མི་གསོན་པོ།
རིས་མེད་ཆོས་ལ་དད་པའི་འོད་སྣང་སྣང་བྱེད་འབུམ་གྱི་དཀྱིལ་འཁོར་བཀྲ།།
ལུང་རིགས་ཆོས་ཀྱི་ཆེ་བ་མ་ཉམས་ཉམས་རྟོགས་མཛོད་ཀྱིས་རང་རྒྱུད་ཕྱུག།
གྲགས་ཆེན་བཅོ་བརྒྱད་མདོ་སྔགས་གཞུང་བཤད་བཤད་རྒྱུན་སྲོག་གི་རྩ་བ་མཐུད།།
མཁས་ཀུན་དགའ་བའི་མཚན་ཅན་གང་དེ་དེ་རིང་དྲན་པའི་གདུང་དབྱངས་གྱེར།།
ཚེ་འདིར་ཞེན་པའི་འདུན་པ་བསྐྱུངས་ཏེ་ངེས་འབྱུང་བློ་ཡིས་རབ་ཏུ་བྱུང་།།
ཆོས་བརྒྱད་འཆིང་བའི་ཆེ་ཚུགས་དོར་སྟེ་དགེ་སྦྱོང་ཆེན་པོའི་རྣམ་ཐར་འཆང་།།
ང་ཁྱོད་འཛིན་པའི་ཕྱོགས་རིས་སྤངས་ཏེ་སེམས་དཔའ་ཆེན་པོའི་སྤྱོད་པ་ཅན།།
ངེས་པར་དོན་གྱི་དགེ་བའི་གཤེས་ཁྱེད་དྲན་པའི་གདུང་བ་སྙིང་དུ་ལྕི།།
ཐུབ་བསྟན་རྒྱལ་མཚན་ཐུགས་ཀྱིས་སྙེན་པས་ཐུབ་པའི་ཆོས་ཚུལ་གསལ་བར་བྱས།།
ཆོས་ཀྱི་བློ་གྲོས་གཙུག་ཏུ་བཀུར་བས་ཆོས་ཀུན་གནས་ལུགས་རྗེན་པར་གཟིགས།།
དབོན་སྟོད་མཁྱེན་རབ་གུས་པས་བསྟེན་ནས་མཁྱེན་པའི་བློ་གྲོས་རྒྱས་པར་མཛད།།
འགྲོ་ཀུན་དགའ་བའི་ཉམས་རྟོགས་དབང་ཕྱུག་དགེ་བའི་གཤེས་ཁྱེད་སྙིང་ནས་དྲན།།
གདུག་ཅན་ཁྲོས་པའི་སྒྱོགས་མདེལ་སྣེ་མོར་བྱམས་དང་ཞི་བའི་བརྟུལ་ཞུགས་བརྟན།།
མུན་ནག་མཐུག་པའི་བཙོན་རྭའི་ཁྲོད་ནས་གནས་ལུགས་གཟིགས་པའི་སྤྱན་མིག་ལྡན།།
དྲག་གནོན་རྩུབ་པའི་བསྒྱུར་བཀོད་འོག་ཏུ་ལུང་རྟོགས་སྤེལ་བའི་སྙིང་སྟོབས་མངའ།།
ཇི་སྙེད་རྐྱེན་ངན་གྲོགས་སུ་བསྒྱུར་བའི་སེམས་དཔའ་ཆེན་པོ་དེ་རིང་དྲན།།
མི་ལོ་ཉེར་གཉིས་བཙོན་དུ་ལྷུངས་ཏེ་ཉེས་ཅན་ཞིག་གི་མིང་བྱང་བསྒྲོན།།
ཕམ་པ་རྒྱོབ་ཅེས་དམོད་ཚིག་ངན་རྒུས་ཉིན་མཚན་དབྱེར་མེད་འཐབ་རྩོད་བྱས།
བརྡུངས་སྡིགས་དྲག་པོས་མི་སྤྱོད་ལས་འདས་རྙིང་བཞི་གཏོར་བའི་ཁོར་ཡུག་ནས།།
གང་གི་ཐུགས་ལ་བྱམས་བརྩེ་འཁྱིལ་བའི་གུ་ཡངས་རྣལ་འབྱོར་སྙིང་ནས་དྲན།།
ཀླ་ཀློ་དཔུང་གིས་བརྡུངས་རྡེག་ལན་དུ་སྙིང་རྗེ་སེམས་ཀྱིས་བརྩེ་བ་བྱིན།།
ངན་སྤྱོད་འོག་གི་དཀའ་སྡུག་ལས་ལ་ལས་འབྲས་ཆོས་ཀྱི་བློ་སྦྱོང་མཛད།།
ཚེ་སྲོག་དྲོན་མོ་བོག་ཁའི་འོག་ནས་གཞན་ཕན་ཆོས་ཀྱི་གདམས་ངག་བསྩལད།།
དམར་པོའི་བཙྭོན་རྭ་ཆོས་ལ་བསྒྱུར་བའི་སེམས་དཔའ་ཆེན་པོ་སྙིང་ནས་དྲན།།
གཞོན་པའི་ལང་ཚོ་དུས་ཀྱིས་ཟོས་ཏེ་དྲུག་ཅུ་རྒན་པོའི་ན་ཚོད་བརྟས།།
འབྱུང་ལུས་དྭངས་མ་མནར་གཅོད་འོག་ནས་ལུས་ཁམས་རྒུད་པའི་བགྲེས་པོ་གྱུར།
དུས་འགྱུར་འཚུབ་རྒྱུན་རང་སོར་གནས་ཀྱང་བླ་མའི་བཀའ་ལུང་བཀུར་བའི་ཕྱིར།།
རྒྱ་བོད་བར་དུ་འདོམ་གྱིས་འཇལ་བའི་སྙིང་སྟོབས་ཅན་ཁྱེད་སྙིང་ནས་དྲན།།
འཁོར་བའི་རང་བཞིན་རྗེན་པར་མཐོང་བས་ངེས་འབྱུང་ཟབ་མོས་རང་རྒྱུད་བསྐུལ།།
གཅིག་པུར་རྒྱུ་བའི་བརྟུལ་ཞུགས་འགྲོས་ཀྱིས་སྔོན་བྱོན་ལོ་པན་རྣམ་ཐར་བཞིན།།
དཀའ་སྤྱད་ཡོད་ཚད་ཆོས་ཕྱིར་གཞོལ་བའི་སྙིང་སྟོབས་དཔུང་གིས་གཏེགས་པའི་དཔྱིད།།
འཕགས་ཡུལ་ཆོས་ཀྱི་ཞིང་སར་ཉུལ་བའི་དད་དམ་ཅན་ཁྱེད་སྙིང་ནས་དྲན།།
རིས་མེད་འོད་སྣང་འགྲོ་ལ་སྦྱིན་པའི་ལྔ་རིག་ཆོས་ཀྱི་བསྟི་གནས་ཆེ།།
མདོ་སྔགས་གཞུང་ལུགས་ཆུ་རྒྱུན་བསྐྱིལ་བའི་མཁས་གྲུབ་སྟོང་གི་འབྱུང་གནས་ཅན།།
རྫོང་སར་བཤད་གྲྭའི་ཆོས་ཀྱི་སྒོ་འཕར་འཕགས་པའི་ཡུལ་ནས་ཕྱེས་མཛད་དེ།།
ཐུབ་པའི་བསྟན་ལ་འགྲན་ཟླ་བྲལ་བའི་ཕྲིན་ལས་ཅན་ཁྱེད་སྙིང་ནས་དྲན།།
མདོ་དང་སྔགས་ཀྱི་དགོངས་དོན་འགྲེལ་ལ་མཁྱེན་པའི་རྩལ་ཆེན་རབ་ཏུ་རྒྱས།།
ཆོས་དང་ཟང་ཟིང་ཕངས་མེད་སྟེར་ལ་བརྩེ་བའི་ཐུགས་རྗེ་ཀུན་དུ་སྨིན།།
བསྟན་དང་འགྲོ་བར་ཕན་བདེ་བསྒྲུབ་ལ་ནུས་པའི་ཕྲིན་ཡོངས་སུ་རྫོགས།།
ལྔ་བདོའི་དུས་འདིར་ཐུབ་པའི་རྒྱལ་ཚབ་མཁན་ཆེན་མཆོག་ཁྱེད་སྙིང་ནས་དྲན།།
འཇམ་དཔལ་དབྱངས་དངོས་༧ས་ཆེན་གོང་མས་ཁྱེད་ལ་བསྟོད་པའི་མེ་ཏོག་འཐོར།།
སྤྱན་རས་གཟིགས་དབང་༧གོང་ས་མཆོག་གིས་ཁྱེད་ཉིད་དད་པས་གཙུག་ཏུ་བསྟེན
གསང་བདག་གཞོན་ནུ་༧ཀརྨ་པ་ཡིས་ཁྱེད་ལ་གུས་པའི་ཡི་རང་མཛད།།
གངས་ཅན་བོད་ཀྱི་རྒྱལ་བསྟན་ཡོངས་ལ་བཀའ་དྲིན་ཅན་ཁྱེད་སྙིང་ནས་དྲན།།
ཁྱེད་ཉིད་དྲན་པའི་མིག་ཆུ་བཞུར་འདི་དད་པའི་སེམས་ཀྱིས་ཡོན་ཆབ་ཡིན།།
དད་པའི་སེམས་ཀྱིས་རྗེས་སུ་དྲན་འདི་རྒྱུ་མཚན་ཤེས་པས་གསོལ་འདེབས་ཡིན།།
གསོལ་འདེབས་དྲོན་མོའི་གདུང་དབྱངས་གྱེར་འདི་རྗེས་སུ་བཟུང་བའི་འབོད་པ་ཡིན།།
རྗེས་སུ་བཟུང་བའི་འབོད་པ་འདི་ཉིད་དད་དམ་སྦྲེལ་བའི་རྒྱུན་ཐགས་ཡིན།།
ཚེ་རབས་གཏན་གྱི་སྐྱབས་གནས་མཁན་ཆེན་རྡོ་རྗེ་འཆང་རྗེས་སུ་དྲན་པའི་གདུང་དབྱངས་འདི་ཉིད་རྩོམ་པ་པོ་ཀ་བྲག་དངོས་གྲུབ་ཀྱི་རྩོམ་གཤིས་ལ་ལད་ཟློས་དང་དོལ་ཤུལ་རྒྱ་མཚོའི་སྙན་ཚིག་ལའང་མིག་དཔེ་བལྟས་ཏེ་མི་གསོན་པོས་བྲིས།