རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ། །
༡༽ ཀུན་སློང་དང་དགོས་དམིགས།
དེ་ཡང་ཉེ་ཆར་མདའ་ཚན་པ་དགེ་འདུན་ཕྲིན་ལས་ཟེར་བས་དཀར་ཟས་སྨྲ་བ་ཚོའི་མཁས་གྲུབ་རྗེའི་གཞུང་གི་དོན་མ་རྟོགས་པ་ཡིན་འདོག་འདོག་གིས་སྐབས་དོན་གཏན་ནས་མ་ཕྱེད་པར་སྦོམ་ཡོར་གྱི་ཚིགས་བཅད་འགའ་བྲིས་ནས་མཁས་གྲུབ་རྗེ་ཡི་དགོངས་པ་འཁྱོགས་བརྗོད་བྱས་འདུག་པ་དང་། རྟོག་དཔྱོད་ཀྱི་ནུས་པ་མེད་པ་འགའ་རེའི་འཁྲུལ་གཞིར་ཡང་འགྱུར་གྱིན་འདུག་པ་མཐོང་ནས།
གཅིག་ཏུ། ས་ག་ཟླ་བའི་ཡར་ཚེས་འདིར་རང་ནུས་དང་མཐུན་པའི་སྟོན་པའི་འཁྲུངས་སྐར་ལ་དམིགས་པའི་ཆོས་ཀྱི་མཆོད་པ་དང་། གཉིས་སུ། ས་ག་ཟླ་བ་ཤ་མེད་ཅན་དུ་བརྩོན་ལེན་གནང་མཁན་གྱི་ཆོས་གྲོགས་དག་ལ་མཉམ་ཞུགས་མཚོན་པའི་རྒྱབ་སྐྱོར་དང་། གསུམ་དུ། རང་ཉིད་ཀྱང་མོ་སྡོམ་མེད་ཀྱང་ཤ་སྡོམ་ཙམ་ཞིག་ད་དུང་ཡང་ཡོད་པས་གནས་འདི་ལ་ཤིན་ཏུ་མོས་པ་བཅས་ཀྱིས་ལེགས་སྤེལ་ཉེས་འགོག་གི་ཆེད་དུ་མཁས་གྲུབ་རྗེ་བཞེད་པའི་ཤའི་གནང་བཀག་ལ་དཔྱད་པའི་རྩོམ་ཡིག་འདི་བྲི་བར་ཞུགས་སོ། །
ལར་གང་ཟག་སུ་ཡིན་ཡང་། གཞུང་གི་དོན་ལ་བསམ་བཞིན་ལོག་འགྲེལ་བྱེད་པ་ནི་རིགས་པ་སྨྲ་བའི་ཀུན་སྤྱོད་དང་འགལ་བ་དང་། དེང་སང་གི་བཤད་སྟངས་བྱས་ན། མཁས་གྲུབ་རྗེ་ཡི་གསུང་ལ་ཤིན་ཏུ་གུས་ཞབས་མེད་པར་བྱས་པ་ཞིག་ཀྱང་ཡིན་ནོ། །
༢༽ བསམ་ཤེས་དང་རྩི་བཀུར།
དེ་ཡང་ནང་པའི་སྤྱི་ཚོགས་སུ་ས་ག་ཟླ་བ་འདི་ཉིད་ཤ་མེད་ཀྱི་ཟླ་བར་བསྒྱུར་ཐུབ་པ་ཞིག་བྱུང་ན་དེ་ནི་སྟོན་པ་ཐུགས་རྗེ་ཅན་ལ་ཕུལ་བའི་ལེགས་སྐྱེས་བཟང་ཤོས་ཤིག་ཡིན་པར་ཐེ་ཚོམ་གཏན་ནས་མི་དགོས་མོད། ཤ་ཟོས་ན་ནང་པ་མ་ཡིན་པ་དང་། དམར་ཟས་སྤོང་པ་ལས་གཞན་པའི་དགེ་བ་མེད་པ་དེ་འདྲའང་མ་རེད། དེ་བཞིན། དཀར་ཟས་མི་ཐུབ་མཁན་ལ་དམའ་འབེབས་དང་འོས་མིན་གྱི་གནོན་ཤུགས་སྤྲོད་པ་སོགས་ཀྱང་མི་འོས།
ཡང་དམར་ཟས་སྤོང་མི་ཐུབ་པ་ནི་སྲེད་ཞེན་དང་གོམས་གཤིས་གང་གིས་ཡིན་ཡང་བསམ་ཤེས་ཐུབ་མོད། ༼ལྟོས་དང་། དེ་རིང་ས་ག་ཟླ་བ་རེད། ངས་དམར་ཟས་ཟ་གིན་ཡོད། ༽ཟེར་ནས་ཚད་བཙུགས་ནས་འུར་ཆ་དང་ཧབ་དགོད་བྱེད་པ། ཆུ་གནས་དང་འབུ་རིགས་ཀྱི་ཤ་སྡེར་མ་མང་པོ་སྔོན་དུ་བསྒྲིགས་ནས་༼ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་ཡིན་༽ཟེར་བཞིན། ཆེད་དུ་བརྙན་བླངས་ཏེ་ཁྱབ་བསྒྲགས་བྱེད་པ་སོགས་ནི་བོད་མི་རིགས་ཀྱི་དད་མོས་དང་རིག་གཞུང་གི་སེམས་ཁམས་དམ་པའི་ཆོས་ཀྱི་དགོངས་དོན་བཅས་ལ་ཤིན་ཏུ་བརྩི་བཀུར་མ་བྱས་དང་། སྲོག་ཆགས་དེ་དག་གི་ཚེ་སྲོག་ལ་ཤིན་ཏུ་རྩིས་མེད་དང་རྩེད་ཆས་བྱས་པ་ཞིག་ཡིན་པ་འདི་ཡང་མཁྱེན་དགོས་སོ། །
༣༽ ལོ་ངོ་དྲུག་རྒྱའི་སྔོན་གྱི་སྐྱེས་ཆེན་གཉིས།
དེ་ཡང་བོད་འདིར་དཀར་སྐྱོང་ཤུགས་ཆེན་པོ་གནང་མཁན་གྱི་སྐྱེས་ཆེན་མང་པོ་སྔར་ནས་བྱུང་ཡོད་ན་ཡང་། དཀར་ཟས་དང་དམར་ཟས་ཀྱི་སྐོར་ལ་སོར་བྱང་བསྔགས་གསུམ་གྱི་བཞེད་པ་གོང་བསྒྲིགས་ནས་དབྱེ་ཞིབ་རང་བཞིན་གྱི་རྩོད་གླེང་དངོས་སུ་གནང་མཁན་ཁྲོད་ངོར་ཆེན་ཀུན་དགའ་བཟང་པོ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་སྔ་ཤོས་གྲས་ཤིག་ཡིན་སྲིད།
དེ་ཡང་། ངོར་ཆེན་ཀུན་དགའ་བཟང་པོ་ནི་སྤྱི་ལོ་༡༣༨༢ ལ་འཁྲུངས་ཤིང་། མཁས་གྲུབ་རྗེ་སྤྱི་ལོ་༡༣༨༥ ལ་འཁྲུངས་པས་ཁོང་གཉིས་ཀྱི་བར་དུ་ལོ་གཉིས་ཙམ་ལས་མེད་པས་དུས་མཉམ་དུ་བྱོན་པའི་སྐྱེས་ཆེན་གཉིས་ཡིན།
མ་ཟད། ཕྱིས་ཀྱི་སྐུ་ཚེའི་ནང་དུ་ཡང་། འགྲོ་དོན་མང་ཆེ་བ་དུས་མཉམ་ལྟ་བུར་གཙང་ཕྱོགས་སོགས་སུ་བསྐྱངས་ཡོད་པ་དང་། ཁོང་གཉིས་ཀྱི་བར་ལ་གཟིགས་ཚུལ་མ་མཐུན་པ་སོགས་ཀྱི་ལོ་རྒྱུས་ཀྱང་ཅུང་ཟད་རེ་ཡོད་མྱོང་ལ། སྤྱིར་གཙང་ཕྱོགས་ནི་དཔལ་ས་སྐྱའི་ལྟེ་གནས་ལྟ་བུ་ཡིན་པ་ལ། མཁས་གྲུབ་རྗེ་ལ་གཙང་ཕྱོགས་ཀྱི་རྒྱལ་པོ་རབ་བརྟན་ཀུན་བཟང་འཕགས་ཀྱིས་སྦྱིན་བདག་ཞུས་ནས་དེ་ཕྱོགས་སུ་དགོན་པ་འདེབས་པ་སོགས་ཀྱང་གནང་འདུག མདོར་ན། སྐབས་དེར་གཙང་གི་ཕྱོགས་ན་ཤུགས་རྐྱེན་ཆེ་ཤོས་ཡིན་པའི་ས་སྐྱའི་ངོར་ཆེན་པ་ནི་སློབ་བརྒྱུད་ཡོངས་ལ་དཀར་ཟས་དགོས་པའི་བཀའ་གནང་མཁན་ཞིག་དང་། མཁས་གྲུབ་རྗེ་ཡང་ཤའི་གནང་བཀག་གི་སྐོར་ལ་དམིགས་བསལ་ཐུགས་སྣང་གནང་མཁན་ཞིག་རེད་འདུག
དེ་ཡང་ངོར་ཆེན་གྱི་སྤྲིངས་ཡིག་སློབ་མ་ལ་ཕན་པ་ནི། ཁོང་ཉིད་དགུང་ལོ་ཞེ་གསུམ་གྱི་སྐབས་སུ་དཔལ་ས་སྐྱའི་ཆོས་གྲྭར་སྦྱར་བ་དང་། སྡོམ་གསུམ་རྣམ་བཞག་ནམ་བརྩམས་ཀྱི་དུས་ཚོད་མི་གསལ་ཡང་། མཁས་གྲུབ་རྗེ་ཉིད་གཙང་གི་རི་བོ་མདང་ཆེན་དུ་བཞུགས་སྐབས་བརྩམས་པ་ཡིན་པས། ཕལ་ཆེར་བདག་པོ་རབ་བརྟན་པ་དང་ཞལ་གྱེས་དེ་ཐད་ཀར་རི་བོ་མདང་ཆེན་དུ་ཕེབས་པའི་སྐབས་དེ་ཤེད་ཅིག་སྟེ། མ་མཐར་ཡང་དགུང་ལོ་བཞི་བཅུ་ཞེ་དྲུག་གི་ཡར་སྔོན་ཞིག་ལ་བརྩམས་གནང་བར་ཚོད་དཔག་ཐུབ།
༤༽ དཀར་ཟས་གནང་བཀག་གི་རྩོད་གླེང་།
རྩོམ་ཡིག་འདིར་ཁོང་གཉིས་མཉམ་དུ་གླེང་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། ཕྲན་གྱི་བསམ་ཚུལ་ལྟར་ན། ངོར་ཆེན་གྱིས་མཛད་པའི་སྤྲིངས་ཡིག་སློབ་མ་ཕན་པའི་ནང་དུ་ཤའི་ཉེས་དམིགས་སྐོར་འཆད་སྐབས་ཀྱི་ཕྱོགས་སྔ་དེ་མཁས་གྲུབ་རྗེ་ཡིན་ཤས་ཤིན་ཏུ་ཆེ་བ་འདུག་ཅིང་། མཁས་གྲུབ་རྗེ་ཡི་སྡོམ་གསུམ་ཕྱི་དོར་དུ་ཤའི་སྐོར་གྱི་དོགས་གཅོད་མཛད་པའི་སྔ་རྒོལ་ཡང་ངོར་ཆེན་ཀུན་དགའ་བཟང་པོ་རང་རེད་འདུག་སྙམ།
གཞུང་གི་བབ་ལ་ལྟས་ན། ཐོག་མར་ངོར་ཆེན་གྱིས་མཁས་གྲུབ་རྗེའི་ཡོངས་གྲགས་སུ་བཞེད་པའི་གསུང་སྒྲོས་ལ་དགག་པ་མཛད་པ་དང་། སྡོམ་གསུམ་ཕྱི་དོར་དུ་དེ་ལ་དམིགས་འཛུགས་ཀྱིས་དགག་ལན་གནང་བ་ལྟ་བུ་ཞིག་ཏུ་མཐོང་།
དེའི་སྒྲུབ་བྱེད་གསལ་ཤོས་ཤིག་ནི། ངོར་ཆེན་པས། འདུལ་བ་ལས་རབ་བྱུང་གིས་ཤ་ཟ་རུང་བར་གསུངས་པ་དྲང་དོན་དུ་དམ་བཅས་ནས་དེའི་སྒྲུབ་བྱེད་དུ་བསླབ་བཏུས་དྲངས་པར། མཁས་གྲུབ་རྗེ་ཡིས། བསླབ་བཏུས་ཀྱི་ལུང་གིས་འདུལ་བའི་སྐབས་སུ་ཡང་ཤ་ཟ་མི་རུང་བར་བཤད་པའི་གཞན་འདོད་དངོས་སུ་ཕྱོགས་སྔར་བཀོད་དེ་ལུང་དོན་བཞག་པར་མ་ཟད། ངོར་ཆེན་གྱིས་ལང་གཤེགས་དང་མྱང་འདས་ཆེན་པོ་སོགས་ཀྱི་ལུང་དྲངས་པ་དག་ལའང་རེ་རེ་བཞིན་དབྱེ་ཞིབ་གནང་འདུག
༥༽ རྩོད་པ་དང་ལན་གྱི་བརྒྱུད་རིམ།
ཁོང་རྣམ་པ་གཉིས་ཀྱི་རྩོད་གཞི་དང་བརྩོད་ལན་གྱི་རྒྱུད་རིམ་དེ་བས་ཀྱང་ཁ་གསལ་དུ་བཏང་ན་འདི་ལྟར་རེད་འདུག་སྟེ།
ངོར་ཆེན་ཀྱིས་སློབ་ཕན་དུ་ཉན་ཐོས་དང་ཐེག་ཆེན་སྔགས་བཅས་ལ་ཞུགས་པས་ཤ་ཟ་མི་རུང་བ་རེ་རེ་ནས་ཞིབ་རྒྱས་སུ་བཤད་པའི་ནང་ནས། ཉན་ཐོས་ཀྱི་ཐེག་པར་ཞུགས་པ་རྣམས་ཀྱིས་ཤ་ཟ་རུང་མིན་གྱི་ཐད་མཁས་གྲུབ་རྗེ་དང་བཞེད་པ་ཐ་དད་དུ་གྱུར་ཡོད།
ངོར་ཆེན་གྱིས་ཉན་ཐོས་ཀྱི་སྐབས། མྱང་འདས་ལས། ད་ཕྱིན་ཆད་ངའི་ཉན་ཐོས་རྣམས་ལ་ཤ་ཟ་བར་མི་གནང་ངོ་། །ཞེས་སོགས་དྲངས་ནས་འདུལ་བ་ལས་ཤ་གནང་བ་དྲང་དོན་དང་། མྱང་འདས་སོགས་ཤ་བཀག་པར་གསུངས་པ་ཉན་ཐོས་ཀྱི་ཐེག་པར་ལྟོས་ནས་ཀྱང་ངེས་དོན་དུ་དམ་བཅས་ཤིང་། དེའི་སྒྲུབ་བྱེད་དུ། བསླབ་བཏུས་སུ། འདུལ་བ་ལས། དེ་ལ་རྣམ་པ་གསུམ་ཡོངས་སུ་དག་པའི་ཤ་ཟོས་ན་སྤོང་པའི་བར་ཆད་དུ་མི་འགྱུར་རོ། ཞེས་གང་གནང་བ་ནི། དེ་ཡོངས་སུ་སྤངས་པས་དག་པར་ལྟ་བ་རྣམས་ཀྱི་མངོན་པའི་ང་རྒྱལ་བསལ་བ་དང་། སྐལ་བ་ཡོད་ཀྱང་དེ་ལ་ཆགས་པས་བསྟན་པ་ལ་མི་འཇུག་པ་སྤངས་པའི་ཕྱིར་རོ། །ཞེས་སོགས་གསུངས་པ་ཁུངས་སུ་དྲངས་ཡོད།
མདོར་ན། ངོར་ཆེན་གྱི་བཞེད་པ་ནི། ཐེག་ཆེན་གྱི་མདོ་སྡེ་ལྟར་ན། ཉན་ཐོས་ཐེག་པར་ཞུགས་པ་རྣམས་ལ་ཡང་བཅོམ་ལྡན་འདས་ཀྱིས་ཤའི་ཟས་མ་གནང་བར་བཞེད་པ་དེ་ཡིན། དེ་ལ་དམིགས་ནས་སྡོམ་གསུམ་རྣམ་བཞག་ཐུབ་བསྟན་རིན་པོ་ཆེའི་ཕྱི་དོར་དུ་རིགས་པ་དུ་མས་ཉན་ཐོས་ཀྱི་ལུགས་ལ་རྣམ་གསུམ་དག་པའི་ཤ་བཟའ་རུང་བ་ངེས་དོན་དུ་ཁས་ལེན་དགོས་པར་གསུངས་ཡོད་པས། ཕར་ལྟས་ཚོད་ལ་མཁས་གྲུབ་རྗེས་ཤ་ཟ་རུང་བར་གསུང་གིན་ཡོད་པ་ལྟར་སྣང་མོད། དོན་ལ་དེ་འདྲ་ཞིག་མིན།
༦༽ ངོར་ཆེན་དང་མཁས་གྲུབ་རྗེའི་བཞེད་པ་དངོས།
འོ་ན་ག་འདྲ་རེད་ཟེར་ན། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། སྔོན་གྱི་མཁས་པ་རྣམས་ནི་མི་མཐུན་པའི་ཆ་ཕྲ་མོ་རེ་ལ་ཡང་ཕན་ཚུན་རྩོད་པ་ཤིན་ཏུ་ཆེན་པོ་བྱེད་པ་ཡིན་གསུངས་པ་ལྟར། ངོར་ཆེན་གྱིས་ཐེག་ཆེན་གྱི་ལུང་ལ་རྟེན་ནས་ཉན་ཐོས་ལ་ཞུགས་པ་རྣམས་ཀྱིས་ཀྱང་ཤ་བཟའ་མི་རུང་། ཞེས་དམ་བཅས་པ་ལ། མཁས་གྲུབ་རྗེ་ཡིས་ཉན་ཐོས་ཀྱི་སྐབས་སུ་གནང་མ་གནང་ནི་ཉན་ཐོས་རང་གཞུང་ལ་ལྟོས་ནས་འཇོག་དགོས་པ་དང་། ཉན་ཐོས་རང་གཞུང་དུ་ཤ་ཟ་བ་གཏན་འགོག་གནང་བའི་ལུང་རིགས་དང་བཅས་པ་མཛད་པའི་གླེང་གཞི་སོགས་མེད་པས་ཉན་ཐོས་ཀྱི་ལམ་ལ་ཞུགས་པ་རྣམས་ལ་ལྟོས་ན་རྣམ་གསུམ་དག་པའི་ཤ་ཟར་རུང་བ་དེ་ངེས་དོན་དུ་ཁས་ལེན་དགོས་དགོངས་ཡོད། དེས་ན་ཁོང་གི་དགག་བཞག་ནི་རིགས་པ་ལ་གཅེས་པའི་ཞིབ་འཇུག་གི་འགྲོ་སྟངས་ཤིག་ལས་སོ་སོས་ཤ་མཚམས་འཇོག་མ་ཐུབ་ནས་ལུང་ལོག་འགྲེལ་བྱེད་པ་དེ་འདྲ་རེད་མི་འདུག
འདིའི་ཐད་མཁས་གྲུབ་རྗེ་ཡིས་ཞལ་གསལ་པོའི་སྒོ་ནས་ཐེག་ཆེན་གྱི་རྗེས་འཇུག་ཡིན་ཕན་ཆད། རྣམ་གསུམ་དག་པར་ཕར་ཞོག ཤི་ཤ་ཙམ་ཡང་བཟའ་མི་རུང་བ་དང་། ཉན་ཐོས་ཐེག་པའི་རབ་བྱུང་རྣམས་གྱིས་རྣམ་གསུམ་དག་པ་ཙམ་ཞིག་ཟ་ཆོག་མོད། དེ་ཡང་ཤའི་རོ་ལ་ཆགས་པའི་སྲེད་པ་གཏན་ནས་མེད་པ་ཞིག་སྔོན་འགྲོ་ཆ་རྐྱེན་དུ་བཞག་ཡོད། ད་དུང་མཁས་གྲུབ་རྗེ་ཡིས། འདི་སྐད་དུ། དོན་གཉེར་གྱི་འདོད་པ་དང་འདུན་པ་ནི་སེམས་བྱུང་ཡུལ་ངེས་ཡིན་ལ། རོ་ལ་ཆགས་པའི་སྲེད་པ་ནི། སེམས་བྱུང་རྩ་བའི་ཉོན་མོངས་པ་དྲུག་གི་ཡ་གྱལ་འདོད་ཆགས་ཡིན་པས་སེམས་བྱུང་རིགས་ཐ་དད་ཡིན་པའི་ཕྱིར། །ཞེས་རྣམ་གསུམ་དག་པའི་ཤ་དོན་དུ་གཉེར་བ་ཙམ་ཤའི་རོ་ལ་ཆགས་པའི་སྲེད་པས་མ་ཁྱབ་ཀྱང་། རོ་ལ་ཆགས་པའི་སྲེད་པ་ནི་ཉོན་མོངས་པའི་སེམས་ཡིན་པས་དེ་ནི་ཉན་ཐོས་དག་ལ་ཡང་མ་གནང་ཚུལ་ཤིན་ཏུ་ཡིད་འཕྲོག་པའི་ཞིབ་ཆ་མཛད་ཡོད།
༧༽ གཅིག ཐེག་པ་ཆེན་པོས་ཤ་མི་ཟ།
འོ་ན། མཁས་གྲུབ་རྗེ་ཡི་བཞེད་པ་དངོས་གང་ཡིན་ཟེར་ན། སྡོམ་གསུམ་ཐུབ་བསྟན་ཕྱི་དོར་དུ་བསླབ་བཏུས་ལས་ཤ་བཀག་པའི་ཚུལ་ལངྐར་གཤེགས་པའི་ལུང་དང་བཅས་པ་གསུངས་པ་དྲངས་ནས་དེའི་དགོངས་པ་འགྲེལ་སྐབས།
ཤ་ཟོས་ན་རང་དོན་དུ་ཤ་ལ་སྲེད་པ་དྲག་པོ་སྐྱེ་ཞིང་། དེའི་དབང་གིས་སྙིང་རྗེ་ཆེན་པོ་ཉམས་པར་འགྱུར་བའི་དགག་བྱ་འདྲེན་པའམ། འདྲེན་དུ་དོགས་པའི་ཐེག་པ་ཆེན་པོ་པའི་དགེ་སློང་ངམ། དགེ་ཚུལ་ལམ། རྒྱལ་པོའམ། བློན་པོའམ། གྲོང་དཔོན་ནམ། ཁྱིམ་ན་གནས་པའི་བུད་མེད་དག་གིས་ཀྱང་ཤ་བཟ་བར་མི་བྱ་བ་ཡིན་ལ། ཞེས་དང་། དེས་ན་བྱང་ཆུབ་སེམས་དཔར་ཁས་ལེན་ཅིང་དམ་བཅའ་བ་ཐེག་པ་ཆེན་པོའི་སེམས་བསྐྱེད་ལན་བརྒྱ་ཕྲག་ཅིག་བླངས་པ་དག་གིས་ནི། ཤ་མི་ཟ་བ་ལྟ་ཅི་སྨོས། ཞེས་གསུངས་སོ། །
༨༽ གཉིས། ཤ་ཟོས་ཐེག་ཆེན་བརྟུལ་ཞུགས་ཉམས།
ཡང་མུ་མཐུད་ལུང་ཚིག་འགའ་ཞིག་ལ་དོགས་དཔྱོད་གནང་བའི་སྐབས་མཁས་གྲུབ་རྗེ་ཡིས་སླར་ཡང་འདི་ལྟར། སྟོན་པའི་བཀའ་ཁྱད་དུ་གསོད་པའི་བསམ་པ་ངན་པས་མི་རུང་བའི་ཤ་ཟ་ན་ཤཱཀྱའི་བསྟན་པ་ལ་ཐེག་པ་ཆེན་པོའི་བརྟུལ་ཞུགས་ཉམས་སོ། ཞེས་གསུངས།
༩༽ གསུམ། ཤ་ནི་རྣམ་པ་ཐམས་ཅད་སྤོངས།
ཡང་རྣམ་གསུམ་དག་པའི་ཤའི་སྐོར་ལ་གསལ་འགྲེལ་གནང་སྐབས་མཁས་གྲུབ་རྗེ་ཡིས་འདི་ལྟར།
ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གང་དག་ཤ་ཟོས་ན་རང་གི་སྙིང་རྗེ་ཆེན་པོ་ཉམས་འགྲོ་ཞིང་བློའི་ཤུགས་ཆུང་དུ་འགྲོ་བར་མྱོང་བས་གྲུབ་པ་དང་། རང་དོན་དུ་རོ་ལ་སྲེད་པ་དྲག་པོ་སྐྱེ་བར་མཐོང་ནས་དགག་བྱ་དག་འགོག་པའི་སླད་དུ་རྣམ་གསུམ་དག་མ་དག་དང་བསད་པ་དང་ཤི་བའི་ཤ་ཐམས་ཅད་མི་ཟ་བ་ཡིན་ན་ནི། མཆོག་ཏུ་ངོ་མཚར་བའི་གནས་ཡིན་ལ་་། ཞེས་དང་། རྣམ་གསུམ་དག་པའི་ཤ་ཡང་ཡོང་མེད་པ་སྟེ། དཀོན་པ་དེ་བས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤ་ནི་རྣམ་པ་ཐམས་ཅད་དུ་མི་ཟའོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །
༡༠༽ ངོར་མཁས་མཐར་ཐུག་འབབ་ས་གཅིག
འོ་ན། ངོར་ཆེན་གྱིས་ཉན་ཐོས་ཀྱི་ལུགས་ལ་ཤ་ཟ་མི་རུང་བར་བཞེད་ཅིང་། མཁས་གྲུབ་རྗེ་ཡིས་ཉན་ཐོས་ཀྱི་ལུགས་ལ་རུང་བར་བཞེད་པ་གཉིས་འགལ་ལམ་སྙམ་ན། མི་འགལ་བར་མཐོང་སྟེ། གོང་དུ་ཞུས་པ་ལྟར། དགག་ཕྱོགས་ནས་བཤད་ན། མཁས་གྲུབ་ཀྱང་ཤ་ཡི་རོ་ལ་སྲེད་པས་ནི་ཉན་ཐོས་ཀྱི་ལུགས་ལ་ཡང་མི་རུང་ཞེས་བཞེད་དེ། སྡོམ་གསུམ་རྣམ་བཞག་དེ་ཉིད་ལས། ཐེག་པ་ཆེ་ཆུང་གི་མདོ་གང་ལས་ཀྱང་ཤའི་རོ་ལ་ཆགས་པའི་སྲེད་པས་ཤ་བསྙེན་པར་གནང་བ་མེད་དོ། ། ཞེས་དང་། ཤའི་རོ་ལ་ཆགས་པའི་སྲེད་པའི་དབང་གིས་ཤ་ཟ་བ་རུང་བར་འདུལ་བ་ལས་གནང་ངོ་ཞེས་ཁོ་བོ་ཅག་ནི། རྣམ་པ་ཐམས་ཅད་དུ་མི་སྨྲ་ལ། དེ་འདྲ་བ་སྐྱོན་མེད་པར་གཉིད་ཀྱི་རྨི་ལམ་དུ་ཡང་མི་སྨྲའོ། །ཞེས་ཚིག་ཐག་བཅད་ནས་གསུངས་པ་དང་། སྒྲུབ་ཕྱོགས་ནས་ནི་ངོར་ཆེན་པས་ཀྱང་སྲེད་པའི་བསམ་པ་མེད་པར་སྨན་གྱི་འདུ་ཤེས་ཁོ་ན་ཙམ་གྱིས་སྤྱོད་པ་ཉན་ཐོས་ཀྱི་རང་ལུགས་སུ་བཞེད་པར་འདུག་པས་ཁོང་རྣམ་པ་གཉིས་ཀྱིས་བསྟན་པ་ལ་གཅེས་པའི་ལུང་རིགས་ཀྱི་རོལ་རྩེད་ཇི་ལྟར་བརྩེས་ཀྱང་མཐར་འབབ་ས་གཅིག་ལ་བབས་ཏེ་འདུག་གོ །
༡༡༽ མཁས་གྲུབ་དགོངས་པ་གནད་དུ་དྲིལ།
མདོར་ན། ཉན་ཐོས་ཐེག་པ་ལ་ཞུགས་པའི་རབ་བྱུང་ལ་ཤ་ཟ་བར་གནང་ཡང་། དེ་ལ་ཡང་ཟས་ཤའི་རོ་ལ་ཆགས་པའི་སྲེད་པ་མེད་པ་ཞིག་དགོས་པ་དང་། ཐེག་པ་ཆེན་པོ་བར་ཁས་ལེན་པ་ཞིག་ཡིན་ན་ནི་རྣམ་གསུམ་དག་པའི་ཤ་ཙམ་ཡང་གནང་བ་མེད་པ་བསླབ་བཏུས་ཀྱི་དགོངས་པ་སྒྲ་ཅི་བཞིན་དུ་ཁས་ལེན་པ་ནི་མཁས་གྲུབ་རྗེ་ཡི་དགོངས་པ་རྨ་མེད་པ་ཡིན་ནོ། །ལེགས་པར་བཤད་པའོ། །
༡༢༽ ཐལ་ཆ་ཆེ་ན་སུ་ཡང་ནོར།
སྤྱིར་ཤ་ཟ་རུང་དང་མི་རུང་གི་རྩོད་པ་འདི་ནི། ལྟ་གྲུབ་དང་ཁས་ལེན་གྱི་འཛིན་མཚམས་ཤིག་ཡིན་པའི་ཆ་ནས་ནི། རང་ཉིད་ཐེག་ཆེན་གྱི་རྗེས་འཇུག་ཏུ་ཁས་ལེན་པའི་བོད་པ་ཞིག་གི་ངོས་ནས་སམ། མཁས་གྲུབ་ཐམས་ཅད་མཁྱེན་པ་སོགས་ཀྱི་གསུང་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་ཕྱིན་ཆད་འདི་ལྟར་ཁས་ལེན་པ་ལས་འོས་མེད་ན་ཡང་། གང་ཟག་སོ་སོའི་ལུས་སེམས་དང་འཚོ་བའི་ཆ་རྐྱེན་མི་འདྲ་བས་ལག་ལེན་གྱི་ཐོག་ནས་ནི། རྒྱ་རིགས་འགའ་ཞིག་གིས་ཤ་ཟ་མཁན་ཡིན་ན་རབ་བྱུང་མ་ཡིན་པར་ངེས་དགོས་པའི་བསམ་ཚུལ་འཛིན་པ་ལྟ་བུ་ཤ་ཟ་མཁན་ཡིན་ན་ཐེག་ཆེན་པ་མ་ཡིན་ནོ་སྙམ་དུ་ཐལ་ཆ་ཅན་གྱི་ལྟ་ཚུལ་འཛིན་པ་ནི། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ཡིན་པས་ཕྱོགས་འདི་ལ་དཀར་ཟས་རང་ལུགས་པ་ཚོས་ཀྱང་ངེས་པར་དུ་མཐའ་གཉིས་སུ་མ་ལྷུང་བ་ཞིག་དགོས་པ་ཡིན་ནོ་ཞེས་ཀྱང་ཞར་ལ་ཞུའོ། །
༡༣༽ མཇུག་བསྡུའི་ཚིགས་བཅད།
ད་ནི་ཉམས་མཚར་གྱི་ཚུལ་དུ་དགེ་བཤེས་མདའ་ཚན་པས་བྲིས་པའི་ཚིག་བཅད་དག་ཅུང་ཟད་ཁ་བསྒྱུར་ནས་ཁོང་ལ་ཕྱིར་དབུལ་བར་བྱ་སྟེ།
ཤ་འགོག་ཀུང་ཟི་(公司)ལ་གནང་བ།
མདའ་ཚན་དགེ་འདུན་འཕྲིན་ལས།
ཚིག་གི་སྡེབ་སྦྱོར་སྤྱིར་བཏང་སྤྱིར་བཏང་ལས།།
དོན་གྱི་བྲོ་བར་བདེན་པའི་མངར་ཁ་ཅན།།
ཧ་ཅང་ལྷོད་ལ་བབས་པའི་སེམས་གཏམ་འདི།།
གོ་མཁན་རིག་མཁན་ཚང་མས་ཁོ་ཚོར་སྐུར།།༽
དཀར་འགོག་ཅི་ཐོན་(集團)ལ་ཕུལ་བ།
ཚིག་གི་སྡེབ་སྦྱོར་སྤྱིར་བཏང་སྤྱིར་བཏང་ལས། །
དོན་གྱི་བྲོ་བར་བདེན་པའི་མངར་ཁ་ཅན། །
ཧ་ཅང་བཟུ་བོས་བྲིས་པའི་སེམས་གཏམ་འདི། །
གོ་མཁན་རིག་མཁན་ཚང་མས་ཁོང་ལ་ཕུལ། །
༼སྲོག་གཅོད་སྡིག་ཆེ་ཟེར་ན་ཤིན་ཏུ་འདོད།།
འདོད་ན་ཤ་ཆོད་ཟེར་ན་རྟགས་མ་གྲུབ།།
མ་བཅད་མི་འགྲིག་རྒྱལ་བའི་རྗེས་འཇུག་པ།།
ཡིན་ཕྱིར་ཟེར་ན་ལོ་དགུར་ཁྱབ་པ་མེད། །༽
སྲོག་གཅོད་སྡིག་ཆེ་ཟེར་ན་ཤིན་ཏུ་འདོད། །
འདོད་ན་ཤ་ཆོད་ཟེར་ན་དེ་ཡང་འདོད། །
མ་བཅད་མི་འགྲིག་ཐེག་ཆེན་རྗེས་འཇུག་པ། །
ཁྱབ་པ་མཁས་གྲུབ་རྗེ་ཡི་གཞུང་གིས་གྲུབ། །
༼ཐུབ་པས་དམར་ཟས་བཀག་པའི་ལུང་ཡོད་ཟེར།།
ཡོད་ཀྱང་འགོག་སའི་གདུལ་བྱ་སུ་རེད་ལྟོས།།
ཉེ་བའི་ཁྱོད་ཚོར་སྔ་ནས་དབང་བསྐུར་བའི།
ཐུབ་དབང་བསྟན་པའི་ཕྱི་དོར་མ་མཐོང་ངམ།།༽
ཐུབ་པས་དམར་ཟས་བཀག་པའི་ལུང་མང་ཡོད། །
འགོག་པའི་གདུལ་བྱ་ཤ་ལ་སྲེད་པ་དང་། །
ཐེག་པ་ཆེ་ལ་ཞུགས་པའི་གང་ཟག་ཡིན། །
ཡིན་ལུགས་ཡིན་ཚུལ་ཐུབ་བསྟན་ཕྱི་དོར་གསལ། །
༼ལུང་ལ་དྲང་ངེས་གཙོ་ཕལ་དངོས་ཤུགས་སོགས།།
ཁྱད་པར་ཐ་དད་སྣ་ཚོགས་བསྟན་བྱའི་རིས།།
ངོ་མཚར་བརྒྱ་ཕྲག་བྲིས་པ་མི་མཐོང་ན།།
འོལ་ཚོད་ཆོས་བཤད་དེ་རིགས་མཚམས་འཇོག་མཛོད།།༽
ལུང་ལ་དྲང་ངེས་གཙོ་ཕལ་དངོས་ཤུགས་སོགས། །
ཁྱད་པར་ཐ་དད་སྣ་ཚོགས་མང་ན་ཡང་། །
དངོས་བསྟན་བཞེད་མཚམས་ཙམ་ཡང་མ་ཤེས་ན། །
འོལ་ཚོད་ཆོས་མིན་སྨྲ་བ་མཚམས་འཇོག་མཛོད། །
༼རྨིག་གཅིག་སྡེར་ཅན་བཀག་པའི་ཕ་རོལ་ན།།
ཐུབ་པས་ཉན་ཐོས་རྣམས་ལ་གནང་བའི་ཟས།།
ཅི་དང་གང་ཡོད་སྐོར་གྱི་ལྟད་མོ་ཡོད།།
ཚིག་ཙམ་སྐྱབས་སུ་བཟུང་ན་གཞུག་སྡུག་མང་།།༽
རྨིག་གཅིག་སྡེར་ཅན་བཀག་པའི་ཕ་རོལ་ན། །
ཉན་ཐོས་ལ་ཡང་སྲེད་པས་མ་གནང་བའི། །
མཁས་གྲུབ་རྗེ་ཡི་བཞེད་པར་གཡོལ་བ་ཡི། །
ཕྱོགས་རེའི་རྫུན་གཏམ་སྨྲས་ན་གཞུག་སྡུག་མང་། །
༼མཐོང་ཐོས་རྣམ་གསུམ་དག་པ་གནང་བ་ཡང་།།
བག་མེད་ཅི་དགར་རོལ་ཆོག་ལབ་ཀྱིན་མེད།།
ད་དུང་འཕྲལ་དང་ཕུགས་ཀྱི་ཞིབ་ཆ་སོགས།།
ཞིབ་ཏུ་འདོད་ན་མཁས་པའི་གཞུང་ལ་དྲིས།།༽
མཐོང་ཐོས་རྣམ་གསུམ་དག་པ་གནང་བ་ཡང་། །
ཤ་ཡི་རོ་ལ་སྲེད་པ་མེད་པར་དགོངས། །
ད་དུང་འཕྲལ་དང་ཕུགས་ཀྱི་ཞིབ་ཆ་རྣམས། །
ཤེས་པར་འདོད་ན་མཁས་པའི་གཞུང་ལ་དྲིས། །
༼ཕྲ་ཞིབ་རིགས་པའི་ལམ་ལ་མི་དགའ་བའི།།
བམ་ལྟ་རགས་བཤད་བྱེད་པའི་ཆོས་པ་ཚོ།།
དཔྱོད་ཤེས་ནོར་གྱིས་ཕྱུག་པའི་མདུན་ས་ན།།
བདེན་པའི་ལན་གྱིས་ཕོངས་པའི་རྩེད་ཆས་ཙམ།།༽
ཕྲ་ཞིབ་རིགས་པའི་ལམ་ལ་ཁྱད་གསོད་ཅིང་། །
བམ་ལྟ་རགས་བཤད་བྱེད་པའི་དགེ་བཤེས་ལགས། །
དཔྱོད་ཤེས་ནོར་གྱིས་ཕྱུག་པའི་མདུན་ས་ན། །
སྨྲས་ཚད་རྫུན་དུ་སོང་བ་གཟིགས་ལགས་སམ། །
༼ཚད་ལྡན་གཞུང་དང་གཞུང་འགྲེལ་མ་མཐོང་བར།།
ཉ་དང་ཉུང་མ་བསྲེས་པའི་ཆོས་བཤད་དེ།།
ཆོས་དང་ཆོས་སྨྲ་ཡོངས་ཀྱི་ཞབས་འདྲེན་དང་།།
འུར་གྱི་སྣ་འདྲེན་ཙམ་ལས་ཅི་ཡང་མིན།།༽
ཚད་ལྡན་གཞུང་དང་གཞུང་འགྲེལ་མཇལ་ན་ཡང་། །
ནང་དོན་ལོག་པར་འགྲེལ་བའི་ཆོས་བཤད་འདི། །
མཚན་ཉིད་སྨྲ་བ་ཡོངས་ཀྱི་ཞབས་འདྲེན་དང་། །
འུར་གྱི་སྣ་འདྲེན་ཙམ་ལས་ཅི་ཡང་མིན། །
༼རྒྱན་དྲུག་མཆོག་གཉིས་རྒྱལ་བ་གཉིས་པ་སོགས།།
རྒྱ་བོད་མཁས་པའི་གཞུང་ལས་མ་ཐོན་པའི།།
ཤ་འགོག་ཆོ་ག་སྤེལ་བའི་ཆོས་པ་ཚོ།།
ཀུན་གྱི་མིག་ལ་ཐོགས་པའི་ཚེར་མ་ཡིན།།༽
ཞི་བ་ལྷ་དང་དགེ་ལེགས་དཔལ་བཟང་སོགས། །
རྒྱ་བོད་མཁས་པའི་གཞུང་དང་དངོས་འགལ་བའི། །
དཀར་འགོག་རྩོམ་ཡིག་འབྲི་བའི་ཐེག་ཆེན་པར། །
ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །
༼ཁུངས་བཙུན་འགྲེལ་བ་འགྲེལ་བཤད་མ་བཙལ་བར།།
རང་སྣང་གང་ཤར་བཀའ་ལ་དབང་ཟ་བའི།།
ཆོས་སྨྲ་སྙིང་ཁམས་ཆེ་བ་མང་བ་འདི།།
བསྟན་ལ་རྨ་ཁ་བཟོ་བའི་ལྟས་སུ་འཁུམས།།༽
ཁུངས་བཙུན་འགྲེལ་བའི་དགོངས་པར་མ་དཔྱད་པར། །
རང་སྣང་གང་ཤར་གཞུང་ལ་དབང་ཟ་བའི། །
དཀར་འགོག་མདའ་ཚན་སྙིང་ཁམས་ཆེ་བ་འདི། །
བསྟན་ལ་རྨ་ཁ་བཟོ་བའི་ལྟས་སུ་འཁུམས། །
༼འགའ་རེས་མ་ཤེས་རི་བོང་ཅལ་འདྲོག་དཔེར།།
སོང་བའི་གཏམ་རྒྱུད་མུ་རུ་སྐྱོང་བ་སྣང་།།
ལ་ལས་ཤེས་བཞིན་ཁྲི་དང་མིང་གི་ཕྱིར།།
སྤྱི་དོན་མེ་བཙས་ཟིན་ཁུལ་བྱེད་པའང་ཡོད།།༽
འགའ་རེས་མ་ཤེས་རི་བོང་ཅལ་འདྲོག་གི །
གཏམ་རྒྱུད་མུ་རུ་སྐྱོང་བ་སྐྱོན་ཆུང་ཡང་། །
ལ་ལས་ཤེས་བཞིན་ཤ་ཡི་ཟས་ཀྱི་ཕྱིར། །
གཞུང་དོན་ལོག་པར་འགྲེལ་བ་བློ་རེ་ཕམ། །
༼དུས་ཆེན་དམིགས་སུ་བཟུང་བའི་དགེ་སྒྲུབ་ལ།།
རྒྱུ་མེད་རྩོད་པའི་རྙོག་གྲ་བཟོ་འདོད་མེད།།
འོན་ཏེ་ཤེས་རབ་གྲོགས་ཀྱིས་མ་ཟིན་པའི།།
ཕྱིན་དྲུག་ལྷག་མ་ཇི་ལྟར་གསུངས་ལ་སོམས།།༽
དུས་ཆེན་དམིགས་པའི་དགེ་བ་སྒྲུབ་པ་ལ། །
དད་ལྡན་སེམས་ལ་ཐེ་ཚོམ་བསྐྱེད་མི་རུང་། །
འོན་ཏེ་སྙིང་རྗེའི་གྲོགས་ཀྱིས་མ་ཟིན་པའི། །
ཕྱིན་དྲུག་ལྷག་མ་ཇི་ལྟར་ཡོད་པ་སོམས། །
༼སྤྱིར་ན་ཁུངས་དང་ཀུན་སློང་གཙང་ས་ནས།།
ཤ་ཡི་ཉེས་དམིགས་ཁྲག་གི་འཇིགས་སྣང་སོགས།།
ཅི་ཞིག་ལབ་ཀྱང་སྙིང་ནས་ཡི་རངས་ལས།།
མི་འདོད་ཐལ་བའི་ཀླན་ཀ་གཞར་ཡང་མེད།།༽
སྤྱིར་ན་ཁུངས་དང་ཀུན་སློང་གཙང་ས་ནས། །
མཐའ་གཉིས་སྤངས་པའི་དཀར་ཟས་དར་སྤེལ་ཐད། །
བསམ་ཚུལ་གང་ཡོད་སྙིང་ནས་ཡི་རངས་ལས། །
མི་འདོད་ཐལ་བའི་ཀླན་ཀ་གཞར་ཡང་མེད། །
༼ཚིག་སྦྱོར་ཕྱི་པགས་བརྩོག་གམ་ཡག་ཀྱང་རུང་།།
ངག་གི་སྒྱུ་རྩལ་ཡོད་དམ་མེད་ཀྱང་ཆོག།
དོན་ལ་ཞིབ་དཔྱོད་ཀླུ་དབང་གདེངས་ཀ་ལས།།
ཆོས་ཀྱི་གྲུ་ཆར་འབེབ་དགོས་ཨ་མའི་བུ།།༽
ཚིག་སྦྱོར་ཕྱི་པགས་རྩོག་གམ་ཡག་ཀྱང་རུང་། །
ངག་གི་སྒྱུ་རྩལ་ཡོད་དམ་མེད་ཀྱང་ཆོག །
དོན་ལ་ཞིབ་དཔྱོད་ཀླུ་དབང་གདེངས་ཀ་ནས། །
བདེན་པའི་གྲུ་ཆར་འབེབ་དང་ཨ་མའི་བུ། །
༼གཞན་གྱི་དེ་ཉིད་གདན་དུ་འདིང་འདོད་མེད།།
རང་གི་རྣམ་དཔྱོད་སུ་ལའང་ངོམ་འདོད་མེད།།
འོན་ཀྱང་བདེན་ལུགས་སྨྲ་ལ་དགའ་བ་ཡོད།།
གདོང་མཆོང་རྒོལ་བ་སྲིད་ན་ལན་ཡང་ཡོད།།
ཉིས་སྟོང་བཅོ་བརྒྱད་ལོའི་ས་ག་ཟླ་བའི་ཚེས་བདུན་ལ་བྲིས།༽
གཞན་གྱི་དེ་ཉིད་གདན་དུ་འདིང་འདོད་མེད། །
རང་གི་རྣམ་དཔྱོད་སུ་ལའང་ངོམ་འདོད་མེད། །
གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །
གཞན་གཞུང་འཇིག་པར་གྱུར་ན་ཉེས་པ་མེད། །
(རྐང་པ་གཉིས་འདི་དབུ་འཇུག་གི་ཚིག་གཡར)
སྤྱི་ལོ་༢༠༡༨ ལོའི་ས་ག་ཟླ་བའི་ཚེས་བརྒྱད་ཀྱི་ཉིན། (2018/5/22) ཨོ་གླིང་གི་གླིང་ཕྲན་ཐྲ་སི་མ་ནི་ཡའི་རི་ངོགས་ཤིག་ནས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་དྲི་མ་མེད་པའི་ཤེས་རབ་ཀྱི་རྗེས་སུ་དྲན་པ་ཉེ་བར་བཞག་པའི་བློས་ཕྱི་དྲོའི་ཐུན་གྱི་ཆ་ལ་རྫོགས་པར་བྲིས་པ་འདིས་ཀྱང་གཞན་ལ་ཕན་ཐོགས་པར་གྱུར་ཅིག །
ཡག་པོ་བྲིས་འདུག ཐེག་པ་ཆེ་ཆུང་གང་ཡིན་ཀྱང་སེམས་ཅན་གཅིག་གི་བ་སྤུ་ལའང་གནོད་པ་བྱེད་ག་ལ་རུང་། དེས་ཕྱིར་ཐེག་པ་ཆེ་ཆུང་གང་ཡིན་ཀྱང་ཤ་ནི་ངེས་པར་དུ་སྤང་དགོས་སོ། གལ་ཏེ་རང་ཉིད་རྟོགས་པ་མཐོན་པོར་སླེབས་ཚེ་གང་ཡང་རུང་བ་ལྟ་བུ་ལགས་སོ། སྙིང་རྗེའི་དབང་གིས་སེམས་ཅན་དེའི་ཤ་ཟོས་པ་ཙམ་གྱིས་སེམས་ཅན་དེ་ཐར་བ་ཐོབ་པ་ལྟ་བུའོ། །
བཀླགས་ཟིན།
ཡག་པོ་འདུག
ཐེག་ཆེན་པས་ཤ་ཟ་མི་རུང་བ་དང་། འདུལ་བ་ན་གནང་ནས་བཀག་པ་དང་། བཀག་ནས་གནང་བའི་ཞིབ་ཆ་ཡོད་པར་སྙམ། འདུལ་བར་ཤ་བཀག་ཀྱང་ནད་པ་ལ་གནང་བར་བཞེད་དམ། ཡང་ན་མ་བཀག་པར་འདོད་དམ། སྤྱིར་ཤ་ཟ་མི་རུང་བ་དང་དགེ་སློང་གི་ཤ་ཟ་མ་རུང་བ་གཉིས་པ་ཁྱད་པར་ཡོད་དམ། དགེ་སློང་གིས་ཟ་མི་རུང་ན་གྲོང་བས་ཟ་མི་རུང་བ་ཨེ་ཡིན་ནམ། ཤ་ཟ་ན་དཔལ་འབྱོར་ལགནོད་མིན་དང་འཕྲོད་རྟེན་ལ་གནོད་མིན་སོགས་དཔྱད་ན་ཡག་པོ་འདུག
ཤ་ཟ་བ་འགྲིག་མིན་དེ་བཅས་པའི་ཁ་ན་མ་ཐོ་བ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཉིས་ལས་གང་ལ་བལྟས་དེ་དཔྱད་གཙོ་བོ་ཡིན་དགོས་སམ།
ཧཧ་་ཡ་ཡ་་་མི་དེ་ཚོས་དྲན་ཚོད་ལ་འབྲི་བཞིན་འདུག་པས་ངས་ཀྱང་རང་གི་ཚོར་སྣང་བྲིས་པ་ཡིན།
༼གཞན་གྱི་དེ་ཉིད་གདན་དུ་འདིང་འདོད་མེད།།༽
གཞན་གྱི་དེ་ཉིད་གདན་དུ་འདིང་འདོད་འདུག།
༼རང་གི་རྣམ་དཔྱོད་སུ་ལའང་ངོམ་འདོད་མེད།།༽
རང་གི་གཡོ་སྒྱུ་ཀུན་ལ་ངོམ་འདོད་འདུག །
༼འོན་ཀྱང་བདེན་ལུགས་སྨྲ་ལ་དགའ་བ་ཡོད།།༽
འོ་རེད་བརྫུན་གཏན་སྨྲ་ལ་དགའ་བོ་འདུག །
༼གདོང་མཆོང་རྒོལ་བ་སྲིད་ན་ལན་ཡང་ཡོད།།༽
གདོང་མཆོག་རྒོལ་བ་འདི་ལ་ལན་མི་འདུག
༼ཚད་ལྡན་གཞུང་དང་གཞུང་འགྲེལ་མ་མཐོང་བར།།
ཉ་དང་ཉུང་མ་བསྲེས་པའི་ཆོས་བཤད་དེ།།
ཆོས་དང་ཆོས་སྨྲ་ཡོངས་ཀྱི་ཞབས་འདྲེན་དང་།།
འུར་གྱི་སྣ་འདྲེན་ཙམ་ལས་ཅི་ཡང་མིན།།
ཚད་ལྡན་གཞུང་དང་གཞུང་འགྲེལ་མཇལ་ན་ཡང་། །
ནང་དོན་ལོག་པར་འགྲེལ་བའི་ཆོས་བཤད་འདི། །
མཚན་ཉིད་སྨྲ་བ་ཡོངས་ཀྱི་ཞབས་འདྲེན་དང་། །
འུར་གྱི་སྣ་འདྲེན་ཙམ་ལས་ཅི་ཡང་མིན། །༽
ཚད་ལྡན་གཞུང་དོན་ལེགས་པར་ཤེས་བཞིན་དུ།།
འུར་འདྲེན་ཕྲ་མེན་མ་ཡི་རྩོམ་ཡིག་འདི།།
མོ་སྡོམ་ལྡན་ཤོར་གཉིས་ཀྱི་ཞབས་འདྲེན་ལས།།
མཁས་པ་མགུ་བ་བསྐྱེད་པའི་གཏམ་ཞིག་མིན།།
མཁས་གྲུབ་རྗེས། ཤ་ཟ་རུང་མིན་དེ་ཤ་ལ་སྲིད་པ་ཡོད་མེད་ཐད་ནས་ཞིབ་ཆ་དེ། ཧ་ཅང་ཐལ། དེ་ཡིན་ན། འདུལ་བ་ལས། ཤ་ཟ་རུང་མིན་བཤད་སྐབས་བྱ་གག་ལ་སོགས་པའི་ཤ་ཟ་མི་རུང་བ་བཤད་པ་སོགས་སྲོག་ཆགས་ཁ་ཤས་ཀྱི་ཤ་ཟ་རུང་བ་དང་། ཁ་ཤས་ཟ་མི་རུང་བཤད་པ་ལ་དགོས་མེད་དུ་ཐལ་བ་དང་། ཞེན་ཆགས་མེད་ན་སྔགས་ལ་རྟ་ཤ་གླང་ཤ་རོལ་བ་བཞིན་ཀུན་གནང་འོས་པ་ལས་ཤ་ཡི་ཆད་ཕྱེ་མི་རིགས་པ་ཐལ་བ་ཡོད། ཁ་ཟས་སྲིད་པ་བྲལ་བ་དགྲ་བཅོམ་མ་གཏོགས་མེད་པས་སྐབས་འདིའི་ལྟུང་བའི་གླེང་གཞི་དང་འགལ་བ་ཆགས་ཡོད།
དགེ་སྦྱོང་ལ་ཤ་བཀག་པ་དེ་ལྷས་བྱིན་གྱི་ལུགས་ཡིན་ནམ།
ཉེར་ཆར་སྟོན་པའི་མཛད་རྣམ་ཞིག་གློག་བརྙན་དུ་འཁྲབ་པར་མཇལ་རྒྱུ་བྱུང་།
རྣམ་པ་ཚོས་ཀྱང་གཟིགས་ཡོད་སྲིད་པ་རེད།
ལྷས་བྱིན་གྱིས་སངས་རྒྱས་ལ་འགྲན་སློང་ཕྱིར་བསླབ་པའི་གཞི་ལྔ་བྱས་པ་ལས་
ཤ་ཟ་མི་ཆོག་པ་བཟོས་ཀྱང་སངས་རྒྱས་ཀྱིས་ཞལ་གཞེས་མ་ཐོབ་པར་
ཤ་ཟ་ཆོག་པར་འཁྲབ་པ་བསྟན་བྱུང་།
གློག་བརྙན་དེས་གཞིས་གང་ལ་བཅོལ་ནས་འཁྲབ་པ་ཡིན་ནམ།
ཤ་བཀག་པ་ལྷས་བྱིན་གྱི་ལུགས་མིན་ནམ།
ཉན་ཐོས་ལ་ཤ་བཀག་པ་མེད་ཀྱང་། ཐམས་ཅད་དུ་གནང་བའང་མེད། བྱང་སེམས་ལ་ཤ་མི་གནང་ཡང་། བྱང་ཆུབ་སེམས་དཔས་ཤ་བཟས་ན། བྱང་ཆུབ་སེམས་དཔའ་མིན་པར་ག་ལ་འགྱུར། གསང་སྔགས་ལ་་་་་་་་
ཀ་ཡེ་མི་རིགས་སྤྱི་དང་བོད་རིགས་དད་ལྡན་ཚོས། །
ཁ་ལ་དཀར་སྐྱོང་སྔོ་ཚལ་འབྲུ་རིགས་མང་ཙམ་བཟོ། །
ག་དུས་ཡིན་ཡང་ཤ་ཆང་ཚྭ་ཚིལ་རན་པར་སྤྱོད། །
ང་དང་ང་འདྲས་རང་དོན་རང་བྱེད་འཕྲོད་བསྟེན་རྩོནད། །
ས་པཎ་གྱིས། ཉན་ཐོས་རྣམ་གསུམ་དག་པའི་ཤ །བཟའ་རུང་གལ་ཏེ་མི་ཟ་ན། །ལྷས་བྱིན་གྱི་ནི་བརྟུལ་ཞུགས་འགྱུར། །ཐེག་པ་ཆེ་ལས་ཤ་རྣམས་བཀག །ཟོས་ན་ངན་འགྲོའི་རྒྱུ་རུ་གསུངས། །ཞེས་གསུངས་པའི་རྣམ་གསུམ་དག་པའི་ཤ་ནི་བཟའ་བའི་ཆེད་དུ་བསད་པ་ཡིན་པའི་མཐོང་ཐོས་དོགས་གསུམ་མེད་པ་ཞིག་ལ་གསུངས་ན། དེང་སང་བཟའ་བའི་ཆེད་དུ་བསད་པ་མ་ཡིན་པའི་ཤ་་ནི་ཤིན་ཏུ་རྙེད་དཀའ་བས་སྟོན་པའི་རྗེས་འཇུག་འཁོར་རྣམ་གསུམ་གྱི་ཁོངས་སུ་གཏོགས་པ་སུ་ཡིན་ཡང་ཤ་བཟར་རུང་བའི་གོ་སྐབས་ཕྲ་ཡང་། བོད་ཀྱི་འབྲོག་པ་དང་། རྒྱ་མཚོའི་འགྲམ་གྱི་ཉ་པ་རྣམས་ཤ་མི་བཟའ་བའི་ཐབས་ཅི་ཡང་མེད། ཤི་ཤ་བཟའ་བ་དང་གཞན་རྣམས་སྙིང་རྗེ་བཞིན་དང་འགྱོད་བཞིན་གང་ཉུང་བཟའ་བའི་སེམས་འཆང་རྒྱུ་གལ་ཆེ་སྙམ། དཀར་སྐྱོང་གི་མཐུན་རྐྱེན་འཛོམ་ས་རྣམས་སུ་ནི་དཀར་སྐྱོང་ཤིན་ཏུ་གལ་ཆེ་བས་དེ་ལྟར་གནང་མཁན་རྣམས་ལ་རྗེས་སུ་ཡི་རང་ཞུ།
ད་ནི། ཤའི་གནང་བ་ཡོད་ཟེར་བའི་མདོ་དེ་དག་སངས་རྒྱས་ཀྱི་གསུང་དངོས་ཡིན་མིན་ལ་དངོས་གནས་དོགས་པ་ཡོང་གི་འདུག་ལ། མདོ་དེ་ཚོའི་ནང་ང་ལྟ་བུ་ཤ་དགའ་མཁན་ཁྲག་འཇིབ་མཁན་ཞིག་གིས་ལྷན་པ་བརྒྱབ་ཡིན་རྒྱུ་རེད་མ་གཏོགས། འོ་སྐོལ་གྱི་ སྟོན་པ་ནི་སེམས་ཅན་འབུ་སྲིན་ཕྲ་མོ་ཡན་ཆོད་ལ་གནོད་པར་མི་རྩོམ་ཞིང་སེམས་ཅན་གཅིག་ཀྱང་བརྩེ་བས་མི་འདོར་བར་སྙིང་རྫེ་ཁོ་ནས་གཟིགས་པས་ན། རྣམ་གསུམ་དག་པའི་ཤ་ཟེར་བ་དང་ གསང་སྔགས་ཀྱི་ཚོགས་ཤ་ཟེར་བ། སྲེད་མེད་དང་སྙིང་རྗེའི་ཤའི་གནང་བ་བསྩལ་ཡོད་པར་སྒྲུབ་པ་ནི། ངས་ཤ་ཟ་བའི་རྩིས་མེད་ཀྱང་སངས་རྒྱས་ཀྱིས་ཟོ་ཟེར་གི་ཟེར་ནས་སྟོན་པ་ལ་སྐུར་བ་འདེབས་པ་ཁོ་ནའོ།
དེ་ཡང་སྐབས་དེའི་གྲྭ་བ་རྣམས་བསོད་སྙོམ་ལ་བརྟེན་ནས་འཚོ་དགོས་བས་ཡོན་བདག་གིས་ཤ་ཕུལ་ན་ཤ་ཟ་དགོས་ནི་རེད་ཟེར་བ་སོགས་ལའང་རྒྱུ་མཚན་མི་འདུག བསམ་བློ་སྟབས་བདེ་ཞིག་གཏོང་ཁུལ་བྱས་ནའང་། ཡོན་བདག་ཞིག་ལ་མཚོན་ན་ཤ་འབུལ་རྒྱུ་ལས་ངང་ལག་ཞིག་འབུལ་ན་སྟབས་བདེ་དང་ལས་སླ་མོ་ཡིན་པ་གདོན་མི་ཟ་ལ། བསོད་སྙོམས་བཞེས་མཁན་གྱི་ངོ་ནས་ཤ་མི་ཟ་་བའི་དམ་བཅའ་བརྟན་པོ་ཡོད་ན་མང་ཚོགས་ཀྱིས་ལྷུང་བཟེད་ནང་ཤ་འཇོག་གི་མ་རེད།