ཀླུ་སྨྱོན།
འདི་ནི་དཔྱད་རྩོམ་དེ་འདྲ་གང་ཡང་མིན་པར་འཕྲལ་སེལ་མཁའ་འགྲོའི་སྐོར་གྱི་གཏམ་བཤད་ཅིག་གི་ཆེད་དུ་བྲིས་པའི་བརྗེད་བྱང་ཙམ་ཞིག་ཡིན།
༄༅། །ལྷན་སྐྱེས་མཁའ་འགྲོའི་རིག་པ་དབྱིངས་སུ་སད། །
ཞིང་སྐྱེས་མཁའ་འགྲོའི་འདུ་བ་སྤྲིན་བཞིན་འཐིབས། །
སྔགས་སྐྱེས་མཁའ་འགྲོའི་སྡོང་གྲོགས་ཆར་ལྟར་འབབ། །
བླ་མ་མཁའ་འགྲོའི་ཚོགས་རྗེ་ལ་བཏུད་ནས། །
གནས་ཡུལ་ཉེར་བཞི་དུར་ཁྲོད་བཞི་ཟུང་སོགས། །
ས་སྤྱོད་གནས་སུ་སྐལ་ལྡན་འགྲོ་བའི་ཕྱིར། །
ཅིར་ཡང་རྫུ་བའི་འཕྲུལ་གྱི་ཟློས་གར་མཁན། །
མཁའ་འགྲོའི་རྣམ་བཤད་དེང་འདིར་བརྗོད་པར་བྱ། །
སྟོན་པ་མཉམ་མེད་ཤྰཀྱའི་རྒྱལ་པོའི་བསྟན་པ་འདི་ལ་མདོ་དང་སྔགས་ཀྱི་བབ་སོ་ཆེན་པོ་གཉིས་སུ་ཡོད་ཅིང་། མདོ་སྔགས་གང་གི་ལུགས་སུ་ཡང་མཁའ་འགྲོའི་ཆེ་བ་དང་ཆོས་ལུགས་སོགས་ཀྱི་འཇུག་སྒོ་མ་བཀག་པར་ཡོད་པ་དང་། དེ་ཡང་མཁའ་འགྲོའི་སྐད་དོད་ཌྰ་ཀི་ནི་ཞེས་པ་ནི་ནམ་མཁའ་ལ་འགྲོ་བའི་དོན་ལ་འཇུག་ཀྱང་། མཁའ་འགྲོ་མ་ལ་རིགས་མང་པོ་ཞིག་ཡོད་ཅིང་། རིགས་ཀྱི་སྒོ་ནས་དབྱེ་ན་རྡོ་རྗེ་མཁའ་འགྲོ རིན་ཆེན་མཁའ་འགྲོ་དང་ལས་ཀྱི་མཁའ་འགྲོ པད་མ་མཁའ་འགྲོ་དང་སངས་རྒྱས་མཁའ་འགྲོ་བཅས་མཁའ་འགྲོ་སྡེ་ལྔ་དང་། འཕྲིན་ལས་ཀྱི་སྒོ་ནས་དབྱེ་ན་ཡེ་ཤེས་ཀྱི་མཁའ་འགྲོ འཇིག་རྟེན་གྱི་མཁའ་འགྲོ་སོགས་གདུལ་བྱ་སོ་སོའི་སྣང་ངོར་སྤྲུལ་པའི་རོལ་གར་སྣ་ཚོགས་ཤིག་མཛད་པ་ཡིན། དེ་ཡང་མཐའ་གཅིག་ཏུ་མཁའ་འགྲོ་ཡིན་ན་ནམ་མཁའི་དབྱིངས་སུ་བཞུགས་པའི་ངེས་པ་མེད་པར་བདེ་མཆོག་སོགས་ནས་གསུངས་པའི་ཡུལ་ཉི་ཤུ་རྩ་བཞི་དང་། རི་དང་རྒྱ་མཚོ། ལྗོན་ཤིང་དང་གྲོང་ཁྱེར། དུར་ཁྲོད་ཆེན་པོ་སོགས་ཕྱོགས་ངེས་མེད་དུ་མཁའ་འགྲོ་མ་རྣམས་ཡོད་པ་ཡིན་ཞིང་། སྔོན་ཆད་རྒྱ་གར་འཕགས་པའི་ཡུལ་དུ་མི་མེད་པའི་དུར་ཁྲོད་དང་མི་མང་བའི་ཚོང་འདུས་གཉིས་ནི་མཁའ་འགྲོ་མ་རྣམས་འདུ་བའི་གནས་གལ་ཆེན་པོ་གཉིས་སུ་ངོས་འཛིན་པ་ཡིན། དེ་ཡང་མཁའ་འགྲོ་མ་ཉིན་མོར་ཚོང་འདུས་སུ་ཡོང་ནས་སྐལ་ལྡན་གྱི་མི་ལ་རྒྱུད་ཚོད་དང་མཐུན་པའི་ཆོས་སྟོན་པ་དང་། མཚན་མོར་དུར་ཁྲོད་དུ་འདུས་ནས་ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིན།
དེ་ཡང་མཁའ་སྤྱོད་མ་དང་སེང་གདོང་མ། རྡོ་རྗེ་བདག་མེད་མ་དང་རྗེ་བཙུན་སྒྲོལ་མ་སོགས་ལྷ་ཡི་རྟེན་དུ་བཞུགས་པའི་མཁའ་འགྲོ་མ་དང་། རྒྱ་གར་དུ་མཁའ་འགྲོ་མ་སུ་ཁ་སིདྡྷི་དང་ན་རོ་བའི་ལྕམ་ནི་གུ་མ་སོགས་དང་། བོད་དུ་ལོ་གཅིག་སྟོང་གི་སྔོན་དུ་བྱོན་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་མ་ཅིག་ལབ་ཀྱི་སྒྲོན་མ། ཉེ་བའི་ཆར་བྱོན་པའི་སེ་ར་མཁའ་འགྲོ་དང་དབུས་བཟའ་མཁའ་འགྲོ ཤུགས་གསེབ་རྗེ་བཙུན་མ་དང་ས་སྐྱའི་རྗེ་བཙུན་རྟ་མགྲིན་དབང་མོ་སོགས་འགྲོ་བ་མིའི་ལུས་རྟེན་ལ་བཞུགས་པའི་མཁའ་འགྲོ་མ་ཡིན་པ་དང་། མིའི་ལུས་རྟེན་ཅན་གྱི་མཁའ་འགྲོ་མ་འདི་དག་ནི་མཁའ་སྤྱོད་མ་དང་རྗེ་བཙུན་སྒྲོལ་མ་སོགས་ཀྱི་སྤྲུལ་པ་ཡིན་པར་ཡོངས་སུ་གྲགས་ཡོད། གསང་སྔགས་ཀྱི་ལམ་ སྒྲུབ་པའི་གྲོགས་སུ་མཁའ་འགྲོའི་རྣམ་སྤྲུལ་ཡིན་པ་གང་ཞིག་ལ་བུད་མེད་རིགས་ བཞིའི་ནང་གི་པད་མ་ཅན་དང་དུང་ཅན་མའི་རིགས་ཡིན་ན་མཆོག་ཏུ་གྱུར་པར་ཡང་མདོ་ རྒྱུད་དག་ལས་ཡང་ཡང་བསྔགས་སོ།།
སྔོན་མར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་མཁའ་འགྲོ་མ་ཧ་ཅང་མང་ཞིང་། བོད་ཀྱི་བླ་མ་གྲུབ་ཐོབ་ཨོ་རྒྱན་པ་ཞེས་པ་དེ་ཡང་ཨོ་རྒྱན་གྱི་ཡུལ་དུ་ཕེབས་དུས་མཁའ་འགྲོ་མ་ཞིག་གི་ལག་ནས་ཐུག་པ་ཕོར་བ་གང་བཞེས་ནས་རྟོགས་པ་བརྙེས་པའི་ལོ་རྒྱུས་ཡོད་ལ། མཉམ་མེད་ཇོ་བོ་རྗེ་ཨ་ཏི་ཤ་ལ་ཡང་རྡོ་རྗེ་གདན་དུ་རྒན་མོའི་རྣམ་པ་ཅན་གྱི་མཁའ་འགྲོ་མ་ཞིག་གིས་བོད་དུ་ཕེབས་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་པའི་ལུང་བསྟན་པ་དང་། བོད་དུ་ཡང་ས་དགེ་བཀའ་རྙིང་གི་བླ་མ་མང་པོར་མཁའ་འགྲོས་ལུང་བསྟན་གསུངས་པ་བསམ་གྱིས་མི་ཁྱབ་ཅིང་། རྗེ་བཙུན་མི་ལ་རས་པར་ཚེ་རིང་མཆེད་ལྔ་སོགས་མཁའ་འགྲོ་མ་དག་གིས་དང་པོར་ཉམས་སད་བྱས། བར་དུ་བཟོད་གསོལ་ཕུལ། མཐའ་མར་གདམས་པ་ཞུས་ཤིང་བདེ་སྟོང་གི་རྟོགས་པའི་བོགས་འབྱིན་པའི་གྲོགས་བྱས་པ་སོགས་སྣ་ཚོགས་ཤིག་མཇལ་རྒྱུ་ཡོད།
ཡི་དམ་ཐམས་ཅད་ཕོ་ལྷ་དང་མོ་ལྷ་གཉིས་སུ་འདུ་ཞིང་། མོ་ལྷར་གྱུར་པའི་མཁའ་འགྲོ་མ་འདི་རིགས་བསྒྲུབས་ན་འགྲུབ་ཐག་ཉེ་བ་ནི་མོ་ལྷའི་རིགས་ཀྱི་སྙིང་རྗེ་ཆེ་བས་ཡིན་པ་དང་། ང་རང་ཚོ་རང་ལ་ཡང་བྱིས་པ་ཡིན་དུས་རང་བཞིན་གྱིས་རང་གི་ཨ་མ་དེ་ལ་བརྩེ་བ་ལྷག་པར་ཡོད་པ་མཐོང་ཆོས་དང་། མཁའ་སྤྱོད་མ་དང་རྗེ་བཙུན་སྒྲོལ་མ་སོགས་ལོ་ངོ་བཅུ་གཉིས་བཅུ་གསུམ་རེར་བསྒྲུབས་ན་འགྲུབ་ངེས་ཅན་ཡིན་པ་ནི་སྔོན་གྱི་བླ་མ་གོང་མ་དག་གི་རྣམ་ཐར་དུ་གསལ་བོར་ཡོད། རྒྱ་མི་བོད་ལ་མ་བསླེབས་ཙམ་དེར་ཁམས་སྐྱེ་རྒུ་ས་ཆའི་བླ་མ་ན་ལུང་སངས་རྒྱས་བཟང་པོ་ཞུ་བ་ཁོང་གིས་ཀྱང་ལོ་བཅུ་བདུན་ཙམ་ལ་བསྒྲུབས་ནས་མཐའ་མར་མཁའ་སྤྱོད་མ་གྲུབ་སྟེ་དུས་ཐོག་དེར་གྲུབ་ཐོབ་ཆེན་པོ་ཡིན་པ་རྩོིད་མེད་ཡོངས་སུ་གྲགས་ཡོད།
ནམ་རྒྱུན་ང་ཚོས་དག་པའི་ཞིང་ཁམས་ཞེས་འབོད་པའི་སངས་རྒྱས་ཀྱི་ཞིང་ཁམས་དེ་དག་ཏུ། མདོ་ལུགས་ལ་ཕོ་ཐམས་ཅད་བྱང་ཆུབ་སེམས་དཔའ་དང་མོ་ཐམས་ཅད་བྱང་ཆུབ་སེམས་མར་འབོད་པ་དང་། ཡང་གསང་སྔགས་ཀྱི་ལུགས་ལ་དག་པའི་ཞིང་ཁམས་སུ་མོ་ཐམས་ཅད་མཁའ་འགྲོ་མ་(ཌྰ་ཀི་ནི)དང་ཕོ་ཐམས་ཅད་དཔའ་བོ་(ཌྰ་ཀ)ཡིན་པར་གསུངས་ཡོད། དམ་པའི་ཆོས་སྐྱོང་བའི་མཁའ་འགྲོ་མ་རྣམས་ཀྱིས་དུས་ཀུན་ཏུ་འཛམ་གླིང་ཉུལ་ཏེ་སྐལ་ལྡན་གྱི་སྐྱེས་བུ་རྣམས་ཀྱི་གྲོགས་དང་འཕྲིན་ལས་བསྒྲུབས་དང་སྒྲུབ་བཞིན་པ་དང་། སྐལ་མེད་ལོག་ལྟ་ཅན་ཚོར་དྲག་པའི་ལས་ཀྱིས་ཆད་པ་གཅོད་བཞིན་ཡོད། དཔེར་ན་གསང་སྔགས་ཀྱི་ཕྱག་དཔེ་མང་པོ་ཞིག་གི་མདུན་ཤོག་རང་གི་ངོས་སུ། སྐལ་ལྡན་དད་པ་ཅན་གྱིས་ཉམས་སུ་བླངས་ན་དངོས་གྲུབ་འབྱུང་། །སྐལ་མེད་ལོག་ལྟ་ཅན་གྱིས་བལྟས་ན་མཁའ་འགྲོས་སྙིང་ཁྲག་འབྱིན། །ཞེས་བྲིས་ཡོད་པ་དེས་ཤེས་ཐུབ།
མཁའ་འགྲོ་ཞེས་པ་དེ་ལ་གདུལ་བྱའི་དོན་མཛད་ཚུལ་གྱི་དབང་གིས་ཞི་བ་དང་དྲག་པོའི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པ་ཞིག་ཡོང་གི་ཡོད་ཅིང་། དཔེར་ན་དཔལ་ལྡན་ལྷ་མོ་དང་ས་སྐྱའི་འབག་མོ་ལྟ་བུ་ཡིན་ན་དྲག་པོའི་ཆ་ལུགས་ཀྱིས་སེམས་ཅན་གྱི་བློ་ཁ་ཆོས་ལ་སྒྱུར་བཞིན་ཡོད་པ་རེད། སངས་རྒྱས་ཀྱིས་བསྟན་པ་ལ་ཕན་ཐོགས་ཆེ་བའི་སྐྱེས་བུ་ཞིག་ཡིན་ན་མཁའ་འགྲོ་མ་རྣམས་ཀྱིས་མི་དེའི་སྙན་གྲགས་ས་ཆ་གཞན་དག་ཏུ་སྒྲོག་པ་ནི་དཔེར་ན། སྔོན་ཆད་ས་སྐྱ་པཎ་ཌི་ཏ་འཁྲུངས་མ་ཐག་ཏུ་མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེ་གདན་གྱི་ལྷ་ཁང་གི་སྒོའི་ཡ་ཐོད་དུ། འཇམ་པའི་དབྱངས་ཀྱི་སྤྲུལ་བ་ཞིག་ས་སྐྱར་འཁྲུངས་སོ་ཞེས་བྲིས་པ་ལྟ་བུའོ།།
བོད་དུ་བླ་མ་གསང་ཡུམ་ཅན་མང་པོ་ཞིག་གི་གསང་ཡུམ་ལ་མཁའ་འགྲོ་ཞེས་འབོད་བཞིན་ཡོད་པ་དང་། གསང་ཡུམ་ཐམས་ཅད་མཁའ་འགྲོ་མ་ཡིན་མིན་མི་ཤེས་ཏེ། གསང་ཡུམ་དེ་ཚོའི་ནང་དུ་མཁའ་འགྲོའི་རྣམ་སྤྲུལ་ཡོང་ཆོག་པ་ནི་མདོ་རྒྱུད་ཚད་ལྡན་གྱི་ལུང་ལས་གྲུབ་པ་ཞིག་རེད། དེ་བཞིན་སྔ་འགྱུར་རྙིང་མ་པའི་གཏེར་སྟོན་མང་པོ་ཞིག་གི་རྣམ་ཐར་ལ་མཇལ་ན། ཁོང་རྣམ་པས་གཏེར་འདོན་པ་ལ་ཐོག་མའི་ཆ་རྐྱེན་མང་པོ་ཞིག་ཚང་དགོས་པའི་ཁྲོད་ཀྱི་གཅིག་ནི་གསང་ཡུམ་མཁའ་འགྲོའི་སྤྲུལ་བ་ཞིག་དང་འཕྲད་ན་གཏེར་འདོན་པ་ལ་དཀའ་ཚེགས་མེད་པ་ཞིག་ཡོང་གིན་ཡོད་ཅིང་། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་ལྟ་བུའི་རྣམ་ཐར་ལ་གཟིགས་ན་འདིའི་སྐོར་ན་ཤེས་རྒྱུ་ཧ་ཅང་མང་།
ཡང་ཌྰ་ཀི་ནིའམ་མཁའ་འགྲོ་མ་ཞེས་པ་དེ་ནི་མཐའ་གཅིག་ཏུ་སེམས་ཅན་ལ་ཕན་འདོགས་པའི་ལྷ་ཡི་རིགས་ཤིག་ལ་ངོས་འཛིན་བྱེད་རྒྱུ་མ་ཡིན་པར། མཁའ་འགྲོ་མ་ལ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་རིགས་གཉིས་ཡོད་པའི་ནང་གི་འཇིག་རྟེན་པའི་མཁའ་འགྲོའི་ཁྲོད་དུ་སེམས་ཅན་ལ་གནོད་འཚེ་བྱེད་པའི་རིགས་ཤིིག་ཀྱང་ཡོད་པ་དང་། རྒྱ་གར་གྱི་གྲུབ་ཐོབ་ལྭ་བ་པར་མཚོན་ན་འཇིག་རྟེན་པའི་མཁའ་འགྲོ་མིའི་ཤ་ཁྲག་ཚོགས་འཁོར་དུ་བསྐོར་མཁན་དེ་འདྲ་ཞིག་གི་ལག་ནས་རྫས་ཤིག་བླངས་པ་ལག་པའི་ངོར་འབྱར་ནས་ཕྱིན་ལེན་མ་ཐུབ་པས། ཁོང་གི་བླ་མར་ཞུས་པས་མཁའ་འགྲོས་ཁྱོད་ལ་གསོད་རྟགས་སྤྲད་པ་རེད། དོ་ནུབ་མཁའ་འགྲོ་ཁྱེད་རང་ལེན་དུ་ཡོང་ངེས་པར་ཡི་དམ་འདི་འདྲ་ཞིག་སྒོམས་གསུངས་པ་ལ་བརྟེན་ནས་སྒོམ་སྒྲུབ་ཚད་ལྡན་བྱས་ནས་མཐའ་མར་མིའི་ཤ་ཁྲག་ལ་རྔམ་པའི་འཇིག་རྟེན་པའི་མཁའ་འགྲོ་མང་པོ་དམ་པའི་ཆོས་ལ་བཙུད་པའི་ལོ་རྒྱུས་ཡོད་ཅིང་། བོད་དུ་ཡང་ལོ་གཅིག་སྟོང་གི་ཡས་མས་ཏེ་ར་ལོ་ཙྰ་པའི་དུས་སུ་ཨ་མ་དེ་ཤ་ཟ་མཁའ་འགྲོ་ཡིན་པའི་བུ་ཞིག་གིས་ར་ལོ་ཙྰ་པའི་གདམས་ངག་ཉམས་སུ་བླངས་ཏེ་གྲུབ་པ་ཐོབ་རྗེས་སུ་རང་གི་ཨ་མས་གཙོས་པའི་ཟ་ཤ་མཁའ་འགྲོ་མང་པོ་དམ་ལ་བཏགས་ཏེ་བློ་ཁ་ཆོས་ལ་བསྒྱུར་པའི་ལོ་རྒྱུས་ཡོད་པ་རེད། ཤ་ཟ་མཁའ་འགྲོ་འདི་རིགས་ལ་བོད་ཡུལ་དུ་ཕྲ་མེན་མ་ཞེས་སྡུག་པོ་ཞིག་ཏུ་བརྩིས་དང་རྩི་བཞིན་ཡོད་ཅིང་། འཇམ་བཞད་སྐུ་ཕྲེང་དང་པོའི་སྐབས་སུ་ལྷ་སའི་ཉེ་འཁོར་ཞིག་ཏུ་མཁའ་འགྲོའི་ཚོགས་ཁང་དུ་གྲགས་པའི་བྲག་ཕུག་ཅིག་ཏུ་ཉིན་མོར་ཡང་མི་གསོན་པོ་དྲངས་འགྲོ་ཞིག་ཡོད་པར་ཁོང་གིས་མཐུ་ནུས་ཀྱིས་དེའི་ཁ་བཅད་ཚུལ་ཡང་ལོ་རྒྱུས་སུ་གསལ་ཡོད།
གང་ལྟར་མཁའ་འགྲོ་ལ་རིགས་གཉིས་ཡོད་པ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན་ན་མཐའ་གཅིག་ཏུ་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་བྱེད་ཆོག་པ་དང་། འཇིག་རྟེན་པའི་མཁའ་འགྲོ་ཡིན་ན་དེ་ལ་བཟང་ངན་གཉིས་ཡོད་པ་ཡང་ཤེས་དགོས་ལ། མཁའ་སྤྱོད་མ་ལྟ་བུའི་ཡེ་ཤེས་ཀྱི་མཁའ་འགྲོའི་ཆོས་སྐོར་ཉམས་སུ་ལེན་མཁན་ཞིག་ཡིན་ན་མཁའ་འགྲོ་དེ་དང་རང་གི་བར་དུ་བསྲུང་དགོས་པའི་དམ་ཚིག་ཇི་ཡོད་ཤེས་པའི་སྒོ་ནས་ཉམས་སུ་ལེན་རྒྱུ་དེ་ཧ་ཅང་གལ་ཆེ། མཁའ་འགྲོའི་སྙིང་ཁྲག་ལྟ་བུའི་ཆོས་ཤིག་ཉམས་སུ་ལེན་པའི་ཁུལ་དུ་ཡོད་ན་ཡང་། མཁའ་འགྲོའི་དམ་ཚིག་མ་བསྲུངས་ན་མཁའ་འགྲོ་མི་མཉེས་པས། དགོས་པའི་དངོས་གྲུབ་མི་འཐོབ་པར་མི་དགོས་པའི་བར་ཆད་ཡོང་རྒྱུའི་ཉེན་ཁ་ཡང་ཆེ་བར་ཡོད་ན། དུས་དང་དུས་སུ་བླ་མ་དང་མཁའ་འགྲོ་དབྱེར་མེད་དུ་སྒོམ་ནས་མཁའ་འགྲོ་མཉེས་པའི་ཚོགས་འཁོར་གཏོང་བ་དང་། དམ་ཚིག་ཉམས་ཆག་སྦྱོང་ཕྱིར་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བཟླ་བ་སོགས་ལ་འབད་ན། མི་རིང་བར་ནྰ་རོ་མཁའ་སྤྱོད་མ་དང་རྗེ་བཙུན་སྒྲོལ་མ་ལྟ་བུའི་མ་མཁའ་འགྲོའི་དགྱེས་ཞལ་མངོན་སུམ་དུ་མཇལ་བའི་སྐལ་བ་ཡང་ཡོད་དོ།།
མཁའ་འགྲོ་འདུ་བའི་དོ་ར་རུ། །
མཁའ་འགྲོའི་ཁ་རླངས་ཐོལ་ལེ་བའི། །
མཁའ་འགྲོའི་ཟབ་ཆོས་ཉམས་བླངས་ན། །
མཁའ་འགྲོའི་དགྱེས་ཞལ་ཅིས་མི་མཇལ། །
མཁའ་སྤྱོད་ས་སྤྱོད་གནས་སུ་རྣལ་འབྱོར་བའི། །
སྙིང་ལ་བདེ་སྟོང་རིག་པའི་མེ་སྦར་ཞིང་། །
ཟུང་འཇུག་རྒྱལ་སར་འཁྲིད་པའི་ས་མཁན་ཆེ། །
མཁའ་འགྲོའི་རྣམ་བཤད་ཉུང་ངུ་འདི་ནས་རྫོགས། །
རིགས་བཞིའི་མཁའ་འགྲོའི་མངའ་བདག་ཀླུ་སྨྱོན་དཔའ་བོ་་རྗེ།
ཡེ་ཤེས་རྫུ་འཕྲུལ་ལས་དང་འཇིག་རྟེན་མཁའ་འགྲོ་བཞིའི།
ཁྱད་པར་ཇི་ལྟར་འཇོག་མིན་རྒྱུ་མཚན་གསལ་སྟོན་ཞིག
བུ་ཆུང་རེ་བར་དཔའ་བོ་ཆེན་པོས་ལན་གནང་རོགས།
ཀླུ་སྨྱོན་ལགས། མཁའ་འགྲོ་དང་མཁའ་འགྲོ་མ་གཉིས་ལ་ཁྱད་པར་ཡོད་རེད་དམ། ཡང་ན་མཁའ་འགྲོ་ཞེས་པ་མཁའ་འགྲོ་མ་རང་ལ་གོ་དགོས་རེད།
ཚིག་བདུན་གསོལ་འདེབས་ནང་། འཁོར་དུ་མཁའ་འགྲོ་མང་པོས་བསྐོར་ཿ ཞེས་པའི་མཁའ་འགྲོ་འདི་དག་གང་འདྲ་ཞིག་ལ་ངོས་བཟུང་དགོས་སམ། ལན་ཞིག་ཞུ།
འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཞེས་པ་འདིའི་དོན་དཔྱིས་ཕྱིན་པ་ཞིག་ཤེས་པར་འདོད་ན་འཇུ་མི་ཕམ་གྱིས་མཛད་པའི་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོ་ཞེས་པ་དེར་གཟིགས་ན་གཞི་ལམ་འབྲས་གསུམ་གྱི་མཁའ་འགྲོའི་རྣམ་གཞག་དུ་མ་ཞིག་ཤེས་པར་འགྱུར་རོ།།
ལགས་སོ་ཐུགས་རྗེ་ཆེ།
མཁའ་འགྲོ་ཟེས་ལབ་ན་བོད་པའི་རྣ་ལ་སྙན་སྙན་མཛེས་མཛེས་ཤིག་ཏུ་ཡོད་ནའང་། ཌྰ་ཀི་ཞེས་རྒྱ་གར་བ་ཚོར་ལབ་ན། ཚུར་རྒྱག་རེས་རྒྱག་ལ་ཁད་པ་བྱེད་པ་ཡིན། གང་ལ་ཟེར་ན། ང་ཚོས་མཁའ་འགྲོ་མ་ཞེས་ཡག་པོ་ཟིག་ལ་བརྩི་བ་དེ། ཁོང་ཚོའི་བརྡ་ལ་ཌྰ་ཀི་ཞེས་པ་དེ་ཡིན་ཤག་གིས་ཁོང་ཚོར་དེ་ལྟར་འབོད་པ་སོགས་བྱས་པ་ཡིན་ན། དེ་ཚོས་ཧ་ལས་པའི་ཁྱད་གསོད་ཀྱི་རྣམ་པ་ཞིག་ལ་ངོས་འཛིན་པ་ཡིན། མ་གཞི་ཌྰ་ཀིའི་སྐོར་ལ་འཇིགས་སུ་རུང་བའི་ལོ་རྒྱུས་དང་། རྒྱ་གར་བ་ཚོས་དེར་ངོས་འཛིན་ཅི་བྱེད་ཀྱི་སྐོར་གྱི་ཡིག་ཚགས་འགའ་ཡོད་པ་ལས། འདིར་དུས་ཙོད་ཀྱིས་ལྕོགས་ན་ཁ་གསབ་ཅིག་བྱ་བར་འབད།
ཀླུ་སྨྱོན་ལགས་ཀྱིས་བྲིས་པ་འདི་བཀླགས་པ་ཡིན། ཧ་ལས་པའི་སྙན་པ་ལ་ཚད་མེད་པ་ཞིག་བཞེངས་འདུག ཐུགས་རྗེ་ཆེ།
མེ་ཏོག་དཀར་པོ་ཐུགས་རྗེ་ཆེ་ཞུ་སྔ་སོང་། ཨ་ལགས་ཀྱིས་འཁོར་དུ་མཁའ་འགྲོ་མང་པོས་ བསྐོར༔ ཞེས་པ་འདིའི་དོན་དཔྱིས་ཕྱིན་པ་ཞིག་ཤེས་པར་འདོད་ན་འཇུ་མི་ཕམ་གྱིས་མཛད་པའི་ ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོ་ཞེས་པ་དེར་གཟིགས་ན་གཞི་ལམ་ འབྲས་གསུམ་གྱི་མཁའ་འགྲོའི་རྣམ་གཞག་དུ་མ་ཞིག་ཤེས་པར་འགྱུར་རོ།།ཞེས་གསུངས་འདུག་ན། དྲི་བ་ཞིག་དབང་མེད་དུ་སྐྱེས། ཨ་ལགས་དྲིན་ཆེན། འཇུ་མི་ཕམ་གྱིས་མཛད་པའི་ ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོར། འཁོར་དུ་མཁའ་འགྲོ་མང་པོས་ བསྐོར༔
ཞེས་པ་འདིར་འང་གཞི་ལམ་ འབྲས་གསུམ་གྱི་མཁའ་འགྲོའི་རྣམ་གཞག་དུ་མ་ཞིག་གསུངས་འདུག་གམ། དེ་ནི་ངོ་མ་ཡ་མཚན་རེད།
མཁའ་འགྲོ་འདུ་བའི་རྩེན་རྭ་ན། །
མཁའ་འགྲོའི་ཁ་རླངས་འཐུལ་ཀློང་ན། །
མཁའ་འགྲོའི་ཟབ་ཆོས་ཉམས་བླངས་བས། །
མཁའ་འགྲོའི་གཟི་བ་མ་ཡིན་ནམ། །
།
སྤྱོད་འཇུག་ཆེན་མོའི་ནང་། མཁའ་འགྲོ་སྲིན་པོ་ལ་སོགས་པ།། སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག། ཅེས་གསུངས་ཡོད་པ་དེ་དང་། བོད་ཀྱི་མཁས་པ་དང་མང་ཚོགས་གཉིས་ཀས། ཌཱ་ཀི་ཞེས་པ་མཁའ་འགྲོ་ཡིན་ཤག་བྱས་ནས། ཡོངས་གྲགས་ལ་བུད་མེད་མཛེས་མར་གོ་བ་དེ་ཨེ་རེད། རྒྱ་གར་མཛེས་མ་ཞིག་ལ། ཌཱ་ཀི་ནཱི་དང་རང་བཞིན་པའི་སྐད་ཀྱིས་ཌཱཨིན་གཉིས་ཀྱི་གང་ལབ་ནའང་། འདྲ་མོ་ལྟ་བུ་ལ་གོ་བ་ཡིན་པས། དེ་ལྟར་སྐད་ཀྱིས་སྨྲས་ན། རྙོག་དྲ་ཆེན་པོ་སློང་བ་ཡིན། དེས་ན། ང་ཚོས་མཁའ་འགྲོ་ཟེར་བ་འདིས་དེ་ལས་གཞན་ཞིག་སྟོན་གྱི་ཡོད་དམ་མེད། དེ་ལ་ལན་རེ་གནངས་རོགས།
འདྲ་མོ་ནོར་སོང་། འདྲེ་མོ་ཞེས་པ་ཡིན། མཁའ་འགྲོ་སྲིན་པོ་ལ་སོགས་པ།། སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག། ལབ་པ་འདིས། མཁའ་འགྲཔ་དང་སྲིན་པོ་གདན་གྲལ་གཅིག་ལ་བཞག་ནས། གནོད་སེམས་ཅན་དུ་བསྟན་པ་རེད། ད་མཁའ་འགྲོ་དང་མཁའ་འགྲོ་མ་ལབ་ན་ཡག་ག་ཞིག་ཡིན་ས་མ་རེད་ད།
གཙང་ཁའི་བུ་ལགས། ངས་ནི་འཇུ་མི་ཕམ་པའི་ཚིག་བདུན་གསོལ་འདེབས་ཀྱི་འགྲེལ་བཤད་ནང་གི་འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཞེས་པའི་ཐད་ཀྱི་འགྲེལ་བཤད་མི་འདྲ་བ་གསུམ་དེ་གཞི་ལམ་འབྲས་གསུམ་གྱི་མཁའ་འགྲོའམ་ཡང་ན་ཕྱི་ནང་གསང་བའི་མཁའ་འགྲོ་རུ་འགྲེལ་ཆོག་པ་ཞིག་ཏུ་གོ་བ་དང་། འདི་ནི་འཁོར་གྱི་མཁའ་འགྲོ་གཅིག་བུ་མ་ཡིན་པར་ཚིག་བདུན་གསོལ་འདེབས་ཆ་ཚང་བར་ཁོང་གིས་ཕྱི་ནང་གསང་བའམ་གཞི་ལམ་འབྲས་བུའི་འགྲེལ་བཤད་ཅིག་བརྒྱབ་ཡོད་པར་བདག་གིས་འདོད་ལ། དེ་ལྟར་མིན་པར་གོ་བ་གཞན་ཞིག་ལེན་དགོས་ཞེས་ཚད་ལྡན་མཁས་པས་གསུངས་པ་དེ་འདྲ་ཡོད་ན་དགོངས་འགལ་མེད་པ་ཞུ།
མི་ནག་ལགས། མཁའ་འགྲོའི་སྤྲུལ་པ་འམ་མཁའ་འགྲོ་མ་དངོས་ཡིན་ན་ཡང་ཡུལ་དེའི་མང་ཚོགས་ཀྱིས་ལྟ་སྟངས་ག་འདྲ་ཞིག་འཛིན་མིན་དེ་མཐའ་གཅིག་ཏུ་ཁ་ཚོད་གཅོད་དཀའ་བ་ཞིག་རེད། དགེ་ཆོས་ཀྱི་རྒྱ་གར་དུ་བུད་མེད་ཅིག་ལ་ཁྱོད་མཁའ་འགྲོ་ཟེར་ན་འཛིང་ཡོང་ཟེར་བ་དང་། བོད་དུ་ཡང་བུད་མེད་ཅིག་ལ་ཁྱོད་ཕྲ་མེན་མ་རེད་ཟེར་ན་འཛིང་ཡོང་བ་གཉིས་དོན་གྱི་འབབ་ས་གཅིག་རང་ཡིན་པ་སྟེ། སྐབས་དེའི་མཁའ་འགྲོ་དང་ཕྲ་མེན་མ་ནི་མིའི་ཤ་ཁྲག་ལ་རྔམ་པའི་མནའ་འགྲོ་སྤྱོད་འཇུག་ལས་གསུངས་པ་དེ་ལོས་ཡིན། ཡིན་ན་ཡང་གོང་དུ་བརྗོད་པ་ལྟར་མཁའ་འགྲོ་མ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཡོད་ཅིང་། བུད་མེད་ཅིག་ལ་ཁྱོད་དང་པོ་དེ་རེད་ལབ་ན་དགའ་སྡུག་གང་ཡོང་མི་ཤེས་ཀྱང་། གཉིས་པ་དེ་རེད་ལབ་ན་མི་དགའ་བ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡོད། གཙོ་བོ་ནི་དེ་ལྟར་བརྗོད་པ་པོའི་ངོས་ནས་བུད་མེད་དེ་མཁའ་འགྲོ་གང་གི་རིགས་སུ་གཏོགས་པ་ཞིག་ཡིན་མིན་འགྲེལ་བཤད་གསལ་བོ་རྒྱག་རྒྱུ་དེ་གལ་ཆེ་བར་མཐོང་།
ལྭ་ཝ་པ་ལ་རྫས་བྱིན་མཁན་མཁའ་འགྲོ་མ་དེ། ཕྱི་རོལ་པའི་མཁའ་འགྲོ་མ་གཅིག་རེད་ཅེས་ཡོད་སྙམ་པ་དྲན།
༼སྐབས་དེའི་མཁའ་འགྲོ་དང་ཕྲ་མེན་མ་ནི་མིའི་ཤ་ཁྲག་ལ་རྔམ་པའི་མནའ་འགྲོ་སྤྱོད་འཇུག་ལས་གསུངས་པ་དེ་ལོས་ཡིན། ༽ འདི་འདྲ་བསྟན་པའི་སྤྱོད་འཇུག་གི་ཚིག་གང་ཡིན་ནམ།།
མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་ཅན་ལྡན་གྱུར་ཅིག །ཅེས་པ་དེ་མིན་ནམ།
སེམས་དང་ལྡན་གྱུར་ཅིག
མཁའ་ལ་སྤྱོད་པའི་གནས་མཆོག་དམ་པ་ན།།
མངོན་ཤེས་རྫུན་འཕྲུལ་མངའ་བའི་མཐུ་སྟོབས་ཅན།།
སྒྲུབ་པ་པོ་ལ་མ་ཡིས་བུ་བཞིན་གཟིགས།།
གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ།།
ད་ཁྱེད་རང་ཚོས་གང་ཡང་མི་ཤེས་མཁན་ཞིག་ལ་མཁའ་འགྲོའི་འབྲེལ་བཤད་བྱེད་པ་དེ་ཚོ་ཧ་ཅིང་གི་ཐབས་སྐྱོ་བོ་རེད་འདུག
འཁའ་འགྲོ་འདྲེ་མོ་ཟེར་མཁན་དེ་ཚོ་སྙིང་རེ་རྗེ་ཨ།
དེ་ལྟར་ཡིན་ན་གནམ་གྲུ་ཡང་འདྲེ་མོ་ཡིན་རྒྱུ་རེད།
མཁའ་འགྲོ་ཟེར་བ་དེ་བཟང་ངན་གང་ལ་ཡང་གོ་ཆོག་རྒྱུ་རེད
སྤྱིར་མཁའ་ལ་འགྲོ་ཚད་ལ་མཁའ་འགྲོ་བརྗོད་ཆོག་གི་རེད།
དེ་ལ་འང་ཡེ་ཤེས་ཀྱིས་མཁའ་འགྲོ་ཟེར་བ་དེ་ལ་འདྲེ་ཡི་རིགས་སུ་རྟོག་མི་ཐུབ་པ་ཡིན
རྩ་བརྒྱུད་བླ་མས་བྱིན་གྱིས་རློབས། །
ཡི་དམ་ལྷ་ཡིས་དངོས་གྲུབ་སྩོལ། །
མཁའ་འགྲོས་གྲོགས་མཛོད་ཆོས་སྐྱོང་གིས། །
བར་ཆད་བསལ་ཤིང་གནང་བ་སྩོལ། །
མ་ཅིག་ལབ་སྒྲོན་བྱིན་ཆེན་བླ་མ་རེད། །
རྗེ་བཙུན་སྒྲོལ་མ་ཡི་དམ་ལྷ་གྲལ་ཡོད། །
དཔལ་ལྡན་ལྷ་མོ་ཆོས་སྲུང་སྐུར་བསྟན་ལ། །
མཁའ་འགྲོར་བཞག་པ་སྒྲོ་བསྐུར་མི་འགྲོ་འམ། །
འོན་ཀྱང་ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་དང་། །
ཁྱོད་ནི་མཁའ་འགྲོ་ཁྱོད་ནི་ཆོས་སྐྱོང་ངོ་བོ་རུ། །
རྩ་བའི་བླ་མ་གཅིག་ཉིད་མོས་པའི་རྣལ་འབྱོར་ལ། །
བྱིན་དངོས་འཕྲིན་ལས་གྲུབ་ལ་བར་ཆད་སེལ་ངེས་ལགས། །
ཨ་ལགས་དྲིན་པོ་ཆེ། འཁོར་དུ་མཁའ་ འགྲོ་མང་པོས་བསྐོར༔ ཞེས་པའི་མཁའ་འགྲོར་ཕྱི་ནང་གསང་གསུམ་གྱི་མཁའ་འགྲོ་དང་། གཞི་ལམ་འབྲས་གསུམ་གྱི་མཁའ་འགྲོར་འགྲེལ་ནས་བཤད་པ་རེ་གནང་རོགས། སྤྱིར་ཕྱི་ནང་གསང་གསུམ་གྱི་མཁའ་འགྲོ་ཞེས་པའི་བརྡ་ཆད་ཅིག་ལས་གཞི་ལམ་འབྲས་གསུམ་གྱི་མཁའ་འགྲོའི་བརྡ་ཆད་ཅིག་གཞུང་ཆེན་གང་དུ་གསལ་བར་གསུང་རོགས་ཞུ།
ཨ་ལགས་དྲིན་པོ་ཆེན། ཁྱོད་ཀྱིས་༼འཇུ་མི་ཕམ་པའི་ཚིག་བདུན་གསོལ་འདེབས་ཀྱི་འགྲེལ་བཤད་ནང་གི་འཁོར་དུ་མཁའ་ འགྲོ་མང་པོས་བསྐོར༔ ཞེས་པའི་ཐད་ཀྱི་འགྲེལ་བཤད་མི་འདྲ་བ་གསུམ་དེ་གཞི་ལམ་འབྲས་གསུམ་གྱི་མཁའ་ འགྲོའམ་ཡང་ན་ཕྱི་ནང་གསམཁའ་འགྲོ་རུ་འགྲེལ་ཆོག་པ་ཞིག་ཏུ་གོ་བ་དང་། འདི་ནི་འཁོར་གྱི་མཁའ་འགྲོ་གཅིག་བུ་མ་ཡིན་པར་ཚིག་བདུན་གསོལ་འདེབས་ཆ་ཚང་བར་ ཁོང་གིས་ཕྱི་ནང་གསང་བའམ་གཞི་ལམ་འབྲས་བུའི་འགྲེལ་བཤད་ཅིག་བརྒྱབ་ཡོད་པར་བདག་ གིས་འདོད་ལ། ༽ཞེས་པའི་གསུང་འདིའི་ངོ་གདོང་ལས་ཨ་ལགས་ལ་གདིང་ཚད་མེད་པའི་བཟོ་ཞིག་ཀྱང་སྣང་། འོན་ཏང་རྒྱུ་མཚན་མེད་ན་འགྲེལ་མི་སྲིད་པས་དེ་ལ་འགྲེལ་སྟངས་གང་འདྲ་རེད། གསལ་བོར་གསུང་རོགས་ཞུ།
ཀླུ་སྨྱོན་ལགས་ཀྱི་མཁའ་འགྲོའི་རྣམ་བཤད་ལོ་རྒྱུས་དང་འབྲེལ་བ་ཡག་པོ་འདུག འོན་ཀྱང་བོད་དུ་མི་མོའི་རྣམ་པར་ཕེབས་པའི་མཁའ་འགྲོ་མ་བགྲངས་པའི་ནང་དུ་སེ་ར་མཁའ་འགྲོ་དང་དབུས་བཟའ་མཁའ་འགྲོ་ཞེས་བྲིས་འདུག་པ་དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་རེད། ཡང་མིའི་མཁའ་འགྲོ་མ་སྨིན་གླིང་མི་འགྱུར་དཔལ་སྒྲོན་ལ་སོགས་པའང་བྱུང་ཡོད། དོན་ལ་རང་སེམས་མཁའ་འགྲོ་རུ་མ་ཤེས་ན་ཕྱིའི་མཁའ་འགྲོ་ལ་བཟང་ངན་གཉིས་སུ་བཟུང་ནས་ཆགས་སྡང་གི་རྒྱུ་རུ་འགྲོ་བ་ཡིན་པས། དབྱིངས་ཀྱི་མཁའ་ལ་རིག་པའི་ཡེ་ཤེས་འགྲོ་བས་ན་མཁའ་འགྲོ་ཞེས་པའི་དོན་ལ་བློ་གཞོལ་ན་ཕྱིའི་མཁའ་འགྲ་ོ་ལ་བཟང་ངན་མི་ཤར་རོ།།