོད་རེད། སྤྱི་ཚོགས་ཀྱི་ཐོག་ཏུ་ལས་ཀ་ལས་མཁན་ཞིག་ཡིན་ན་སྐྱོན་བརྗོད་བྱས་ན་ཡག་པོ་འདུག གང་ཡིན་ཞེ་ན། སྐྱོན་བརྗོད་ཡར་རྒྱས་འགྲོ་བའི་རྒྱུ་ཡིན་པས་ཡག་པོ་འདུག འོན་ཀྱང་རྩ་བའི་རྩ་དོན་དེ་དྲང་པོའི་ལམ་ནས་འགྲོ་རྒྱུ་དང་ང་ཚོ་ལ་ཡོད་པའི་རིག་གནས་ཡོད་ཚད་ཀྱིས་འགྲིག་མི་འདུག་ཅེས་བཤད་ན་ཉེན་ཁ་ཆེན་པོ་འདུག་པས་དེ་འདྲ་བྱ་རྒྱུ་མི་འདུག ང་ཚོའི་རིག་གནས་ནང་དུ་འགྲིག་ས་དང་མི་འགྲིག་ས་འདུག་ཅེས་བཤད་ཆོག་རེད། འོན་ཀྱང་ཡོད་ཚད་ཀྱིས་འགྲིག་མི་འདུག་ཅེས་བཤད་ན་ཉེན་ཁའི་ཕྱོགས་སུ་ལྷུང་འགྲོ་བས་དེ་ཚོའི་ཐོག་ལ་བསམ་བློ་གཏོང་དགོས་འདུག སྤྱིའི་ཆ་ནས་ཆོས་ལུགས་དེ་རྩ་བ་ནས་མ་འགྲིག་པ་དེ་འདྲ་ཞིག་མ་རེད། འཛམ་བུ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གང་ལ་བསམ་བློ་གཏོང་མཁན་ཡིན་ན་ཚང་མས་ཆོས་ལུགས་གནད་འགག་ཧ་ཅང་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད་རེད། དེ་དག་ནང་དུ་ཆོས་ལུགས་ལ་དད་མིན་ཅི་རིགས་ཡོད་རེད། ཡིན་ཡང་གནད་དོན་ཆེན་པོ་ཞིག་བརྩི་བཞིན་ཡོད་རེད། ཁ་ཤས་ཀྱིས་ལག་ཆ་བྱེད་ཀྱིན་ཡོད་རེད། གཞན་དང་མི་འདྲ་བའི་ནུས་པ་ཆེན་པོ་ཐོན་བཞིན་ཡོད་རེད། འཛམ་བུ་གླིང་གི་རྙོག་གྲ་མང་པོ་ཞིག་ཆོས་ལུགས་ལ་བརྟེན་ནས་ཡོང་གིན་ཡོད་རེད། ཆོས་ལུགས་དེ་ཡག་པོའི་ཕྱོགས་སུ་བཞག་ན་ཡག་པོའི་ནུས་པ་ཐོན་བཞིན་ཡོད་རེད། སྡུག་པོའི་ཕྱོགས་སུ་བཞག་ན་སྡུག་པོའི་ནུས་པ་ཐོན་བཞིན་ཡོད་རེད། གང་ལྟར་ང་ཚོ་ལ་མི་དགོས་ཟེར་ནས་གཡུག་པ་ཡིན་ན་རྩ་བ་ནས་འགྲིག་གི་ཡོད་མ་རེད། མི་སྒེར་ལ་མི་དགོས་ན་འགྲིག་པ་རེད། མི་སྒེར་ཞིག་ལ་མི་དགོས་པའི་རྒྱུ་མཚན་གྱིས་མི་རིགས་ཤིག་ལ་མི་དགོས་ཟེར་ནས་བཤད་ན་ནོར་བ་རེད།
སྤྱིར་མི་ཤི་བ་ལས་སྐྱེ་བ་མང་གི་ཡོད་པས་མ་འོངས་པར་བོད་པ་ཇེ་མང་དུ་འགྲོ་རྒྱུ་རེད། འོན་ཀྱང་རིག་གནས་ཀྱི་སྟེང་ནས་སྲ་བརྟན་མེད་ན་ཇེ་མང་སོང་ཡང་གཞན་ལ་འགྱུར་རྒྱུ་མ་གཏོགས་ཡོད་མ་རེད། རིག་གནས་བདག་སྐྱོང་ཡག་པོ་ཞིག་གནང་དགོས་འདུག འདི་ན་ཆོས་ཚོགས་མང་པོ་ཡོད་རེད། ཆོས་ཚོགས་ནང་དུ་བོད་པ་འགྲོ་མཁན་དཀོན་པོ་རེད་འདུག ན་ནིང་བོད་ཀྱི་ཆོས་ཚོགས་ན་ཡོད་པའི་གྲྭ་བ་ཚང་མ་མཉམ་དུ་འཛོམས་ནས་ཚོགས་འདུ་ཚོགས་པ་ཡིན། བོད་པ་དག་ཆོས་ཚོགས་ནང་དུ་ཡོང་གི་ཡོད་མེད། མི་འོང་པའི་རྒྱུ་མཚན། ཆོས་ཚོགས་རང་ངོས་ནས་འགྲིག་ཡོད་མེད་དང་སྒེར་རང་ངོས་ནས་འགྲིག་ཡོད་མེད་སོགས་ཞིབ་འཇུག་བྱས་པ་ཡིན།
ཆོས་ཚོགས་ཀྱི་བླ་མ་ཁ་ཤས་ཀྱིས་གསུང་རྒྱུར། དང་པོ་བོད་པ་ཁ་ཤས་ཆོས་ཚོགས་སུ་སླེབས་སོང་། གཞན་དང་མི་འདྲ་བ་བྱས་ནས་སྣེ་ལེན་ཞུས་པ་ཡིན་ན་ཡང་། དང་པོ་ཉིན་ཁ་ཤས་མ་གཏོགས་རྗེས་ནས་ཡོང་གི་མི་འདུག་ཅེས་གསུང་བྱུང་། དེ་ཨ་རི་གཅིག་པོ་རེད་མི་འདུག རྒྱལ་ཁབ་གཞན་ལ་ཡང་དེ་དང་གཅིག་མཚུངས་ཆོས་ཚོགས་དང་བོད་ཀྱི་མི་མང་གཉིས་འབྲེལ་བ་དེ་ཙམ་མི་འདུག རྒྱལ་ཁབ་གཞན་པའི་མི་རིགས་ནི་བོད་པའི་ཆོས་ཚོགས་ནང་དུ་འགྲོ་མཁན་མང་པོ་འདུག འོན་ཀྱང་རང་མི་རིགས་འགྲོ་མཁན་ནི་ཧ་ཅང་དཀོན་པོ་རེད་འདུག་པས་དེ་ཁྱེད་རྣམ་པས་བསམ་བློ་ཞིག་གཏང་རོགས། ཆོས་ཚོགས་ནང་དུ་འགྲོ་ན་མི་རབས་རྗེས་མ་དག་ལ་ཕན་ཐོགས་ཡོང་གི་རེད། ཕ་མ་དག་གིས་ཆོས་ཚོགས་ནང་དུ་བུ་ཕྲུག་དག་འཁྲིད་ནས་ཕྱག་འཚལ་བ་དང་སྐོར་བ་བྱས་པ་ཡིན་ན་བུ་ཕྲུག་དག་ལ་རང་བཞིན་གྱིས་དད་པ་དང་སྙིང་རྗེ། བོད་མིའི་གཤིས་ཀ་སོགས་ཆགས་ཡོང་རེད། ཆོས་ཚོགས་ནང་དུ་བདུན་ཕྲག་རེ་ལ་འགྲོ་མ་ཐུབ་ཀྱང་ཚེས་བཅོ་ལྔ་དང་སུམ་ཅུ་ལ་འགྲོ་ནས་དགེ་བ་ཅུང་ཙམ་རེ་སྒྲུབ་རྒྱུ་དང་ཆོས་ལ་སློབ་སྦྱོང་ཕྲན་བུ་རེ་བྱས་ན་ཕན་ཐོགས་ཧ་ཅང་ཡོད་རེད།
འཛམ་བུ་གླིང་དུ་སྐད་ཡིག་མང་པོ་མེད་པར་གྱུར་ཚར་བ་རེད། སྐད་ཡིག་མཐའ་མ་དེ་ཆོས་ཀྱི་ནང་དུ་ཅུང་ཙམ་ལྷག་གི་ཡོད་རེད། ཆོས་དེ་མེད་ན་སྐད་དེ་དག་མེད་འགྲོ་གི་ཡོད་རེད། ཆོས་དེ་སྐད་ཡིག་གི་བཙན་རྫོང་ལྟ་བུ་རེད་ཟེར་སྲོལ་འདུག ས་གནས་སུ་ཡོད་མཁན་བོད་པ་ཆོས་ཚོགས་ནང་དུ་འགྲོ་རྒྱུ་གལ་ཆེན་པོ་རེད། ཁ་ཤས་ཀྱི་ཆོས་ཚོགས་ནང་དུ་ཡོད་མཁན་བླ་མ་དག་བོད་པ་ཤ་སྟག་རེད། ཡིན་ན་ཡང་། སྦྱིན་བདག་དེ་ཚོ་བོད་པ་མ་ཡིན་པས་སློབ་ཚན་དག་ང་ཚོ་དང་མཐུན་པ་ཡོང་གིན་མི་འདུག་བསམ་མཁན་དང་ཡང་འདུག དགེ་ལུགས་པའི་ཆོས་ཚོགས་ཤིག་ཡོད་ན་དེའི་ཉེ་འཁོར་ན་ཡོད་པ་དག་གིས་རང་ཉིད་ས་སྐྱ་དང་ཆོས་བརྒྱུད་གཞན་ཡིན་ནས་མི་འགྲོ་བསམ་མཁན་ཡང་ཡོད་ས་རེད། སྔོན་ཆད་ཡིན་ན་མང་ཚོགས་རྣམས་དགོན་པ་ལ་འགྲོ་ནས་སྐོར་བ་རྒྱག་རྒྱུ་དང་མ་ཎི་བགྲང་རྒྱུ་མ་གཏོགས་སློབ་སྦྱོང་བྱེད་པའི་སྲོལ་དེ་མེད་པས་ཕྱི་རྒྱལ་ལ་ཡོད་པའི་ཆོས་ཚོགས་དག་ལ་སྐོར་བ་རྒྱག་ས་དང་ཕྱག་འཚལ་ས་མི་འདུག་པས་རྒྱུ་མཚན་དེ་དག་གིས་མི་འགྲོ་མཁན་ཡང་མང་པོ་ཡོད་ས་རེད། དེ་འདྲ་རྩ་བ་ནས་མ་གནང་།
རྒྱ་མི་དང་དབྱིན་ཇིའི་ཆོས་ཚོགས་ཡིན་ན་མི་རིགས་རང་ཉིད་ཀྱི་སྐད་དང་མཐུན་པའི་སྒོ་ནས་ཆོས་བསླབ་རྒྱུ་སོགས་དགོས་པས་སྟབས་བདེ་མི་འདུག་བསམ་པ་ཡིན་ན་བོད་པ་རང་གི་ཆོས་ཚོགས་རྒྱབ་ནས་བླ་མ། དགེ་གཤེས། མཁན་པོ་སོགས་གདན་འདྲེན་ཞུས་ནས་རིས་མེད་ཆོས་ཚོགས་བྱེད་དགོས་རེད་མ་གཏོགས་ས་སྐྱ་སོགས་ཆོས་བརྒྱུད་རེ་ལ་ཆོས་ཚོགས་རེ་འཛུགས་དགོས་ན་ཅུང་ཁག་པོ་རེད་ལ་དགོས་པ་ཡང་ཆེན་པོ་ཡོད་མ་རེད། ཆོས་བརྒྱུད་ཚང་མ་ལ་དད་པ་དག་སྣང་བྱས་ནས་དགེ་བ་བསྒྲུབ་ན་ཧ་ཅང་ཡག་པོ་རེད། འདི་ན་ཡོད་པའི་མི་ཞིག་ཤི་བ་ཡིན་ན་སྨོན་ལམ་རྒྱག་མཁན་ཙམ་ཡང་མེད་ན་སེམས་སྐྱོ་བོ་རེད། བོད་མི་ཞིག་ཡིན་དུས་ནས་འཆི་ཁར་སྨོན་ལམ་རྒྱག་མཁན་སྔས་མགོ་ལ་ཡོད་པའི་རེ་བ་མེད་མཁན་ཞིག་དཀོན་པོ་རེད། ཚེ་འདི་ཕྱི་གཉིས་ཀར་ཆོས་ཚོགས་ནི་ཧ་ཅང་དགོས་མཁོ་ཡོད་པས་བོད་པ་རང་གི་ཆོས་ཚོགས་ཤིག་རྒྱག་ཐུབ་ན་ཡག་པོ་ཡོད་རེད། ངས་བསམ་བློ་གཏོང་བ་ཡིན་ན་བོད་རིགས་མང་པོ་ཡོད་སར་དཔེ་མཛོད་ཁང་འགྲེན་སྟོན་ཁང་ཆོས་ཚོགས་བརྒྱབ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་རེད་འདུག ཚང་མས་ཐུགས་བསམ་གནང་རོགས།
ས་གནས་འདི་ལ་གནས་པའི་བོད་རིགས་དག་གིས་ས་གནས་འདི་ལ་ཕན་པའི་ལས་ཀ་ཞིག་ཡིན་གཅིག་ལས་དགོས་རེད། ཨ་རི་ཡིན་ཡང་མི་སེར་སྐྱོ་པོ་མང་པོ་འདུག དཔེར་ན། ལམ་ཟུར་ན་འཚོ་བ་དཀའ་ངལ་ཡོད་པའི་དབུལ་པོ། བདག་པོ་མེད་པའི་རྒན་ཁོག ཉམ་ཐག་གི་ནད་པ་སོགས་ལ་རོགས་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོས་རོགས་པ་བྱེད་ཐུབ་རེད། བྱམས་སྙིང་རྗེ་ཡོད་མཁན་གྱི་མིག་གིས་གཞན་ལ་ལྟ་བ་དང་མེད་མཁན་གྱི་མིག་གིས་གཞན་ལ་ལྟ་བ་གཉིས་མི་ལ་ཚོར་བ་སྤྲད་ཚུལ་ཁྱད་པ་ཆེན་པོ་ཡོད་རེད། ཉམ་ཐག་སྐྱོ་པོ་ཞིག་ལ་བྱམས་སྙིང་རྗེ་ཡོད་མཁན་གྱི་མིག་གིས་ལྟ་བ་ཙམ་གྱིས་ཚོར་བ་བདེ་བ་སྤྲད་ཐུབ་རེད། ང་ཚོ་ལ་བྱམས་སྙིང་རྗེ་ཡོད་པས་རོགས་པ་རྒྱ་ཆེན་པོ་བྱེད་ཐུབ་གི་རེད། ང་ཚོ་དཔལ་འབྱོར་གྱི་ཐད་ནས་ཚད་མཐོན་པོ་ཡིན་རྒྱུ་མ་རེད། ཡིན་ན་ཡང་། བོད་ཀྱི་གཏམ་དཔེ་ལ། བསམ་པའི་ཟས་ལ་ཆེ་ཆུང་མེད། ཟེར་བ་བཞིན་དུས་སྟོན་གྱི་སྐབས་སུ་བོད་པ་སྤྱི་ཡི་མིང་ཐོག་ནས་སྐྱོ་བོ་དག་ལ་ཕན་པ་ཅུང་ཙམ་སྒྲུབ་ན་རང་གཞན་གཉིས་ཀ་ལ་ཕན་ཐོགས་ཡོད་རེད། ང་རང་ཚོ་ཨ་རི་མི་ཡུལ་ལུང་པ་ལ་གནས་ཡོད་རེད། མི་གཞན་པ་ལ་རོགས་དགོས་མ་རེད་དྲན་པ་ཡིན་ན་རྩ་བ་ནས་འགྲིག་གི་ཡོད་མ་རེད། ས་གནས་འདི་ཡི་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་མཁན་གྱི་ཚོགས་པ་ཡོད་ན་ང་ཚོ་དེ་དག་གི་ནང་དུ་ཞུགས་ནས་ལྷག་བསམ་རྣམ་དག་གིས་ཕན་བདེ་བསྒྲུབ་དགོས་རེད།
དེ་རིང་འདི་ན་མང་ཚོགས་ཀྱི་འཚོ་བ་དང་རིགས་གནས་ཆོས་ལུགས་གསུམ་གྱི་ཐད་ནས་སྐད་ཆ་བཤད་ཡོད། ང་རང་ཉིད་ཀྱིས་ག་དུས་ཡིན་ན་དེའི་ཐོག་ཏུ་ལས་ཀ་ཅུང་ཙམ་རེ་སྒྲུབ་ཨེ་ཐུབ་ལྟ་བཞིན་ཡོད། ཁྱེད་རྣམ་པས་ཀྱང་དེ་དག་གི་ཐད་ལ་ཐུགས་བསམ་རེ་གནང་རོགས་ཞུ་རྒྱུ་ཡིན། གལ་སྲིད་དེ་དག་དགོས་ས་རེད་དྲན་པ་ཡིན་ན་སེམས་ནང་དུ་དྲན་པ་གཅིག་པུ་མ་ཡིན་པར་ལག་ལེན་གནང་རྒྱུའི་རེ་བ་ཡོད། ཡང་བོད་རིགས་ན་གཞོན་ཁ་ཤས་ཀྱིས་ང་ཚོ་བོད་རིགས་ཀྱི་ཆོས་དང་རིག་གནས་ཡོད་ཚད་བརླགས་སོང་དྲན་ནས་སེམས་ནང་དུ་སྡུག་བསྔལ་དང་ཁོང་ཁྲོ་ལངས་ནས་ཆང་དང་བྱ་བ་ངན་པ་ལས་མཁན་ལོ་ཆུང་ཡོད་ས་རེད། དེ་འདྲ་རྩ་བ་ནས་མ་རེད། ང་ཚོ་ལ་ཆོས་དང་རིག་གཞུང་ད་རུང་ཡོད་རེད། རེ་བ་ཡོད་རེད། ནུས་ཤུགས་བསྒྲིམ་ན་རེ་བ་མེད་པ་རྩ་བ་ནས་མ་རེད། ང་ཚོ་ཚང་མས་སློབ་སྦྱོང་དང་སྤྱི་ཚོགས་ཀྱི་འབུར་དུ་ཐོན་པའི་ཕྱག་ལས་གནང་ན་རེ་བ་ཧ་ཅང་ཆེན་པོ་ཡོད་རེད། ཚང་མས་ཐུགས་བསམ་ཡག་པོ་གནང་རོགས།
ཡག་པོ་གསུངས་འདུག ཡི་རངས་ཞུ།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གཏམ་བཤད་དེར་གཟབ་ནན་གྱིས་ཐེངས་གཅིག་ཉན་པ་ཡིན། ཧ་ཅང་ཡག་པོ་གསུངས་སོང་། ཁོང་ཉིད་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་རིས་མེད་པ་ཞིག་ཡིན་པའི་ཚོར་སྣང་བྱུང་། ཡིན་ནའང་། འདིར་འབྲེལ་ཡོད་ནས་ཁོང་གི་གསུང་ཆ་ཚང་བཀོད་མི་འདུག་སྙམ། གནད་འགག་དེ་ཚོ་ངེས་པར་དུ་འགོད་དགོས་ཀི་རེད། ཆད་ལྷག་མེད་ལ་གནང་དགོས། ཁོང་གིས་གསུང་དོན་༼བོད་ནང་ན་ཆོས་ལུགས་ཀྱི་འཐེན་འཁྱེར་ཕྲན་བུ་ཙམ་ཡོད་ཀྱང་། ཚོལ་ཁའི་འཐེན་འཁྱེར་རྩ་བ་ནས་ཡོད་མ་རེད། བཙན་བྱོལ་ནང་ཆོས་ལུགས་འཐེན་འཁྱེར་ལས་གཞན། ད་དུང་ཆོལ་ཁའི་འཐེན་འཁྱེར་ཤུགས་ཆེན་པོ་འདུག ཁོང་ཨ་མདོ་རེད། ང་ཁམས་པ་ཡིན་ཟེར་ནས་ཕྱོགས་རིས་བྱེད་པ་དེ་ཧ་ཅང་མི་འོས་པ་རེད། དེ་ཚོ་ཡག་པོ་ཁྱོན་ནས་མི་འདུག ནུབ་ཕྱོགས་སྤྱི་ཚོགས་ནང་དུའང་ཆོལ་ཁའི་འཐེན་འཐེན་དང་ལུང་ཚན་བང་སྒྲིག་གིས་སྤྲོ་སྐྱིད་མཉམ་དུ་གཏོང་གི་ཡོད་པ་དེ་ཚོ་ཡག་པོ་རྩ་བ་ནས་མེད་པ་དང་། དེ་བོད་སྤྱི་ལ་ཕན་པ་ལས་གནོད་ཚབས་ཆེ་བ་འདུག༽ཅེས་གསུངས་བ་དེ། ངོ་མ་ཤ་ཚའི་གཏམ་རང་རེད་འདུག གུས་པ་སྒེར་གྱི་བསམ་ཚུལ་བྱས་ན། བཙན་བྱོལ་ནང་ཆོལ་ཁའི་འཐེན་འཁྱེར་ཆེ་ཤོས་དེ་ཁམས་པ་དང་ཨ་མདོ་གཉིས་རེད་བསམ། དེ་བས་ང་ཚོས་མཁན་པོ་མཆོག་གི་བཀའ་ལ་བསམ་ཞིབ་གནང་གལ་ཆེ། སྒེར་གྱི་བསམ་ཚུལ་ཙམ་ཡིན།
དུས་ལ་བབས་པའི་བཀའ་སློབ་ཐུགས་རྗེ་ཆེ་བཀྲིན་ཆེ་།
མཁན་ཆེན་འཇིགས་མེད་ཕུན་ཚོགས་སྔ་འགྱུར་རང་ལུགས་གཙང་མ་འཛིན་མཁན་ཞིག་དང་། གཞན་ཆོས་ལུགས་མཐའ་དག་དད་པ་དང་དག་སྣང་གནང་མཁན་ཞིག་རེད། ཁོང་གི་སློབ་བརྒྱུད་མཁན་ཆེན་ཚུལ་བློ་ཁོང་རྣམ་པ་ཚོ་ཡང་དེ་འདྲ་བོ་རེད།
མི་རིགས་གང་འདྲ་ཡར་རྒྱལ་གཏོང་བ་ལ་རིག་གནས་ཕུན་སུམ་ཚོགས་པ
ཞིག་མ་ཤེས་ན ། དེང་གི་སྐབས་སུ་རྩ་ཁྲིམས་ནང”ཆོས་དད་རང་དབང”
ལ་མགོ་འཁོར་བས། ཕྱི་ནང་སྐྱེ་བོ་ཀུན་གྱི་བློ་ངོར་གང་འདོད་ལྟར
གང་ཟག་གཞན་དང་རྩོམ་ཡིག་རིགས་སྤེལ་ཚེ ། ཤེས་ཡོན་ཅན་ལ་བར་ཆད་དང་ ། སྨྲ་བརྗོད་རང་དབང་གི་ཁྲིམས་དང་འགལ་བས སྨོས་ཅི་དགོས། ཆོས་དང་རིག་གཞུང་ལ་རེ་བ་་ཧ་ཅང་ཆེན་པོ་ཡོད་དོ།།
བཀའ་སློབ་ཡག་པོ་གསུངས་འདུག ཕྱི་རྒྱལ་ཡུལ་གྲུ་ཁག་ན་བོད་མི་ཧ་ཅང་མང་པོ་ཡོད་པ་མ་རེད། ཡིན་ཡང་མི་བསད་པའི་དོན་རྐྱེན་བྱུང་ཡོད་ས་རེད། ས་ཆ་གང་ནས་བྱུང་ཡོད་དམ། བོད་པས་ཁྲིམས་འགལ་བྱས་པ་མང་པོ་རེད། ད་ལོ་གཅིག་པོར་ཡང་ཨ་རི་ནས་མི་གསུམ་བཙོན་ཁང་དུ་བཅུགས་སོང་། མ་མཐའ་ཡང་ལོ་བཞི་ལས་ལྷག་ཡིན་སྙམ། ད་དུང་ངས་མ་ཐོས་པ་གཞན་ཡང་ཡོད་སྲིད། བོད་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་རྙོག་དྲ་མང་པོ་ཡོད་ས་རེད། །
སྒྲ་ཕབ་གནང་མཁན་གྱིས་བསྒྱུར་བཅོས་གནང་མེད་ཚེ། ཡག་པོ་ཞེ་དྲག་གསུངས་འདུག ཐུགས་རྗེ་ཆེ།
བཀའ་སློབ་དང་། གསུང་བཤད། གཏམ་བཤད་ཞེས་པ་སོགས་བེད་སྤྱོད་གནང་ཕྱོགས་ལ་ནོར་མི་ཉན་སྙམ། ༧གོང་ས་མཆོག་གི་བཀའ་སློབ་དང་། ཟམ་གདོང་རིན་པོ་ཆེ་དང་མཁན་པོ་ཚུལ་བློའི་གསུང་བཤད། བློ་བཟང་སེང་གེའི་གཏམ་བཤད་ལྟ་བུ།
བླ་སྤྲུལ་མཁན་གསུམ་འཛམ་གླིང་སྤྱི་སྐོར་རུ །
སྐུ་གསུང་ཐུགས་རྟེན་དངུལ་ལ་བཙོང་བ་དང་།
བཀའ་བསྟན་ཀླ་ཀློ་སྐད་དུ་སྒྱུར་བར་སོགས །
སངས་རྒྱས་བསྟན་བཤིག་པ་དེ་མ་ཡིན་ནམ །།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གཏམ་བཤད་ནང་ལ། བོད་སྐད་དང་། བོད་ཡིག་སྦྱོང་དགོས་ཚུལ་གསུངས་པ་ནི། ཤིནད་ཏུ་ལེགས་ཀྱང་། མཁན་པོ་རང་གི་བོད་སྐད་དེ་ཡང་། ངས་གོ་དཀའ་ཙམ་འདུག་པས། དང་པོ་གཏམ་བཤད་པ་རང་གིས་བོད་རིགས་སྤྱི་སྐད་ཅིག་སློབ་སྦྱོང་གནང་ཐུབ་ན། ཕན་ཐོགས་དེ་ལས་ཆེ་བ་འོངས་ངེས་འདུག་གོ། །།
བོད་ནང་གི་བོད་པས། བོད་ཡིག་དང་། བོད་སྐད་སྲུང་སྐྱོབ་བྱ་རྒྱུ་དེ་ནི། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ལས་གལ་ཆེ་བ་ཆགས་ཡོད་རེད། ངས་གོ་ཡ་བྱས་ན། བོད་རིགས་ན་གཞོན་མང་པོ་ཞིག་རྒྱ་སྐད་ཁུངས་མ་འཁྱོལ་བ་ཞིག་ཤོད་ཐུབ་ཙམ་ལས། བོད་སྐད་མི་ཤེས་མཁན་མང་པོ་ཡོད་པ་གོ་ཐོས་བྱུང་བ། དེ་བདེན་པ་ཡིན་ན། དེ་ནི་བློ་ཕམ་གྱི་གནས་ཙམ་མ་ཡིན་པར། ཉེན་ཁ་ཆེན་པོའི་གནས་ཞིག་ཏུ་མཐོང་བས་འདིར་ཞུས་པ་ཡིན་ནོ།། །།
མཁན་ཆེན་མཆོག་གི་གསུང་ལ་མངོན་པར་བསྟོད། ལེགས་སོ་ལེགས་སོ། ལེག་པར་གསུངས། མཁན་ཆེན་སྐུ་འཁྲུངས་ཡུལ་ཁམས་པ་རེད། གསུང་འབྲོག་སྐད་རེད། གདུལ་བྱ་ཆོལ་ཁ་གསུམ་ལ་དར། ལྷག་པར་ཨ་མདོས་བཀུར། ཆོལ་ཁ་རིས་མེད་པ་རེད། ཆོས་ལུགས་རྙིང་མ་རེད། བཀུར་མཁན་བཀའ་བརྒྱུད་དང་དགེ་ལུགས་མང་ཆོས་ལུགས་རིས་མེད་དུ་གྱུར་འདུག བོད་མི་གསར་སྐྱེས་ཁྲོད་ཀྱི་ཡིད་བཞིན་གྱི་ནོར་བུ་འདི་སྐུ་ཚེ་ཞབས་པད་བརྟན་པར་སྨོན།
༄༅། །བླ་རུང་མ་འོངས་པར་རྒྱ་ནག་དབུས་གཞུང་གི་འཛིན་སྐྱོང་འོག་གནས་དགོས། བླ་རུང་ལ་རྒྱ་ནག་གཞུང་གི་ལས་ཁུངས་བཙུག་འདུག བྱ་བ་གང་ཡིན་ཡང་གཞུང་གིས་ཐག་གཅོད་དགོས་པ་ཕལ་ཆེར་གཏན་ཁེལ་ཚར། སློབ་སྤྱི། སྒྲིག་གཞི། སློབ་གསོ། བྱ་འགུལ། འཛུག་བསྐྲུན་སོགས་ཀྱང་གཞུང་གིས་ཐག་གཅོད་རྒྱུ་རེད། བོད་པ་རྣམས་ཀྱིས་བླ་རུང་གཅིག་པོའི་དོན་དག་ཙམ་ལ་བསམ་བློ་བཏང་བ་ནོར་འཁྲུལ་རེད། དཀར་མཛེས་ཁུལ་གྱི་མི་མང་པོ་ཞིག་གིས་བླ་རུང་མིག་ལ་མ་སོང་བར་གཞུང་ལ་བསམ་འཆར་མང་པོ་བཏོན་པའི་ལག་རྗེས་སུ། མཐའ་མ་རང་ཉིད་ཀྱང་འགུལ་སྤྱོད་མེད་ས་ཞིག་ཏུ་གྱུར་པ་རེད། བོད་བཅིང་གྲོལ་སྔོན་གྱི། དགེ་སྟག་སྤྲུལ་སྐུ། རྡོ་སྦས་ཤེས་རབ། ཨཾ་འཇིགས་མེད་སོགས་ཀྱིས་རང་ཉིད་བཙན་ས་ཟིན་པ་འདོད་པ་དང་གཅིག་མཚུངས་རེད། བླ་རུང་རྗེས་ལ་ཡ་ཆེན་རེད། རྙིུང་མའི་གདན་ས་ཆེན་པོ་གཉིས་ལ་རྐྱེན་ངན་བྱུང་བ། འགའ་རེས་ཁོང་དགོད་གནང་གིས་ཡོད། གད་མོ་ཤུགས་ཆེར་བརྒྱབ་པའི་རྗེས་སུ་རང་ཉིད་ཀྱི་དགོན་པའི་སྟེང་ལ་སླེབས་རྒྱུ་རེད། མ་འོངས་པར་བོད་ཀྱི་དགོན་པ་ཐམས་ཅད་ཀྱི་ནང་དུ་གཞུང་གི་ལས་ཁུངས་འཛུག་གཏན་ཁེལ་འདུག བླ་རུང་ལ་བསམ་ངན་བཅག་པའི་འབྲས་བུ་མྱུར་དུ་སྨིན་རྒྱུ་རེད། དཀར་མཛེས་ཁུལ་གྱི་མི་མང་ལ་མི་གསོད་པའི་སྙིང་སྟོབས་ཡོད་ཀྱང་མི་སྲུང་བའི་སྙིང་སྟོབས་དང་། སྤྱི་དོན་སྒྲུབ་པའི་སྙིང་སྟོབས་ཡོད་མཁན་ཉུང་ཤོས་རེད། བྱ་བ་ཕྲན་ཚག་རེ་ཡིན་ཡང་གཞུང་ལ་སྙན་ཞུ་འབུལ་ཆོག་ཆོག སེམས་ཁ་དགའ་སྡུག་ཕྲན་བུ་རེའི་དོན་དུ་འཁྲུག་པ་རྒྱག་ཆོག་ཆོག དངུལ་སྒོར་ཕྲན་བུ་རེ་ཐོབ་པའི་ཆེད་དུ་རང་རིགས་བཙོང་ཆོག་ཆོག་ཡོད་པ་རེད། ཨ་མདོ་རྔ་བ་སོགས་ཀྱི་སྤྱི་དོན་པ་མང་པོ་ཞིག་ཀྱང་དཀར་མཛེས་པས་བཙོང་འདུག་པས་དཀར་མཛེས་པས་གཟབ་དགོས། དཀར་མཛེས་པར་བཟང་པོ་ཡང་ལོས་ཡོད་དེ། མཁན་པོ་འཇིགས་མེད་ཕུན་ཚོགས་སློབ་རྒྱུན། མཁན་པོ་ཨ་ཆུགས་སོགས་ཀྱང་དེ་ནས་བྱུང་བ་རེད། ཡང་གོང་ས་མཆོག་དང་ཀརྨ་སོགས་བོད་ཀྱི་བླ་མའི་ཤུགས་རྐྱེན་ཡང་ཆུང་དུ་བཟོ་རྒྱུ་རེད། རྒྱ་ནག་ཏུ་ལུང་ཆན་龙泉寺དགོན་པ་ཟེར་བ་ཞིག་ཡོད། དེ་རྒྱ་ནག་ཏུ་ཆེས་ཆེ་བའི་དགོན་པར་བསྒྱུར་བའི་འཆར་གཞི་ཡོད། ད་ལྟ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་གཙོ་བོ་ཤེ་ཀྲིན་དགེ་སློང་ 学成法师་ཟེར་བ་བོད་ཀྱི་བླ་མ་ཤུགས་རྐྱེན་ཆེན་པོ་ཅན་ཀུན་ལས་ལྷག་པར་འགྱུར་བའི་ཐབས་ལ་གསོ་སྐྱོང་བྱེད་བཞིན་ཡོད། དགེ་སློང་དེ་གུང་ཁྲན་ཏང་ཡོན། དམག་མི་ཞིག་ངེས་པར་འབྱུང་བས་རབ་ཏུ་བྱུང་བ་རེད། ཁོ་ལ་ཤེས་རྒྱ་ཡོད། འཇོན་ཐང་ཆེ། ཞལ་བདེ། ཏང་ལ་བློ་གཏོད། ཆོས་སྒོ་ཕྱེ་བསྡམ་གྱི་དབང་ཆ་ཡོད། རྒྱ་རིགས་འཁྲུལ་མེད་ཡིན། ཁོ་ལ་སྐད་ཡིག་ཉི་ཤུ་སྒྱུར་ནུས་པའི་སྒྲ་བསྒྱུར་ཚོགས་པ་ཡོད་ཀྱང་ཕྱི་རྒྱལ་གྱི་སློབ་མ་གཅིག་ཀྱང་མེད། ཕྱིའི་རྒྱལ་ཁབ་མང་པོར་ས་ཉོས་ཏེ་དགོན་པ་བཏབ་ཡོད། འཛད་པ་མེད་པའི་ནོར་ལ་དབང་བས་ད་སྐབས་འདིར་ཁོས་ཅི་བྱས་རེད་འདུག བོད་ཀྱི་གྲྭ་གྲངས་ལ་ཡང་ཁོས་ཐེ་གཏོགས་བྱེད་གནང་གིས་ཡོད། ཀུན་མཁྱེན་འཇམ་དབྱངས་བཤད་པ་དག་། འབྲི་གུང་སྐྱབས་མགོན་ཆུང་ཚང་གཉིས་སོགས་གོ་གནས་མཐོ་ཡང་སྐྱེ་གནས་དག་། རིགས་རུས་ཀྱིས་དབང་ཆ་ཞིག་ཡོད་ཚོད་མི་འདུག མ་འོངས་པར་རྒྱ་ནག་ནང་པ་སྤྱིའི་དབུ་འཛིན་ཚོའི་སེམས་ན་དཀོན་མཆོག་གསུམ་དང་། རིས་མེད་བསྟན་ལ་ལྷག་བསམ་ཞིག་མེད་ཚེ། རྒྱ་བོད་གཉིས་ཚར་ནས་འདུག་གོ། དཀོན་མཆོག་མཁྱེན། །
#13 དྲི་མེད་ལྷག་བསམ། ་ལགས་ཀྱི་མཆན་ལ་བློ་བསྐྱེད་མང་བས། རྗེས་སུ་ཡི་རང་དང་། དགའ་བསུ་ཞའོ།།
དྲི་མེད་ལགས།
མའོ་ཀྲུང་ཞིའི་ཤི་རྗེས་སུ་གུང་ཁྲན་ཏང་གིས་ཆོས་ལུགས་དད་པའི་རང་དབང་སྤྲད། དགོན་པ་སླར་གསོ་བྱས་ཆོག་པའི་ཐོབ་ཐང་སྤྲད། ཡིན་ཀྱང་སྐབས་དེར་དུས་རིག་གནས་གསར་བརྗེ་སྐབས་སུ་གཏོར་བཤིག་བཏངས་ཟིན་པས་གྲྭ་པ་བླ་མ་ཤེས་ཡོན་ཅན་དཀོན་པོ་ནང་གི་དཀོན་པོ་ཡིན། གསར་དུ་གྲྭ་པ་བྱེད་མཁན་དག་ལ་དགེ་རྒན་མི་རག་པའི་དཀའ་ངལ་ཆེན་པོ་ཡོད། སྐབས་དེ་དུས་མདོ་ཁམས་ཏྲེ་ཧོར་ཁམས་པའི་ཡུལ་དུ་སྐད་གྲགས་ཆེ་བའི་དགེ་རྒན་གཉིས་ལྷག་འདུག གཅིག་ནི་རིག་གནས་གསར་བརྗེའི་སྐབས་སུ་དམར་ཡག་སྟག་གི་ཁ་སྤུ་ཅན་ཀླུ་གཞིའི་དགེ་བློ་བཟང་འཇམ་དབྱངས་མཆོག་རེད། གཞན་དེ་ནི་དུས་ངན་རིག་གསར་གྱི་སྐབས་སུ་བྲེ་སེར་བྲོང་གི་རྭ་ཅོ་ཅན་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་རེད།
མདོ་ཁམས་ཏྲེ་ཧོར་ཡུལ་གྱི་ཧོར་དགོན་སྡེ་བཅུ་གསུམ་གསར་རྒྱག་བྱེད་ཀྱི་ལས་གཞིའི་འགོ་འཛུགས་བཞིན་པའི་སྐབས་དང་། དགོན་པ་ཁག་གི་ནང་དུ་གྲྭ་པ་བསྡད་ས་མེད་ལ་དགེ་རྒན་ཡང་མེད། སྐབས་དེ་དུས་ཀླུ་གཞིའི་དགེ་བློ་བཟང་འཇམ་དབྱངས་མཆོག་གིས་དཀར་མཛེས་ཀླུ་གཞི་རུ་སློབ་མ་བརྒྱ་ཕྲག་མང་པོ་ལ་སློབ་ཁྲིད་བྱས། མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས་བླ་རུང་སྒར་དུ་གྲྭ་པ་གསར་ཞུགས་པ་རྣམས་ལ་སློབ་ཁྲིད་བྱས། སྐབས་དེར་དུས་བླ་རུང་སྒར་ལས་ཀླུ་གཞི་ལ་སློབ་གཉེར་བ་མང་བ་ཡོད།
དེ་ནས་ལོ་བཞི་ལྔ་ཞིག་གི་རྗེས་སུ་རང་སོ་སོའི་ཡུལ་དགོན་དག་གསར་རྒྱག་བྱས་ཟིན་པ་དང་། སྐྱེས་མཆོག་ཀླུ་གཞིའི་དགེ་བློ་བཟང་དབྱངས་མཆོག་གིས་སློབ་མ་རྣམས་རང་སོ་སོའི་ཡུལ་དགོས་དུ་ལོག་བཏང་ཡོད། ཀླ་གཞི་ལ་དགོན་པ་གསར་པ་ཞིག་ཡོང་ན་མ་འོངས་རྩོད་རྙོག་གི་རྒྱུ་ཡིན་པས་དགོས་མཁོ་མེད་ཅེས་གསུངས་ནས་ཀླུ་གཞི་ལ་དགོན་པ་ཆགས་བཅུག་མེད། དེ་ལ་རྒྱུ་མཚན་ཆེན་པོ་ཡོད།
ཧོར་དགོན་བཅུ་གསུམ་གྱི་མི་ལ་མི་བདག་ཡོད། རང་སོ་སོའི་ཡུལ་དགོན་གྱི་གྲྭ་རྒྱུན་ལ་བདག་པོ་ཡོད། གྲྭ་རྒྱུན་རྩོད་རྙོག་གིས་མི་ཉག་དགོན་པ་དང་ལྕོག་རི་དགོས་པ་གཉིས་དམག་འཁྲུག་བརྒྱབ་ནས་ཉིན་གཅིག་གི་ནང་དུ་མི་རྟ་བཅུ་གསུམ་བསད་པའི་ལོ་རྒྱུས་ཡོད། མི་ཉག་དགོན་པའི་འདུས་ཁང་མེ་ལ་བསྲེགས། ལོ་རྒྱུས་ཀྱི་བསླབ་བྱ་དེ་དག་ལེན་པའི་ཐོག་ནས་ཀླུ་གཞིའི་དགེ་བློ་བཟང་འཇམ་དབྱངས་མཆོག་གིས་གནང་སྟངས་དེ་ནི་མཆོག་ཏུ་གྱུར་པ་ཞིག་ཆགས་ཡོད། ཡུལ་ལུང་ནང་དུ་རྩོད་རྙོག་གི་གཞི་རྩ་མེད་པ་བཟོས་ཡོད། གནས་ཚུལ་འདི་ཚོ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཀྱང་ཤེས་ངེས་རེད།
མ་ཟད་མཁན་པོ་ཚུལ་བློ་དང་བསོད་དར་གཉིས་ལ་རང་སོ་སོའི་ཡུལ་དགོན་ཡོད། རང་གི་ཡུལ་དགོན་ནང་དུ་མི་བསྡད་པར་གསར་དུ་སྐྱེས་པའི་བླ་རུང་སྒར་ལ་བསྡད་ཡོད་པ་ནི་ལ་ལུགས་སྲོལ་དང་མཐུན་པའི་ལས་ཀ་ཞིག་ཅང་ཨེ་ཡིན་སྙམ།
གལ་སྲིད་ཀླུ་གཞིའི་དགེ་བློ་བཟང་འཇམ་དབྱངས་མཆོག་གིས་མུ་མཐུད་ནས་ཀླུ་གཞིར་འཛུགས་བསྐྲུན་བྱས་ཡོད་ན་བླ་རུང་ལས་མི་མང་བ་ཡོད་ངེས་ཡིན། གནས་ཚུལ་འདི་དག་ཤེས་ནས་བཤད་བཞིན་ཡོད། ཧོར་དགོན་སྡེ་བཅུ་གསུམ་ལ་མི་ལོ་སྟོང་གི་ལོ་རྒྱུས་ཡོད་པ་ལས་ལོ་ཤས་གོང་དུ་སྐྱེས་པའི་བླ་རུང་སྒར་ལྟ་བུ་ཞིག་རྩ་ནས་མིན། མ་འོངས་པར་བླ་རུང་སྒར་འདི་རྩོད་རྙོག་གི་རྒྱུ་ཡིན་པ་ནི་རང་གཞན་སུས་བལྟས་ཀྱང་ཤེས་ངེས་ཡིན།
དྲི་ལགསྀ
ཁྱོད་ཀྱིས་་་་་སེམས་ཁ་དགའ་སྡུག་ཕྲན་བུ་རེའི་དོན་དུ་འཁྲུག་པ་རྒྱག་ཆོག་ཆོག དངུལ་སྒོར་ཕྲན་བུ་རེ་ཐོབ་པའི་ཆེད་དུ་རང་རིགས་བཙོང་ཆོག་ཆོག་ཡོད་པ་རེད། ཨ་མདོ་རྔ་བ་སོགས་ཀྱི་སྤྱི་དོན་པ་མང་པོ་ཞིག་ཀྱང་དཀར་མཛེས་པས་བཙོང་འདུག་པས་དཀར་མཛེས་པས་གཟབ་དགོས། ཅེས་བཤད་འདུག ་སྐད་ཆ་འདི་ཚོ་ཁུངས་བསྐྱེལ་གྱི་ཡོད་པེ། ཡོད་ན་ནི་ཁུངས་བསྐྱེལ་ན་ཡག་པོ་འདུག མེད་ན་བོད་མི་ནང་དཀྲུག་གི་རྒྱུ་ཡིན་པས་ཁ་བཙུམ་ན་མི་དགའ་འམ།
ལུས་ལ་གྲྭ་ཆས་ཤིག་གྱོན་ནས་སྤྱི་ཚོགས་གཞིའི་སྐད་ཆ་བཤད་བསྡད་ན་ཆོས་འཇིག་རྟེན་གཉིས་དང་ཅང་མཐུན་ཨེ་ཡོང་ངམ།
ཅོ་རི་ལེགས། བདེན་པ་བཤད་ན་ཆོས་དང་འཇིག་རྟེན་གང་ལ་འགལ་བར་མི་སེམས། དཀར་མཛེས་པ་སྤྱི་ལ་མིན་པ་གོང་དུ་བཤད་ཡོད། ངའི་དཀར་མཛེས་ཟེར་བ་དེ་དཀར་མཛེས་ཁུལ་ལ་ཟེར། ཧོར་དགོན་ཁག་ལ་རྒྱུས་མེད། ངའི་གཞི་འཛིན་སའི་ཡིག་ཆ་རྒྱ་ཡིག་ཡིན། ལོ་རེར་སྤྱི་སྡོམ་བྱས་ན་ནང་འཁྲུགས་དང་གསོད་རེས་ཆེས་མང་ཤོས་ནི་དཀར་མཛེས་ཁུལ་རེད། དེ་བཞིན་ཆབ་སྲིད་མི་སྣ་འགེབ་སྲུང་མི་བྱེད་པའི་དཔེ་བཟང་ཅན་བྱ་དགའ་ཐོབ་མཁན་རིགས་ཀྱང་དེ་ཕྱོགས་ལ་མང་། དཀར་མཛེས་པས་བཙོང་པའི་མི་གཉིས་ང་ལ་རྒྱུས་ཡོད། དགོན་སྡེ་སོགས་བཞེངས་བར་ནང་ཕན་ཚུན་དུ་ཕྲག་དོག་གིས་གོང་ལ་སྙན་ཕྲ་བྱས་པའང་མི་ཉུང་པ་འདུག བླ་རུང་ལ་ཡི་གེ་ཕུལ་བ་དག་གཞུང་གི་ལས་བྱེད་པས་བླ་རུང་ལ་སྐྱོན་བརྗོད་བྱེད་་པའི་ལག་ཆ་ཨང་དག་པོ་དེ་རེད། ཞིབ་མོ་ཞུ་མི་དགོས་པར་མཁྱེན། དཀར་མཛེས་པར་ཁྲི་འདུ་ཚུན་ན་དཔའ་ངར་ཆེ་བ། རྐུ་ཇག་མཁས་པའི་ཚད་དུ་འཇོག དེ་དཀར་མཛེས་པ་མང་པོས་ཀྱང་ཁས་ལེན། དཀར་མཛེས་པ་ཚུལ་ཁྲིམས་བློ་གྲོས། མཁན་པོ་བརྩོན་འགྲུས་སོགས་ས་གནས་རང་གི་མཁས་པ་ཚོའི་སློབ་གསོའི་ནང་དུ་འདུག དཔེར་ན་ཨ་མདོ་རེབ་གོང་ཁུལ་དུ་ལོ་རེར་ནང་འཁྲུགས་གཏན་ནས་མ་བྱུང་བ་དང་། གོང་འབུལ་ཕྲ་མ་གཏན་ནས་མ་བྱུང་བར་མར་རྩད་གཅོད་དགོས་པའི་ལོ་རེ་ཡང་བྱུང་མྱོང་ཡོད། ཨ་མདོ་རྔ་བ་ལ་ལོ་ཤས་བར་ནང་འཁྲུགས་བྱུང་མེད་པའི་སྐབས་ཀྱང་ཡོད། དེ་དག་བསྡུར་ན་དཀར་མཛེས་སྐྱོ་ཤོས་རེད། བདེན་རྫུན་རྒྱ་ནག་གི་སྤྱི་བདེའི་དྲྭ་བར་བལྟས་པས་ཤེས། ཧོར་གྱི་དགོན་པ་ལ་ལོ་སྟོང་གི་ལོ་རྒྱུས་ཡོད་ན་བླ་རུང་ལའང་དེ་བཞིན་ཡོད། དུས་རབས་བརྒྱད་པར་གུ་རུ་པདྨ་འི་དུས་ནས་བླ་རུང་ཡོད། དེ་རྗེས་གནུབས་དང་ཟུར། དེ་རྗེས་བདུད་འཇོམས་སྒར། དེ་ནས་གླིང་བླའི་ཆོས་སྒར། དེ་ནས་བླ་རུང་གནུབས་ཟུར་སྒར་དུ་གྱུར་པ་རེད། ངའི་བཤད་པའི་དཀར་མཛེས་སྐོར་རྫུན་པ་ཡིན་ན་ང་ལ་དེ་ལས་དགའ་བ་ཞིག་མེད། རྫུན་དུ་འགྱུར་བར་སྨོན། སྐྱོན་སུ་ལ་ཡོད་ཀྱང་བཤད་པ་ལས་བསམ་བཞིན་འཁྱོགས་བཤད་ནི་ཁོ་བོའི་གཤིས་ལ་མི་གནས་ཐག་ཆོད་ཡིན། མ་ཤེས་མ་དཔྱོད་པའི་སྐབས་ཡོད་སྲིད། སྤྱིར་ང་དཀར་མཛེས་ཀྱི་མཁས་པ་རྣམས་ལ་དགའ། བསྟོད་པ་བྱེད་མཁན་ཡིན། མ་རབས་མང་པོ་ཡོད་པར་སེམས་ཕམ་མཁན་ཡིན། སྐད་ཆ་རེ་གཉིས་བཤད་ཤོར་བར་ཐུགས་ལ་འགལ་བ་བྱུང་ན་དཀར་མཛེས་པར་འཐོལ་ལོ་བཤགས། ཅོ་རི་ལ་བཟོད་པར་གསོལ། སྙིང་ཐག་པ་ནས་དགོངས་དག་ཞུ། ། དཀར་མཛེས་སྐོར་དེ་ཙམ་གྱིས་འཐུས་པ་བྱེད།
ཅོ། ཅོ་རི་རང་གྲྭ་པ་བྱེད་མི་ཐུབ་ཀྱང་། བོད་ཀྱི་རབ་འབྱུང་གཞན་པ་ཚོར། དད་པ་བྱེད་མ་ཐུབ་ན་ཡང་། རྗེས་སུ་ཡི་རང་བྱས་ནས་སྡོད་དང་། རང་གཞན་གཉིས་ཀ་ལ་ཕན།
མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་ནི་བོད་ཀྱི་མི་རབས་གསར་པའི་ཆོས་སྨྲ་བ་རྣམས་ཀྱི་མིག་དཔེ་ལེགས་པོ་ཞིག་རེད། སྟབས་བདེ་པོ་དང་སྙེམས་ཆུང་། འཚོ་བ་ལ་རྒྱས་སྤྲོས་མེད་པ། མཐོ་ཉམས་དང་མཁས་ཉམས་མེད་པར་གྲྭ་པ་ཕལ་པ་ཞིག་གི་རྣམ་པ་བཟུང་ནས་སྤྱི་ཚོགས་ལ་ཕེབས་པ་འདི་ལ་ངོ་མ་ཡིད་རངས་ཞུ། ཁོང་ངེས་པ་དོན་གྱི་གསང་སྔགས་རྙིང་མའི་རྒྱན་རེད། བསྟོད་དགོས་འདུག
དེ་མིན་ཁ་ནས་རྫོགས་ཆེན་དང་བར་མདོ་ཟེར་ནས། དགོས་རྒྱུ་དེ་བུད་མེད་དང་དངུལ། གོ་ས་དང་མི་ཐོབ་ཁོ་ནར་དོན་གཉེར་བྱེད་པའི་བླ་མ་དེ་ཚོ་ངོ་མ་ཐེར་འདོན་བྱ་དགོས་འདུག དེ་ཚོ་གསང་སྔགས་རྙིང་མའི་བསྟན་པར་རྨ་བྱིན་པ་དང་མང་ཚོགས་ལ་ལོག་ལྟ་སྦྱར་བ་ལས་གཞན་མི་ཕན།
དེ་ཚོར་རྒྱབ་སྐྱོར་བྱེད་མཁན་གསང་སྔགས་རྙིང་མའི་མིང་ཁྱེར་མཁན་ཚོ་ཡང་དོན་དངོས་བླུན་པོའི་ནང་གི་བླུན་ཆེན་དང་། བླངས་དོར་ཉམས་པའི་གླེན་པ་རེད། འཇིགས་དགོས་པ་ཞིག་ལ།་དེ་ཚོས་ད་དུང་གསང་སྔགས་རྙིང་མའི་ཆོས་སྨྲ་བའི་གྲལ་ལ་ཚང་བ་འདི་གསང་སྔགས་རྙིང་མའི་བར་ཆད་དང་འདྲེ་རེད། ཨེ་ཀ་ཛ་ཏིས་ཆད་པ་གཏོང་དགོས་འདུག དེ་ལས་གཞན་པའི་བསྟན་པའི་བདུད་ཅིག་གང་ན་ཡོད།
བསམ་ཤེས་ཐོ་རངས་སྐར་ཆེན།།
ཤར་ནས་ཟུར་མདའ་ཕངས་པས།།
ནུབ་ཀྱི་ཉི་མ་ནག་པོའི།།
ཁ་ལ་ཐད་ཀར་ཕོག་འདུག །
མཁན་ཆེན་མཆོག་གིས་ཨ་རིའི་བོད་པ་དག་ལ་བསྩལ་བའི་བཀའ་སློབ། ཡིག་ཕབ་པ། གླིང་ལོ་མ་སེར་པོ། ཨེ་མ་ཧོ་ཡིས་འོས་སྦྱོར་བྱས།
་
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གི་དབུ་གཙོས་བོད་རིག་གཞུང་དང་། སྐད་ཡིག་མི་ཉམས་པར་དགོས་ན། བོད་རྒྱ་ཚིག་མཛོད་ན་ཡོད་པའི་ཡི་གེ་མ་དག་པ་དེ་དག་སེལ་ཐབས་ལ་འབད་དགོས། བོད་རྒྱ་ཚིག་མཛོད་དག་པར་བསམས་ཏེ། བཀའ་སྩལ་པ་ལ། བལ་ཡུལ་སོགས་ཕྱི་ལོགས་ན། བོད་རིགས་གིས་སྤར་པའི་གླེགས་བམ་མང་པོར་བཀའ་བསྩལ་པ། ཞེས་་བྲིས་པ་ནི། བཀའ་བསྟན་ན་ཡོད་པ་ལྟར། དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན། ལི་ཤིའི་གུར་ཁང་སོགས་ན་བྲིས་པ་ལ་ཚད་མར་མི་འཛིན་པའི་བོད་རིགས་དག་ཡིན་པར་མཐོང་ངོ་།
འདི་ལྟར་ཡང་དང་ཡང་དུ་འབྲི་དགོས་པ་ནི།
་
དམ་པའི་ཆོས་ལ་བརྒྱ་རྩ་དང་།
དཀའ་བོ་ཆེ་ལ་ནན་ཏན། ཞེས་པའི་ཁ་རྒྱུན་ལྟྲར་རོ།