བོང་སྟག་རི་ལུ།
ཨེ་ཐོབ་བསམ་པའི་ནོར་བུ་གཞན་ལ་ཤོར་ཐལ།།
མི་ཐོབ་བསམ་པའི་སྡུག་བསྔལ་མགོ་ལ་ལྷུང་ཐལ།།
ལས་དེ་བསམ་སར་མི་འགྲོ་གསེག་སར་འགྲོ་བས།།
དོ་ནུབ་ཡ་ཆུང་སེམས་པ་སྡུག་གིས་ཁེངས་ཐལ།།
བླ་མ་ཉི་མ་འདྲ་པོ་རི་ལ་ནུབ་ཐལ།།
སློབ་མ་བྱེའུ་ཚོགས་འདྲ་པོ་ཤུལ་ནས་ལུས་ཐལ།།
སྡུག་བསྔལ་རི་རབ་འདྲ་བོས་སེམས་པ་མནར་ཐལ།།
མིག་ཆུ་ཡུར་ཆུ་འདྲ་བོ་བཞུར་ནས་ཐོན་ཐལ།།
མེས་པོ་རླབས་ཆེན་རྣམ་པ་འཕུར་ནས་ཚར་ཐལ།།
ཕ་དང་མ་ཡི་རུས་པ་ཟད་ནས་ཚར་ཐལ།།
ཕྱི་རབས་མེ་ཏོག་འདྲ་བོ་ཉམས་ནས་ཚར་ཐལ།།
ང་དང་ང་འདྲ་བར་ནས་ལྡོམ་ནས་ཚར་ཐལ།།
ང་ཚོ་ཆུ་ཕྲན་བཞིན་དུ་རྒྱུག་ནས་ཚར་ཐལ།།
ང་ཚོ་རླུང་རྟ་བཞིན་དུ་འཁུར་ནས་ཚར་ཐལ།།
ང་ཚོ་ཕྲེང་ཐག་བཞིན་དུ་ཐོར་ནས་ཚར་ཐལ།།
བོད་ཀྱི་བླ་ཆེན་རེ་རེ་རི་ལ་ནུབ་ཐལ།།
བོད་ཀྱི་རི་ཆུ་མང་པོ་གཞན་ལ་ཤོར་ཐལ།།
བོད་ཀྱི་བྱ་བཞག་མང་པོ་མ་འགྲུབ་ལུས་ཐལ།།
བོད་ཀྱི་བུ་རྒྱུད་མང་པོར་ལ་རྒྱ་མི་འདུག།
རྡོག་རྩ་གཅིག་ཏུ་བསྒྲིལ་བའི་མཐུན་སྒྲིལ་མེད་ཀི།
གཅིག་སེམས་གཅིག་ལ་གཏད་པའི་ཡིད་ཆེས་མེད་ཀི།
རང་ཉིད་བོད་ཅིག་ཡིན་པའི་བསམ་པ་མེད་ཀི།
ལུས་ཀྱི་ཁྲག་རྩར་རྒྱུ་བའི་དུང་ཞེན་དྲོན་མོ།།
ཉི་མ་སུམ་བརྒྱ་དྲུག་ཅུར་ལྷོག་ལྷོག་གདུ་ཀི།
རང་གི་རིགས་ལ་འཁོར་བའི་སྙིང་ཆུང་གསོན་པོ།།
ལོ་འཁོར་ཟླ་བ་བཅུ་གཉིས་སྡོད་ཐབས་མེད་ཀི།
ཕོ་ལོ་དྲུག་གསུམ་བཅོ་བརྒྱད་བལྟས་ནས་ཚར་ཐལ།།
རང་ལོ་ཉི་ཤུ་རྩ་ལྔ་བཤད་ནས་ཚར་ཐལ།།
ད་དུང་སྙེག་ས་ཞིག་ལ་ལམ་ཐག་རིང་གི།
ལམ་ན་ཞེན་ས་ཆགས་ཡུལ་མང་པོ་ཡོད་ཀི།
ཡིད་བཞིན་ནོར་བུའི་དགོངས་པ་དབྱིངས་ལ་གཏད་ཀྱང༌།།
མིག་ཆུ་བཙན་པོ་ཞིག་གིས་ལམ་རྒྱགས་མི་སྟེར།།
རང་གི་ལུས་སེམས་གཉིས་ཀ་བོད་ལ་འབུལ་རྒྱུ།།
དེ་ལས་ལྷག་པའི་ལེགས་སྐྱེས་ང་ལ་མེད་དོ།།
རྩོམ་པ་པོ་བོང་སྟག་རི་ལུ་ལགས།
ང་ནི་སྙན་ངག་ལ་དགའ་བའི་སྙན་ངག་གི་ྋཐྲྤཀློག་པོ་དཀྱུས་མ་ཞིག་ཡིན། ཁྱོད་ཀྱིས་བརྩམས་གནང་བའི་སྙན་ངག་འདི་ཧ་ཅང་སྙན་པོ་འདུག། སྙན་ངག་འབྲི་བའི་བྱང་རྩལ་ཆེ་ཚད་དུ་སླེབས་འདུག་སྙམ། བདག་ལ་དམིགས་བསལ་གྱི་རྩོམ་རིག་དཔྱད་བརྗོད་སྐོར་གྱི་ཡོན་ཚད་གང་ཅི་ཡང་མེད་ན་ཡང༌། ཁྱོད་དང་ཁྱོད་ལྟ་བུའི་བོད་ནང་གི་སྙན་ངག་གི་གླུ་བ་སྐད་ཆེན་ཚོར་སེམས་ཐག་ཉེ་ལ་དུང་བ་ཟབ། ངས་ནམ་ཡང་ཁྱེད་ཅག་གི་བླ་ན་མཐོ་བའི་མི་རིགས་རིང་ལུགས་ཀྱི་སྙིང་སྟོབས་ལ་གདེང་འཇོག་ཆེན་པོ་བྱེད་ཀྱིན་ཡོད། ཁྱོད་ཀྱིས་མུ་མཐུད་དུ་མི་རིགས་ཀྱི་བདེ་སྡུག་བླ་སྲོག་ལ་རུམ་པའི་སྙན་ངག་མང་པོ་འབྲི་བའི་རེ་བ་དང་བཅས། བོད་རྒྱལ་ལོ།
བོང་སྟག་རིལ་ལུས་གསུངས་པའི་དོན་ཁ་ཤས་བདེན་པར་མངོན། ཡིན་ནའི་མཁན་པོ་འཇིགས་མེད་ཕུན་ཚོགས་མི་རིགས་ཀྱི་དཔའ་བོ་ཡིན་པར་ཤུགས་བསྟན་གྱི་བསྟན་པ་འདི་འགྲིག་གི་ཨེ་ཡོད།
འཇིགས་ཕུན་རྙིང་མའི་བླ་མ་ཞིག་རེད། སློབ་མ་མང་པོ་ཡོད། དགོན་པ་ཡག་པོ་རྒྱབ་ཡོད་པ་དང་དེ་ཚོའི་ནང་ནང་ཆོས་དང་རྙིང་ཆོས་མང་པོ་སྤེལ་ཡོད། རྒྱའི་སློབ་མ་མང་པོ་ཡོད། ཕྱི་རྱྒལ་ལ་ཡང་ཕེབས་ནས་ཆོས་མང་པོ་གསུངས་ཡོད། ཡིན་ནའི་དེས་མི་རིགས་ཀྱི་ཐོབ་ཐང་དང་བོད་སྤྱིའི་བསམ་བློ་ཡོད་མཁན་ཞིག་ཡིན་ལབ་ན་མི་འགྲིག
དཔེར་ན་ཁོང་གི་བླ་གླིང་དེར་རྙིང་མ་ཕུད་པའི་རིག་གནས་སློབ་ཀྱི་མིན་འདུག་ཅེས་ཁོང་གི་སློབ་མའི་གམ་ནས་ཐོས། ཚད་མ་ལྟ་བར་འདོད་མཁན་གྱི་སློབ་མ་རྣམས་ལ་རྒྱ་གཞུང་གི་རྩ་བ་དང་རྙིང་མའི་བླ་མ་རྣམས་ཀྱི་འགྲེལ་བ་གཅིག་པུ་ལས། ས་སྐྱ་དང་དགེ་ལུགས་ཀྱི་མཁས་དབང་རྣམས་ཀྱི་མཛད་པའི་འགྲེལ་བ་སོགས་ལྟ་ཆོག་གི་མེད། དེ་བཞིན་སློབ་མ་རྣམས་ལ་རྙྷིང་ཆོས་ཀྱི་རྒྱུད་པ་འཛིན་པ་གཙོ་བོར་བྱེད་པའི་སློབ་གསོ་རྒྱག་མཁན་ཞིག་ཡིན།
ངས་བལྟས་ན་ཁོང་ནང་ཆོས་ཀྱི་རྙྷིང་མའི་བླ་མ་སྐད་གྲགས་ཅན་ཞིག་རེད། ཡིན་ནའི་མེད་དུ་མི་རུང་བའི་བོད་ཀྱི་དབུ་ཁྲིད་བྱས་རྗེས་ཅན་ཞིག་མ་རེད། རྙིང་ཆོས་མིན་པའི་དགེ་ལུགས་དང་ས་སྐྱ་ལྟ་བུའི་མང་ཚོགས་ནང་ཁོང་ལ་དེ་ཙམ་གྱི་དད་པ་མེད། གོ་ལོག་མིན་པའི་ཨ་མདོའི་ས་ཁུལ་ཁག་དང་། དབུ་ཙང་གི་ས་ཁུལ་ནང་ཁོང་གི་མིང་ཙམ་ལས་དེ་མིན་དད་པ་བྱེད་པའི་སྲོལ་མིན་འདུག མ་ཟད་ཁོང་གི་སློབ་མ་རྣམས་ཀྱང་གཙོ་བོ་རྙིང་ཆོས་སྤེལ་མཁན་ཤ་སྟག་ལས་བོད་སྤྱིའི་རིག་གནས་ལ་དོ་སྣང་དངདོ་འཁུར་ཡོད་མཁན་ད་བར་བྱུང་མ་སོང་།
པན་ཆེན་རེིན་པོ་ཆེ་ལྟ་བུ་ཡིན་ན་དེ་ལས་ལྡོག་པ་རེད། ཁོང་རྟག་ཏུ་བོད་ཡོངས་ཀྱི་བདེ་སྡུག་དང་། བོད་ཀྱི་ཕྱོགས་ཡོངས་ཀྱི་ཁེ་ཕན་སྲུང་སྐྱོབ་གནང་མཁན་ཞིག་རེད། ཁོང་གིས་བོད་ཀྱི་སྲིད། དཔལ་འབྱོར། རིག་གནས། སློབ་གསོ། ཚན་རིག ནང་ཆོས་བཅས་ཡར་རྒྱས་ཡོང་བ་བྱས་རྗེས་ཆེན་པོ་བཞག་ཡོད། དཔེར་ན་བོད་སྐད་ཡིག་གི་སློབ་གསོ་ཤུགས་ཆེ་སྤེལ་བ། དེ་བཞིན་ཚན་རིག་གི་སློབ་གཞི་རྣམས་བོད་ཡིག་ཐོག་འཁྲིད་དགོས་པའི་ལམ་སྟོན་སོགས་ལ་བལྟས་ན་ཤེས་ཐུབ།
པན་ཆེན་ཁོང་བོད་མི་ཡོད་དོ་ཅོག་གི་ས་ཁུལ་ལ་ཕེབས་ནས་ཡུལ་ལུང་གི་བཞེན་ཁོག་དང་། ཆོས་ལུགས་ཀྱི་འཐེན་ཁྱེར། གྲུབ་མཐའི་དབྱེ་བྱེད་སྤངས་ནས་བོད་མི་སྤྱིའི་བདེ་རྩ་སྲུང་སྐྱོབ་བྱེད་མཁན་གྱི་མི་ཞིག་བྱེད་པའི་སློབ་གསོ་གཏོང་གནང་གི་ཡོད།
ལབ་རྒྱག་ན་ཁྱི་ལབ་མ་རྒྱག ཨེ་གོ་ཐལ། སྙིང་མ་རྗེ། ཁྱོད་ལྟ་བུ་མི་བུ་ཞིག་ལ་མཁན་པོ་འཇིགས་མེད་ཕུན་ཚོགས་ཚང་ལ་སྐྱོན་བརྗོད་བྱེད་རྒྱུའི་ཐོབ་ཐང་མེད། ས་འཛམ་གླིང་ལ་ཉི་མ་ཤར་ཡོད་ཀྱང་ཁྱོད་འུག་རྒན་མགོ་ལེབ་ལ་མུན་པ་རུབ་ཡོད་པ་ཤེས་པར་གྱིས་ཤིག
“ཟུར་བལྟས་”ཟེར་བའི་སྐུ་ཞབས་ལགས།
ངེད་ཚོ་རང་ཡུལ་གཞན་གྱི་ལག་ཏུ་བཞག གཞན་ས་སྐྱབས་ཡུལ་དུ་འཛིན། མི་རབས་ནས་མི་རབས་བར་མིའི་ལུང་པར་མི་སེར་རིམ་པ་གཉིས་པ་ཞིག་གི་འཚོ་བ་སྐྱལ་དགོས་པ་འདི་ཁྱེད་ཀྱི་ལྟ་བ་འཛིན་སྟངས་འདི་ལྟ་བྱུ་ལ་བརྟེན་ནས་བྱུང་བ་རེད་སྙམ། ཁྱེད་ཀྱི་གསུངས་ན་ང་ལ་གཞན་ལ་སྐྱོན་རྗོད་བྱེད་པའི་ཐོབ་ཐང་མེད་ཟེར། ངའི་ཐོབ་ཐང་དེ་སུས་འཕྲོག་པ་རས། ཁྱེད་ཀྱི་འཕྲོག་པ་ཨེ་རེད།
ངེད་ཚོས་ཀླད་པ་བཀོལ་སྤྱོད་བྱེད་པར་བཙན་པོས་བཀག་ནས། སྨོངས་དད་དང་སྲོལ་རྒྱུན་ཁོ་ནར་སྐྱབས་བཅོལ་ནས་སྡོད་པར་བརྟེན་ད་ཆ་ང་ཚོ་འཛམ་གླིང་འདིར་ཆེས་ཐབས་སྡུག་གི་གནས་ལ་ལྷུང་པ་རེད། ད་དུང་གནས་ཚུལ་འདིར་བསམ་གཞིག་མ་བྱས་པར་སྔོན་མ་བཞིན་གཞན་གྱི་གཏམ་རྗོད་རང་དབང་དང་བསམ་བློ་གཏོང་བའི་རང་དབང་ལ་ངོ་རྒོལ་བྱས་ན་ང་ཚོའི་ ་སྤྱི་ཚོགས་འདི་མུན་ནག་ནས་མུན་ནག་ལ་འགྲོ་རྒྱུ་ཁོ་ན་ལས་རེ་བ་གཞན་མེད།
ཁྱེད་ལྟ་བུར་མཚོན་ན་གཞན་གྱི་ལད་མོ་བྱེད་པ་ལས་རང་ཉིད་ཀྱི་བློ་གྲོས་འདོན་མི་ཐུབ་པའི་མི་ཞིག་ཡིན་པའི་རྣམ་པ་སྟོན་གྱི་འདུག དཔེར་ན་ཁྱེད་ངའི་མིང་གི་ལད་མོ་བྱེད་པ་ནས་མཚོན། འདི་གང་མཚོན་ཐུབ་ཅེས་ན་ཁྱེད་ལ་བསམ་བློ་གྲོས་འདོན་པའི་ནུས་པ་ཞན་པ་དང་གཞན་གྱི་དབང་འོག་ནས་ད་དུང་ཐར་མེད་པར་མཚོན།
ང་ཚོ་ཡར་རྒྱས་འགྲོ་དགོས་ན་བསམ་བློ་གཏོང་བ་དང་དེ་དག་ཤོད་པའི་ཐོབ་ཐང་དགོས། སུ་ལ་ཡང་འདི་ཤོད་ཆོག་འདི་ཤོད་མི་ཆོག་ཟེར་བའི་ཐོབ་ཐང་མེད། ཁྱེད་ཀྱི་གསུངས་སྟངས་འདི་དང་རྒྱ་དམར་གྱི་དབང་འཛིན་པ་ཚོ་བསམ་བློ་གཏོང་སྟངས་འདྲ་པོ་འདུག གལ་ཏེ་ང་ལ་འཇིགས་ཕུལ་ལ་སྐྱོན་རྗོད་བྱེད་པའི་ཐོབ་ཐང་མེད་ན། ཤོད་ང་ལ་སྐྱོན་རྗོད་བྱེད་པའི་ཐོབ་ཐང་གང་ནས་བྱུང་། བསམ་བློ་ལེགས་པོ་ཏོང་དང་། བློ་ཁོག་ཆེ་ཙམ་བྱས་ནས་ཕུགས་དང་སྤྱི་ལ་ཕན་ཆེད་ལེགས་སྡུག་གཉིས་ཀ་བལྟ་ཐུབ་པ་བྱེད་རོགས། དྲ་རྒྱ་འདིའི་སྟེང་ལ་ཡོང་ནས་བསམ་བློ་ལ་སྒྱུ་བ་ཏོག་ཙམ་གཏོང་ཐུབ་ན་ཁྱེད་ཀྱི་དུས་ཚོད་ཆུད་ཟོད་མི་འགྲོ།
བཀྲིས་བདེ་ལེགས་དང་ཁྱེད་ཀྱི་ལན་སྒུག་ནས་ཡོད་དོ་གྲོགས་པོ་བློ་ཐུང་ལགས།
ཧ་ཧ་ཧ་ཧ། དགེ་རྒན་ངན་པའི་དགེ་ཕྲུག དེ་རིང་ཐོབ་ཐང་སྐོར་ལ་སྐད་ཆ་མི་བཤད་རྒྱུ་བཅའ། ཚིག་གྲུབ་ཁ་ཤས་འདི་ལ་བལྟས་ཡོང་ན། ཁྱོད་ལ་དགེ་རྒན་ཡག་པོ་ཞིག་མེད་པ་ཐག་ཆོད། ད་དུང་ལོ་འགའ་བརྡ་དག་ལ་བསྐྱར་སྦྱོང་ཡག་པོ་ཞིག་བྱས་རྗེས་གཞི་ནས་ཁ་བརྡ་དྲ་དེབ་རྩོམ་ཡིག་སྤེལ་དུ་ཤོག་དང༌། སྐབས་དེར་འུ་གཉིས་ཐོབ་ཐང་སྐོར་ལ་བགྲོ་གླེང་བྱེད། ཨེ་གོ་ཐལ། ཨོ་རེད། ད་དུང་གཅིག་ཡོད། ཆོས་ལུགས་འཐེན་འཁྱེར་སྐོར་ལ་སྐད་ཆ་མ་བཤད༌། རྩོམ་ཡིག་་འབྲི། ང་ཚོའི་ཉམས་རྒུད་ཀྱི་རྩ་བ་འདི་ལ་ཐུག་ཡོད།