—-རྫ་ཚེ་རིང་བཀྲ་ཤིས།
ཕྲ་མོའི་ཤེས་པ་དེ་ཡི་སྦུབས་གནས་ཤིང་།།
རགས་པའི་སྣང་བ་འདི་ཡི་མཐར་སོན་པ།།
ཟང་ཐལ་ཀུན་ཏུ་སྣང་བའི་ལྷ་ཞལ་སྟེ།།
རང་བྱུང་སེམས་ཀྱི་བླ་མར་ཕྱག་འཚལ་ལོ།།
སྲིད་པ་མྱ་ངན་ཐང་གི་བས་མཐའ་ན།།
འཁྲུལ་སྣང་སྨིག་རྒྱུའི་བམ་ཁ་རི་ལས་མཐོ།།
གལ་ཏེ་དམ་པའི་ཞལ་ལུང་མ་ལགས་པ།།
འཇིགས་ལྟའི་དམག་གི་དོ་ཡ་གཞན་ཡོད་མིན། །
དངོས་གྲུབ་གྲུབ་པ་དབྱིག་གི་སྙིང་པོ་སྟེ། །
ལྷ་དང་བཅས་པའི་སྲིད་ན་ཟླ་མེད་པ། །
བཀའ་དྲིན་མཉམ་པ་མེད་པའི་བླ་མ་ནི། །
དྲན་པ་ཉིད་ཀྱིས་སྲིད་པའི་འཇིགས་པ་འཕྲོག །
གོང་མས་བྱིན་གྱིས་རླབས་པའི་སྨུག་བསེང་དང་། །
བླ་མའི་གདན་སར་གྱུར་པའི་ལི་མདོ་རུ། །
བཤད་དང་སྒྲུབ་པས་བསྟན་པའི་སྲོག་འཛིན་པ།།
མཁན་ཆེན་བླ་མ་ཤེས་རབ་གཙུག་ན་རྒྱལ། །
ཁོ་བོ་ཆོས་ཀྱི་ལམ་ཁར་བསྙེགས་པའི་དུས། །
རྟེན་འབྲེལ་ལེགས་པའི་ཕྱོགས་སུ་འགྲིགས་པའི་དུས། །
ཐེག་མཆོག་བདུད་བརྩི་ཞིམ་མངར་བཏུང་བའི་དུས། །
ཁྱེད་ནི་བདག་གི་ཐར་པའི་སྟོན་པ་ལགས། །
ཆོས་ཀྱི་འབྱུང་གནས་ལི་མདོ་ཆོས་གྲྭ་རུ། །
རྣལ་འབྱོར་དབང་ཕྱུག་ཆོས་དབྱིངས་ཁྱབ་བརྡལ་གྱིས། །
མདོ་སྔགས་ཆོས་ཀྱི་གྲུ་ཆར་འབེབས་པའི་གྲྭར། །
ཁྱེད་ནི་བླ་མའི་ཐུགས་ཀྱི་སྲས་མཆོག་ལགས། །
ཐོས་པ་ཚུལ་བཞིན་འཚོལ་བའི་སློབ་མའི་ཁྱུ། །
ཕྱོགས་ཀྱི་བུང་བ་སྤྲིན་དུ་འདུས་པ་ལ། །
ཟབ་རྒྱས་ཆོས་ཀྱི་བགོ་སྐལ་མཆོག་སྦྱིན་པ། །
ཁྱེད་ནི་མན་ངག་རིན་ཆེན་འབྱུང་གནས་ལགས། །
བླ་མ་མི་བཞུགས་ཞིང་ལ་ཕེབས་པའི་དུས། །
ཤུལ་ལུས་མྱ་ངན་ཁུར་གྱིས་མནོན་པའི་དུས། །
བདག་ཅག་སེམས་ཀྱི་གཏད་སོ་ཉིད་གྱུར་པ། །
ཁྱེད་ནི་རྩོད་མེད་དོན་གྱི་རྒྱལ་ཚབ་ལགས། །
སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམ་པ་བཞི། །
ཁྱད་པར་རྫོགས་ཆེན་སེམས་ཀློང་མན་ངག་གི །
གདམས་པའི་ཕ་ཕོག་བུ་ལ་སྩོལ་བའི་སྐབས། །
ཁྱེད་ནི་ཕ་རྗེས་བུ་ཡིས་ཟིན་པ་ལགས། །
རེ་ཞིག་གདུལ་བྱའི་ལས་ཀྱི་གཞན་དབང་གི །
འགལ་རྐྱེན་རླུང་གི་རེག་པས་བྲན་ན་ཡང་། །
ཁྱེད་ཐུགས་མི་ཤིགས་རྡོ་རྗེ་གོ་བགོས་ཏེ། །
མཐའ་དག་རྐྱེན་ངན་ལམ་དུ་ལྷོངས་པ་ལགས། །
མདོར་ན་བཞུགས་སམ་བཞུད་དམ་ཅི་མཛད་ཀྱང་། །
བཤད་དང་སྒྲུབ་པ་གཉིས་ཀྱིས་དུས་མདའ་སྟེ། །
ཕྱོགས་མེད་བུ་སློབ་འདུས་པའི་ཚོམ་བུ་ལ། །
དམ་པའི་ཆོས་ཀྱི་བགོ་བཤའ་བཀྱེ་བ་ལགས། །
མཐར་ནི་འདིར་སྣང་གདུལ་བྱ་རྫོགས་ཚུལ་གྱིས། །
རེ་ཞིག་ཞི་བའི་དབྱིངས་སུ་གཟིམས་ན་ཡང་། །
རང་དོན་ཆོས་སྐུ་རྫོགས་པར་བྱང་ཆུབ་སྟེ། །
ཐུགས་རྗེ་སྤྲུལ་པས་འགྲོ་བ་འདྲེན་པ་ལགས། །
བདག་ཀྱང་ཕྱོགས་མེད་རྒྱལ་ཁམས་ཉུལ་བ་དང་། །
མ་ངེས་ལས་སྣང་ཐོད་ཀྱིས་བསུས་ན་ཡང་། །
ཁྱེད་ཀྱི་བཀའ་དྲིན་སྙིང་ལ་བཅངས་གྱུར་ཏེ། །
བརྒྱུད་པ་རིན་ཆེན་མཆོག་ཏུ་གཅེས་པ་ལགས། །
སླད་ཀྱང་ཇི་སྲིད་ཀུན་མཁྱེན་ཡབ་སྲས་བཞིན། །
རང་རིག་གཞི་ལ་བརྟན་པ་མ་ཐོབ་པར། །
བླ་མ་ཡབ་སྲས་ཐུགས་རྗེས་བྱིན་རླབས་ཏེ། །
གདམས་པའི་དོན་ལ་སྙིང་རུས་བྱེད་པ་ལགས། །
བདག་ནི་འཇིག་རྟེན་ཆོས་ལ་ཞེན་ཆེ་སྟེ། །
འཁྲུལ་པའི་སེམས་ཀྱིས་རྟག་ཏུ་བསླུས་གྱུར་ཀྱང་། །
ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ། །
ཁྱེད་ནི་བདག་ལ་ལྷག་ཏུ་གཟིགས་པ་ལགས། །
བདག་གིས་འདི་ལྟར་གང་དྲན་ཚིག་འགའ་ཡིས། །
རྒྱང་རིང་ཡུལ་ནས་ཁྱེད་ཉིད་དྲན་ན་ཡང་། །
ཁྱེད་ནི་བདག་གི་མགོའམ་སྙིང་དབུས་སུ། །
གབ་པའི་ཚུལ་གྱིས་སྔར་བཞིན་བཞུགས་པ་ལགས། །
འདྲིས་དང་མ་འདྲིས་རྡོ་རྗེའི་མཆེད་ལྕམ་དག །
ཆ་མེད་ཡུལ་ལུང་སོ་སོར་བཞུགས་ན་ཡང་། །
སེམས་ལ་བསྒོམ་པའི་བླ་མ་གཅིག་ཉིད་དེ། །
ནམ་ཞིག་ཁྱེད་དང་འཛོམས་དུས་ཞུ་བ་ལགས། །
ཞེས་པ་འདི་ཡང་། མགོན་པོ་གང་གི་བཀའ་དྲིན་གྱིས་འཚོ་བའི་སློབ་འབངས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཞལ་མི་མཚོན་ཡང་དོན་གྱིས་བླ་མ་གཅིག་པའི་མཆེད་དུ་གཏོགས་པའི་དྲ་གྲོགས་ཤིག་གིས་ཁོང་ཉིད་མཁན་ཆེན་ཤེས་རབ་རིན་པོ་ཆེའི་སློབ་མ་ཡིན་པས་མཁན་ཆེན་ཉིད་སྐུ་ཞི་བར་གཤེགས་པའི་རྗེས་དྲན་དང་འབྲེལ་བའི་རྗེས་དྲན་རྩོམ་ཡིག་ཅིག་བསྡུ་སྒྲིག་ཞུ་བཞིན་ཡོད་པས་ཁྱོད་ཀྱིས་ཀྱང་རྩོམ་ཡིག་ཅིག་ཕྲིས་ཤིག་ཅེས་སྐུལ་མ་བྱུང་བ་དང་དུ་བླངས་ཏེ་ཨོ་གླིང་གི་ཞི་བདེ་རྒྱ་མཚོའི་ཉེ་འགྲམ་གྱི་རང་ཤག་ནས་མེ་སྤྲེལ་བོད་ཟླ་བཅུ་པའི་ཚེས་སུམ་ཅུའི་ཕྱི་དྲོ་ཤར་མར་བྲིས་ཏེ་ཕུལ་བ་དགེ།