ཆོས་དང་འཇིག་རྟེན་གཉིས་མེད་སེངྒེའི་ལུས།།
ཆོས་མེད་སྤྱོད་པའི་སྤྲང་པོ་ང་འདྲ་ལ།།
ཆོས་གཏམ་སྨྲ་བའི་འོས་བབས་མ་མཆིས་ཀྱང་།།
ཆོས་ལྡན་རྗེ་བོའི་བཀའ་བཞིན་ཚིག་འགའ་ཞུ།།
སངས་རྒྱས་འཕྲིན་ལས་ཉི་མའི་འོད་ཟེར་དང་།།
སྔོན་སྨོན་བཟང་པོའི་ཆུ་ལུད་འཛོམས་པ་ལས།།
དགེ་བའི་ས་བོན་སྟོབས་ཤུགས་སྨིན་པ་ཁྱོད།།
མངའ་ཐང་རྒྱས་པའི་དཔོན་གྱི་རིགས་སུ་འཁྲུངས།།
དེས་ན་ཁམས་གསུམ་འགྲོ་བའི་བདེ་སྐྱིད་ཀུན།།
འབྱུང་བའི་སྒོ་མོ་སངས་རྒྱས་བསྟན་པ་ལ།།
སྒོ་གསུམ་འབད་པས་སྲི་ཞུ་སྒྲུབ་པ་འདི།།
ལས་སུ་བྱ་བ་ཀུན་གྱི་ཐོག་མ་ལགས།།
གང་དུ་མཁས་དང་གྲུབ་པ་བཞུགས་གྱུར་པ།།
དེ་ན་ལུང་དང་རྟོགས་པའི་བསྟན་པ་གནས།།
ཇི་སྲིད་བཤད་དང་སྒྲུབ་པའི་སྲོལ་གནས་པ།།
དེ་སྲིད་བར་དུ་དམ་པའི་སྐྱེས་བུ་འབྱུང་།།
དེས་ན་དྲི་མེད་བསྟན་པའི་པད་དཀར་ཚལ།།
བདེ་སྐྱིད་དབྱར་གྱི་དཔལ་དུ་གནས་པ་འདི།།
བློ་གསལ་ངང་མོའི་ཁྱུ་ཡིས་རབ་བརྟེན་པའི།།
འཆད་ཉན་འོ་མའི་ཆུ་མཚོ་ཉིད་ལ་རག།
སྡེ་སྣོད་འཆད་ཉན་བྱེད་པའི་མཁས་པ་དང་།།
དེ་དོན་ཉམས་སུ་ལེན་པའི་སྒོམ་ཆེན་གྱིས།།
བཀྲ་ཤིས་ལྷ་ཡི་སྒང་རྒྱུད་ཀུན་ཁྱབ་པའི།།
དགེ་འདུན་སྡེ་གཉིས་སྤེལ་བའི་མཛད་སྒོ་སྐྱོངས།།
མངའ་རིས་འབངས་ཀྱི་རི་བོ་མཐོན་པོའི་རྩེར།།
དཔལ་དང་འབྱོར་བའི་གངས་ཀྱི་ཅོ་པཎ་ལ།།
རྟག་ཏུ་གནས་པའི་མི་རྗེ་གདོང་ལྔ་པ།།
ཡངས་པའི་སྤྱན་གྱིས་ཕྱོགས་བཅུར་གཟིགས་པར་འཚལ།།
གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་བ་ཡི།།
རིག་འཕྲུལ་ཐབས་ཤེས་གློག་གི་སྒྲོན་མ་ཡིས།།
དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པའི།།
སྐྲ་སེར་སྤྲེའུའི་རིགས་ལ་ཐུགས་ཟོན་འཚལ།།
ཐོས་བསམ་སྒོམ་པའི་ཞིང་ས་གཤིན་པོ་ལ།།
རང་རིག་རྟོགས་པའི་སྙེ་མ་རབ་འཁྲུངས་པའི།།
དམ་པའི་སྐྱེས་བུ་གང་དུ་བཞུགས་ཀྱང་རུང་།།
ཟོལ་མེད་གཙུག་གི་རྒྱན་དུ་འཛིན་པར་འོས།།
སྐྱ་སེར་གང་ཡང་མིན་པའི་ཆ་ལུགས་ལ།།
ཕྱི་ནང་གང་ཡང་མེད་པའི་ཆོས་ལུགས་ཅན།།
རྒྱ་བོད་བསྐོར་བའི་ཨ་མདོ་ང་འདྲའི་རིགས།།
སྐབས་འགར་དགྱེས་པའི་སྤྱན་གྱིས་བསྐྱངས་པར་འཚལ།།
ཞེས་འབྲུག་བཀྲིས་སྒང་རྫོང་དཔོན་འཕྲིན་ལས་འོད་ཟེར་གྱིས་ངོར་ཨ་མདོ་པ་དགེ་འདུན་ཆོས་འཕེལ་གྱིས་བྲིས་པའོ།།
ཟུར་མཆན། འབྲུག་པ་གྲོགས་པོ་ཞིག་གིས་མཁོ་སྤྲོད་གནང་བའི་རྩོམ་ཡིག་འདིའི་མ་ཕྱི་ལ་མཚན་བྱང་མེད་པས་༼མཁས་དབང་དགེ་ཆོས་མཆོག་གི་སྙན་རྩོམ་གསར་པ་ཞིག་༽ཅེས་བྲིས་ནས་ཁ་བརྡ་དྲ་དེབ་ཏུ་འགོད་རྒྱུར་ཕྲན་དོལ་སྨྱོན་གྱིས་རྒྱ་གར་ནས་སྤྱི་ཟླ་ ༨ ཚེས་ ༡༤ ལ་ཕུལ།
དོལ་པོ་སྨྱོན་པ་ལགས། ངས་ནི་རྩོམ་འདི་མཐོང་ཟིན་འདུག
ད་ལྟ་གང་ནས་ཀློག་པ་དྲན་གསོས་ཀྱི་མི་འདུག རྩོམ་ཡིག་འདི་ངས་ཀྱང་སྔ་མོ་ཞིག་ཀློག་ཟིན་འདུག ཕལ་ཆེར། བོད་ནང་དུ་དཔར་བསྐྲུན་བྱས་པའི་དེབ་དམར་པོ་གསུམ་གྱི་ནང་གི་སྙན་རྩོམ་མང་བོ་ཡོད་ས་དེ་ཡི་ནང་དུ་ཡིན་པ་འདྲ། དེ་ཡི་ནང་དུ་མིན་ན་འཛམ་གླིང་རིག་པའི་དབའ་བོ་རྡོ་བྲག་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་ནང་ཡིན་ན། དེ་མིན་དགེ་ཆོས་ཀྱི་སྙན་རྩོམ་ཕྱོགས་བསྒྲིགས་ཤིག་ཡོད་པ་དེ་དག་གང་རུང་ཞིག་ནས་མཐོང་ཟིན་འདུག ད་ལྟ་དེབ་དེ་དག་གཅིག་ཀྱང་ལག་ཐོག་དུ་མེད་དུས་མི་ཤེས་ཀི གང་ལྟར། འདི་རུ་དགེ་ཆོས་ཀྱི་རྩོམ་ཡིག་འདི་བསྐྱར་འགོད་བྱས་པ་དེ་ཡང་ཡག་པོ་འདུག
གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་བ་ཡི།།
རིག་འཕྲུལ་ཐབས་ཤེས་གློག་གི་སྒྲོན་མ་ཡིས།།
དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པའི།།
སྐྲ་སེར་སྤྲེའུའི་རིགས་ལ་ཐུགས་ཟོན་འཚལ།།
ཚིགས་བཅད་འདི་གསུང་འབུམ་གྱི་ནང་དུ་ཡོད་པ་དྲན་གྱི་འདུག་ལ་གཞན་པ་རྣམས་ང་ལ་ནི་གསར་པ་རང་ཆག་སོང་།
མཆན་་་་་གོང་གི་ ཕྱི་ནང་གང་ཡང་མེད་པའི་ཆོས་ལུགས་ཅན།། ཞེས་པ་ལ་ ཕྱི་ནང་གང་ཡང་མིན་པའི་ཆོས་ལུགས་ཅན།། ཞེས་བཅོས་རོགས།
ང་ཚོ་ཟླ་དྲུག་ཡིག་ཚད་རན་སོང་བས་བདུན་གཅིག་གི་རྗེས་སུ་མཇལ་ཡོང་ དྲ་གྲོགས་ཚོས་ཡིག་ཚད་ལ་ཐུགས་སྨོན་གནང་རོགས་ བཀྲ་ཤིས་བདེ་ལེགས།།
དགེ་ཆོས་ཀྱི་རྩོམ་ཡིག་འདི་དག་་་་ང་རང་བོད་ནང་ཡོད་དུས་ཐེངས་མང་བོ་བཀླགས་མྱོང་ཡོད་མོད་་་་ད་སྐབས་དེབ་གང་ཞིག་ནས་མཇལ་སོང་བ་གསལ་བོ་མི་དྲན། ལྷག་པར་དུ་དགེ་ཆོས་ཀྱི་རྩོམ་ཡིག་དག་གིས་་ད་སྐབས་སྙན་ངག་གི་བྲོ་བ་ཅུང་མྱོང་ཤེས་པ་འདི་ཡང་ཁོང་གི་བཀའ་དྲིན་ཡིན་དྲན་བཞིན་ཡོད།
ཁོར་ཡུག་རི་བོར་གསེར་གྱིས་བསྐངས་ཀྱང་ཁུག་མིན་རིག་པའི་དཔའ་བོ་ཞིག །
དབང་ཡོད་དབང་མེད་སྤྱང་ཚོགས་དག་གིས་བདག་མེད་དྭ་ཕྲུག་ལུ་གུ་བཞིན། །
ཉེས་མེད་བཙོན་གྱི་རྡོ་ཡི་ར་བར་གཡས་འཐེན་གཡོན་འཐེན་བྱས་པའི་སྐོར། །
ལོ་རྒྱུས་ཁག་ལས་མཐོང་ཐེངས་རེ་ལ་མིག་ཆུ་ཤོར་བ་ཉུང་ཉུང་མིན། །
གྲོགས་པོ་ལགས། དགེ་ཆོས་ཀྱི་རྩོམ་ཡིག་འདི་འཇུ་བསྟན་སྐྱོང་གིས་དགེ་ཆོས་འབྲུག་ཡུལ་དུ་ཕེབས་པའི་སྐོར་ཞེས་པའི་ཆེད་རྩོམ་དུ་སྔ་མོ་ནས་བཀོད་ཟིན་འདུག་ལ། ཆེད་རྩོམ་དེར་ད་དུང་དགེ་ཆོས་ཀྱི་རྩོམ་གསར་བ་གཉིས་ཙམ་བཀོད་པ་དྲན་གི་འདུག་ལ། དེ་ནི་དུས་བབ་ཡིན་ནམ་ཁ་བརྡ་གང་རུང་གི་སྟེང་དུ་བཀོད་ཡོད་ངེས་ཡིན་འཚོལ་ཞིབ་ཀྱིས་དང་།