ཨེ་མ་ཧོ།
ན་མོ་གུ་རུ་མ་ཧཱ་སུ་ཁ་ཨེ་མ་ཧོ།
ཀ་ཁའི་དབྱངས་གསལ་ཐོགས་མེད་ངག་རྩལ་དག །
ཁ་བའི་ལ་རྒྱ་མཚུངས་མེད་ཐུགས་ལ་རྫོགས། །
ག་དུས་ཡིན་ཡང་བསྟན་སྲིད་ལས་ལ་སྨིན། །
ང་ཡི་སྙིང་གྲོགས་དམ་པར་གཙུག་གི་རྒྱན། །
ཅ་དག་བོད་ཆས་གཙང་མའི་སྐུ་ལུས་མཛེས། །
ཆ་ཚང་ལེགས་བཤད་རིན་ཆེན་མགྲིན་པར་རྒྱན།།
ཇ་ཆང་སྲེད་པའི་ཆོས་ལ་ཞེན་པ་བྲལ། །
ཉ་གང་ཚངས་སྲས་དབང་མོ་གསར་དུ་འཁྲུངས། །
ཏ་ཐཱ་ག་ཏའི་བསྟན་པའི་ཡང་སྙིང་རྟོགས། །
ཐ་སྙད་ཤེས་བྱའི་རིག་པའི་བཟང་ངན་འབྱེད། །
ད་འདས་མ་འོང་བོད་པའི་རྒྱུད་འཛིན་མཆོག །
ན་གཞོན་ཁྱེད་འདྲ་གཞི་བྱེས་གཉིས་སུ་དཀོན། །
པ་ར་མི་ཏཱའི་ཕྱིན་བཅུའི་གནས་ལ་མཁས། །
ཕ་མ་གཉིས་མེད་རྒྱུད་སྡེའི་དགོངས་པས་བཙུན། །
བ་ཀུ་ལི་ལྟར་སྨན་མཆོག་ཕན་འབྲས་བཟང་། །
མ་སྨད་བསོད་ནམས་བདེ་གཡང་ཡིད་ཀྱི་དཔལ། །
ཙ་མུན་ཛ་ཡིས་དམ་དུ་མ་བཅིངས་ཀྱང་། །
ཚ་རླབས་བདེ་ཆེན་འདྲེན་པའི་པདྨ་ཅན། །
ཛ་ཡའི་གསང་ཆེན་སྟོན་པའི་རྣལ་འབྱོར་མ། །
ཝ་ལེར་སྒོམ་ཚེ་སྙིང་གི་སྨིན་གྲོལ་བརྟས། །
ཞྭ་བཟང་དབུས་པའི་ཐོད་ཅོག་དབུ་ལ་བཀྲ། །
ཟ་འོག་འཇའ་རིས་མཛེས་པས་སྐུ་ལ་ཤིས། །
འ་ཅག་ལྷ་ལྕམ་སྲོལ་རྒྱུན་དུང་བས་བདེ། །
ཡ་རབས་དམ་པའི་གྲལ་ན་ཤིན་ཏུ་ལེགས། །
ར་བ་གངས་དཀར་ལྷ་མོ་གཡང་གི་སྲས། །
ལ་ལུང་བདེ་སྐྱིད་སྤེལ་མཛད་མཛེས་མཛངས་མ། །
ཤ་ཞེན་བོད་ལ་དུང་བའི་སྙིང་གྲོགས་མ། །
ས་སྟེང་འགྲོ་བའི་དེད་དཔོན་གཙུག་ན་རྒྱལ། །
ཧ་ཅང་དད་གུས་དགའ་བའི་གཅེས་ཕྲུག་ལ། །
ཨ་བུ་འཁྲུངས་སྐར་བཀྲ་ཤིས་བདེ་ལེགས་ཀྱི། །
ཨི་ལྡན་སྙན་པའི་རོལ་དབྱངས་འདི་ནས་དཀྲོལ། །
ཨུ་ཚུགས་མིན་པར་སྙིང་གི་ལེགས་སྐྱེས་འབུལ། །
ཨེ་ཝྃ་ཟུང་འཇུག་བདེ་ཆེན་བསྐྱེད་པའི་གྲོགས། །
ཨོ་རྒྱན་པདྨའི་རྒྱུད་འཛིན་ཐུགས་རྗེ་ཅན། །
སྐྱེ་བ་ཀུན་ཏུ་ཡང་དག་རྗེས་འབྲེལ་ནས། །
བསྟན་དང་འགྲོ་བའི་དོན་ཆེན་ལྷུན་འགྲུབ་ཤོག །
རྩ་བརྒྱུད་བླ་མའི་བྱིན་རླབས་སེམས་ལ་འཁྲུངས། །
ཡི་དམ་ལྷ་ཡིས་དག་མཉམ་དངོས་གྲུབ་ཐོབ། །
མཁའ་འགྲོའི་དམ་ཚིག་ནམ་ཡང་མི་འབྲལ་འགྲོག །
ཆོས་སྐྱོང་སྲུང་མས་གང་བསམ་ཡིད་བཞིན་སྩོལ། །
ཅེས་པ་འདི་ཡང་སྙིང་གྲོགས་བདེ་གཡང་གི་འཁྲུངས་སྐར་ཉིན་ལ་གང་དྲན་དབྱངས་གསལ་མཆོད་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་སྨིན་ཟླའི་ཡར་ཚེས་གཅིག་ལ་དབྱིན་ཡུལ་ཨེ་ཝྃ་སྨན་ཁང་ནས་ཕུལ་བར་དགེའོ། དགེའོ། དགེའོ། ། ། །