ལྷ་རྩེའི་ཁུ་བྱུག (བོད་འབྱོར།)
མཁན་པོ་དཔའ་བརྟན་ཁ་རྩང་སྤྱི་ལོ་༢༠༡༢-༡༡-༢༡ཉིན་གྲོགས་ཨོ་རྒྱན་ཉི་མ་དང་བསྡེབས་ཏེ་ངེད་ཀྱི་ཐུན་ཁང་སྐྱིད་ཕུག་ཉི་མ་གླིང་ལ་ཞབས་རྐྱང་ཕེབས་འདུག ཀུན་པོས་མི་ཆེན་སྒོ་ལ་འབྱོན་ཉིན་ཚུགས་ཀ་གཏོད་དགོས་ཀྱང་རྫ་རི་སྐེད་པར་སོང་བས་མཐུན་རྐྱེན་ཚོད་ལས་མི་འབེལ་ཞིང་། མི་ཚེའི་མཆེད་གྲོགས་ནང་ཚགས་ཡིན་པ་བཅས་ཀྱིས་སྟབས་བདེའི་མགྲོན་བསུ་ཞུས་ཏེ། ཕྱོགས་ཡར་མར་གླེང་བ་ཡིན། རེ་ཞིག་ནས་གླེང་མོལ་རྒས་གསོ་ཚང་ལ་ཤོར་བྱུང་། དེ་དུས་ཁོང་གི་ཞལ་ངོ་རྦད་དེ་འགྱུར་ཞིང་། ཐུགས་སྐྱོ་བའི་རྣམ་པས་རྒས་གསོ་ཚང་གི་རྒན་མོ་བསོད་སྐྱིད་སྐོར་གསུངས་སོང་། བསོད་སྐྱིད་ནི་རྒྱབ་ཀྱི་དགའ་ཉེ་དང་། སྔོན་གྱི་བུ་ཕྲུག་མེད་པའི་དབུལ་མོ་ནང་གི་ཡང་སྤྲང་ཞིག་རེད། རྣམ་ཀུན་ཨར་འདམ་རྗེན་པར་ཉིན་གང་ཙོག་མཁན་ཞིག་རེད། ཁོང་གིས། བསོད་སྐྱིད་ནི་མལ་དུ་མགོ་ཡང་དགྱེ་མི་ཐུབ་པའི་ཚད་ལ་ལྷུང་འདུག བརླ་གཉིས་བྲང་ལ་འབྱར་ནས་རྐྱང་སྐུམ་གཏན་ནས་མེད་པར་རིལ་རིལ་ཆགས་འདུག །འོ་དེས་ག་ནས་ཚད་ཚང་ར་ཤ་ཟད་རུས་ལ་ཐུག་ནས་ཕོར་ཁ་ཙམ་བུག་འདུག་པ་ལས་རྣག་ཁྲག་འཛག་པའི་དྲི་ངན་དང་། དྲི་ཆེན་དང་དྲི་ཆུ་ཚང་མ་འོག་ལ་ཤོར་བའི་དྲི་མས་ཁང་པར་ཁྱབ་འདུག །སྐད་ཆ་འདི་གསུང་དུས་ཁོང་ངུ་སྐད་འདྲེས་ཡོང་བས་ཨོ་རྒྱན་ཉི་མ་ངེད་གཉིས་མགོ་གཞན་ལ་ཕྱོགས་དགོས་བྱུང་། ཡང་། ཁོང་གིས་ཇ་ཞིག་གསོལ་ཏེ་གསུངས་པར། ཁོང་གིས་སྨན་པ་ཉི་ཤར་རོགས་ལ་སྦྲན་ཏེ་བསོད་སྐྱིད་རྒན་མོའི་འོག་བརྗེས་ཤིང་། གཅིན་སྐྱག་ཕྱིས། རྐང་ཐུང་ནང་ཚགས་ཅན་བསྐོན་ཞིང་གསར་པ་ཟུར་ལ་བཞག་པ་ཡིན། འོན་ཏང་རྐང་པ་འཁུམས་ཚར་བས་སྟབས་བདེར་བསྐོན་རྒྱུ་ཅི་ལ་ཡོད། རྒན་མོ་དེར་སྡུག་སྐད་མེད་ཅིང་། ད་དུང་ཡིད་བདེའི་མདངས་ཤིག་འདུག །མོས་བཤད་རྒྱུར་མོ་གང་ལྟར་འཆི་བ་ཡིན། གོས་གསར་དང་ཟ་མ་སོགས་ཡོ་བྱད་འདི་དག་ཉམ་ཆུང་གཞན་དག་ལ་གནོང་ཞེས་རེ་བ་ཞུས་སོང་། ད་དུང་མོས་འཆི་ཁར་དབང་ཞིག་ཐོབ་པའི་རེ་བ་འདུག །དུས་རྒྱུན་མོ་ནད་ཀྱིས་ཟིན་མེད་ན་མངར་གསུམ་ལ་དགའ་བས་ཁོང་གིས་བུ་རམ་ཕོར་པ་གང་མོའི་སྔས་འགྲམ་དུ་བཞག་པ་ཡིན། མོ་འཛུམ་ཙམ་ལས་ཟ་བའི་ཡི་ག་མི་འདུག །དེ་དག་དངོས་བྱུང་ཁོང་གི་སྐད་ཆ་རེད། ངས་ཁོང་ལ་བཅོས་མིན་གྱི་ཡི་རངས་དང་། དགེ་སེམས་དེ་ལ་སྨོན་པ་ཤོར་ཐལ། སྟོན་པ་ཐུགས་རྗེ་ཅན་སྐུ་འཚོ་བའི་སྐབས་ཡིན་ན་ཁོང་གིས་ནད་གཡོག་དང་བུ་དོད་མཛད་པར་གདོན་མི་ཟ་མོད། འོན་ཏང་ད་ཆར་རྒན་མོ་ནད་པ་ཟུངས་ཟད་ཅིག་དགོན་འདབས་ཤིག་ན་ངན་སོང་གསུམ་གྱི་སྡུག་བསྔལ་ཚང་མ་གསོན་གསོན་ཁ་ལ་མྱོང་གིན་ཡོད་ཀྱང་བན་འཆལ་ང་ཚོས་སྣང་མེད་དུ་གཡུགས་པ་རེད་ཨང་། ང་འགྱོད་པ་སྐྱེས་སོང་། རང་ལ་ཞེ་མེར་སོང་། མ་གྱུར་ནམ་མཁའ་ཁ་ལ་ལེན་པའི་ཟོབ་རྒན་ང་ལྟ་བུ་ལ་བྱང་སེམས་ཀྱི་དྲི་མ་མི་འདུག །གསར་བུ་ཚོ་གོ་བ་མ་ལོག །ང་ཚོ་རྒན་མོ་དེ་དང་བརྗེ་པོ་ཞིག་བརྒྱབས་ནས་བསམ་མནོ་ཞིག་ཐོངས་གདའ། ང་ཚོ་རྒན་མོ་དེ་ལྟ་བུའི་གནས་བབ་ལ་སླེབས་ཡོད་ན་བཟོད་དམ། དེ་དུས་ང་ཚོའི་སེམས་ཀྱི་མིག་ཆུ་སུ་ལ་ཕུད་དགོས། ལུས་ཀྱི་ན་གཟེར་སུ་ལ་བཤད་དགོས། ཨ་གྲོགས་པོ་དག་བསམ་མནོ་ཞིག་ཐོངས་ཡ། སྤྱིར་ང་ཚོ་སེམས་ཅན་གྱི་བྲན་དུ་ཁས་བླངས་པ་མིན་ནམ། ང་ཚོ་སེམས་ཅན་གྱི་མགོན་དུ་དམ་བཅས་པ་མིན་ནམ། བརྒྱད་ཅུ་ལོ་ཡིས་མནན་ཞིང་རྣག་ཁྲག་དང་གཅིན་སྐྱག་གི་ནང་ལ་ཟུག་པའི་རྒན་མོ་དེ་ངུར་སྨྲིག་ལྡན་པའི་ཐེག་ཆེན་དགེ་འདུན་པའི་ཟུར་ན་ལུས་པ་ལ་ངོ་ཚ་སོང་། ཐར་མེད་ནད་ཀྱིས་ཟིན་པའི་རྒན་མོ་དེ་ལ་ནད་གཡོག་གནང་བའི་མཁན་པོ་དཔའ་བརྟན་ལ་ཕྱག་རོགས་ཙམ་མ་ཐུབ་པས་ཡིད་སྐྱོ་ཐལ།
ལྷ་རྩེའི་ཁུ་བྱུག་གིས་སྐྱིད་ཕུག་ཉི་མ་གླིང་ནས།
མཁན་པོ་དཔའ་བོ་ལ་གུས་འདུད་ཞུ།།
དངོས་ནས་རྒན་མོ་སྙིང་རྗེ་སྐྱེ་བ་རྗེས་མ་མི་ལུས་ཡག་པོ་ཞིག་ཐོབ་པས་སྨོན་འདུན་ཤུགས་གྲགས་ཞུ་དེ་ཙམ་མ་གཏོགས་ང་ལ་ཐབས་ཤེས་གཞན་མིན་འདུག་།
དངོས་གནས་དེ་འདྲ་མང་པོ་རེད། དེས་ག་ལ་ཚད་དགོན་འདབས་སོགས་སུ་ད་དུང་ཁྱི་མོ་རྔོ་ནད་ཅན་དང་མི་མོ་དབུལ་མོ་དེ་འདྲ་ཇི་སྙེད་ཅིག་མ྄ཐོང་རྒྱུ་འདུག་དེང་སང་བྱང་སེམས་ཅན་དང་སྙིང་རྗེ་ཅན་དེ་འདྲ་ཉིན་མོའི་སྐར་མ་རེད།
ཤ་ཚ་མོ་རེད།
སྐྱིད་ཕུག་ཉི་མ་གླིང་དུ་སྐྱིད་ཉལ་གནང་བའི་གྲོགས་པོ་ཁང་གི་སེམས་ཚོར་དག་ཉིན་དྲུག་གི་ནང་དུ་འཛམ་གླིང་མི་མང་གི་མདུན་ཕྱིར་བསྒྲགས་གནང་བ་ནི་དངོས་གནས་མི་ལ་རས་པ་སོགས་ལས་འཇོན་ཐང་ཆེ་བའི་དུས་རབས་ཉེར་གཅིག་པའི་རི་ཁྲོད་པ་ཁོང་ལ་ཡིད་སྨོན་ཤོར་སོང་།
༈འོ་་་ ལགས་སོ་མཁན་པོ་དཔའ་བརྟན་ལགས་ཀྱིས་བཛད་ཕྲིན་དེར་
ཡི་རང་བསྔགས་བརྗོད་ཡོད་ཞུ།
མཁན་པོ་དཔའ་བརྟན་ལགས་ཀྱིས་གཡོག་རྒྱུགས་པ་ཡག་འདུག་མོད་འོན་ཀྱང་རྒས་མོའི་མཚང་
ར་ཤ་ཟད་རུས་ལ་ཐུག་ལུགས་དང་ཨི་ཁུང་ཕོར་ཁ་ཙམ་འབིག་ཐང་ལ་བལྟས་ན་མཁན་པོ་
ལགས་ཀྱིས་གཡོག་གཅེས་བྱེད་རྒྱུ་ཕྱི་དྲགས་པས་རྣམ་པ་ཞིག་ངང་གིས་ཤར་ཡོང་མི་འདུག་གེ།
ཆོས་བ་ཟེར་བ་དེ་འདྲ་ཡིན་དགོས་རེད།
ལྷ་རྩེའི་ཁུ་བྱུག་གིས་ཨ་མ་རྒན་མོ་དེའི་སྣང་བརྙན་མིག་ལ་ཤར་བ་ཞིག་བྲིས་འདུག དངོས་བྱུང་འདི་འདྲ་ཞིག་བཀླགས་རྒྱུ་བྱུང་བས་དངོས་གནས་ཁུ་བྱུག་གིས་གསུངས་པ་བཞིན་རྒན་མོའི་ཚབ་ཏུ་རང་ཉིད་འཇོག་ཨེ་ཐུབ་ལ་ཨུ་ཚུགས་ཅུང་ཙམ་རྒྱག་གི་ཡིན། རྒན་མོ་དེ་གནས་སྐབས་དེ་རུའང་སེམས་ཀྱི་བདེ་བས་མ་གཏོང་བར་གྱུར་ཅིག་་་
ཆོས་པ་ཡང་། ཆོས་བ་ཆགས་ཚར་འདུག
ཁ་རྩང་འདི་མདང་ཞེས་བྲིས་ན་མི་བདེའམ།