རྫ་ཚེ་རིང་བཀྲ་ཤིས།
གླེང་གཞི།
༢༠༡༡ཟླ༤ཚེས་༨ཉིན། ཁོ་བོ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་གྲོང་ཁྱེར་ལྟེ་བའི་བཞུགས་གནས་མགྲོན་ཁང་དུ་མཁས་དབང་ནམ་མཁའི་ནོར་བུ་མཆོག་གི་མདུན་དུ་ཆེད་བཅར་ཞུ་རྒྱུའི་གོ་སྐབས་བྱུང་ཞིང་། བཀའ་མོལ་ཡང་མང་པོ་ཞིག་ཡར་ཞུ་ཕྱིར་གསུངས་བྱས། སྐབས་དེར་སྐད་ཆའི་ནང་དོན་སྒྲ་འཇུག་ཏུ་ཡོད་པ་ཁག་ནམ་མཁའི་ནོར་བུས་གསར་རྙིང་གི་བོན་གླེང་བ། ནམ་མཁའི་ནོར་བུས་རང་ཉིད་ཀྱི་འདས་སོང་དྲན་པ། ནམ་མཁའི་ནོར་བུས་ཉེ་དུས་ཀྱི་ཕྱག་ལས་བརྗོད་པ་སྟེ་དོན་ཚན་གསུམ་དུ་བགོས་ནས་ཡི་གེར་བཀོད་པ་ཡིན་ལ། ཉེ་ཆར་དྲ་ཐོག་ཏུ་དུམ་ཚན་དང་པོ་ཙམ་ཞིག་འགྲོ་བཞིན་འདུག་མོད། དེ་ཡང་ཕྲིན་སྟེགས་འགའ་ཞིག་གིས་མི་གཞན་གྱིས་བཅར་འདྲི་ཞུས་པ་ཡིན་པ་སྐད་དུ་སྤེལ་བཞིན་འདུག་པས་དོན་དངོས་བརྟན་དུ་གནས་པའི་ཕྱིར་དུ་ཆ་ཚང་འདིར་བཀོད་པ་ཡིན་ནོ། །
དང་པོ། ནམ་མཁའི་ནོར་བུས་གསར་རྙིང་གི་བོན་གླེང་བ།
དེ་ཡང་གུས་པས་རིན་པོ་ཆེར། ཉེ་ཆར་གློ་སྨོན་ཐང་གི་ཕྱོགས་ཀྱི་བྲག་ཕུག་སྟོང་པ་གནམ་སྐས་བཙུགས་ནས་འགྲོ་དགོས་ས་དེ་འདྲ་ཞིག་ནས་སྤྱི་ལོ་སྔོན་གྱི་ནང་གི་བོན་དཔེ་མང་པོ་ཞིག་རྙེད་ཡོད་པ་རེད་ཟེར། དེའི་སྐོར་རིན་པོ་ཆེས་གསན་སོང་ངམ། ཞེས་ཞུས་སྐབས། ཁོང་གིས། དེ་ངས་གོ་མ་སོང་། ཅིག་བྱས་ན་དཔེ་ཆ་རྩ་ཆེན་དེ་འདྲ་ཡོད་འགྲོ དེང་སང་བོན་གསར་མ་དེ་ཚོས་བོན་གྱི་གནའ་སྔ་མོའི་གནས་ཚུལ་དེ་ཚོ་ལ་ཞེ་དྲགས་ཞིབ་འཇུག་བྱེད་ཀྱིན་མི་འདུག ཁོང་ཚོས་ཆོས་བྱེད་རྒྱུ་གཙོ་བོ་བྱེད་ཀྱིན་འདུག ཆོས་དེ་ཚོ་ཕར་བསྒྱུར། དེ་ཡར་རྒྱས་འདྲ་བཏང་ནས་འདུག་པ་མ་གཏོགས་མི་འདུག དེ་ཚོའི་མིང་ལ་བོན་གསར་མ་ཟེར་རེད། བོན་གསར་མ་དེ་ཚོའི་ནང་ལ་ཞིབ་འཇུག་གི་སྐོར་ལ་ཕན་ཐོགས་ངེས་ཀྱི་ཡིག་ཆ་ཞེ་དྲགས་ཅང་མི་འདུག བོན་པོའི་གཞུང་རྙིང་པ་སྲིད་པ་སྤྱི་མདོས་སོགས་ཆོག་རབས་དང་སྨྲེང་རབས་ཀྱི་རིགས་དེ་ཚོ་རྩ་ཆེན་པོ་རེད། ཨ་རིའི་གཉུག་གནས་མི་རིགས་དང་བོད་རིགས་ཀྱི་བར་ལ་ཡང་དུར་གྱི་ཆོ་ག་དང་། མཐུ་ཁང་བཅའ་སྟངས་སོགས་འདྲ་ས་ཧ་ཅང་མང་པོ་ཡོད། ངེས་པར་ཡ་མཚན་ཅན་གྱི་ཞིབ་འཇུག་གི་ཁུངས་སྣེ་མང་པོ་ཡོད་ངེས་རེད་འདུག ཁོང་ཚོ་ལ་ཡང་ལྷ་དང་སྲིད་ལ་སོགས་པའི་འཆད་སྟངས་སྤྱི་མདོས་སོགས་ལས་བསྟན་པ་དང་འདྲ་པོ་ཡོད་པ་མཐོང་བྱུང་། འོན་ཀྱང་ཞིབ་འཇུག་གི་ལས་གཞི་དེ་ངས་མགོ་མ་བརྩམས། བོན་གསར་མ་དེ་ཚོ་ལ་མདོ་དང་སྔགས་ཟེར་བ་འདྲ་པོ་དེ་འདྲ་ཡོད་རེད། ཐ་ན་ང་ཚོའི་མདོའི་ནང་ན་ཡོད་པའི་དབུ་མ་དང་སེམས་ཙམ། ཚད་མ་དེ་ཚོ་ཡང་འདུག ཡིན་ན་ཡང་། ང་རང་ངོས་ནས་དངོས་གནས་དྲང་མོ་བཤད་ན། བོན་ལ་རབ་བྱུང་གི་སྡེ་ཡོད་པ་ངོས་ལེན་གྱིན་མེད། དེ་འདྲ་བཤད་ན་རྙོག་དྲ་ཚ་རུ་འགྲོ་གིན་འདུག བོན་པོ་ལ་ཡོད་པའི་དངོས་གནས་ཀྱི་ཁུངས་ཀྱི་ཡིག་ཆ་ག་རེ་ཡོད་རེད་ཟེར་ན། ཞང་ཞུང་གི་ཨ་ཏི་མུ་ཝེར་གྱིས་ཉམས་ལེན་གྱི་ལྟ་བ་ཁ་ཤས་ཤིག་ཡོད་རེད། དེ་ཚོ་དཔེ་ཆ་རྙིང་པ་དངོས་གནས་རེད། ཞང་ཞུང་གི་བརྒྱུད་རིམ་ནང་ལ་ཡང་ཡོད་ཐག་ཆོད་རེད་བཞག དེ་གཅིག་རེད།
རྫོགས་ཆེན་གྱི་སྐོར་ལ་ཞང་ཞུང་སྙན་བརྒྱུད་ཟེར་བ་དེ་ཡོད་རེད། ཞང་ཞུང་སྙན་བརྒྱུད་ཀྱང་ད་ལྟ་ནང་བཞིན་དཔེ་ཆ་པོ་ཏི་དེ་འདྲ་ཡོད་མ་རེད། དེ་ཚོ་ཡང་གཞུག་མ་ཡར་རྒྱས་བཏང་བཞག་པ་རེད། གཙོ་བོ་དེ་ལ་རྒྱུད་བུ་ཆུང་བཅུ་གཉིས་ཟེར་བ་ཞིག་ཡོད་རེད། སྙན་བརྒྱུད་ཟེར་ན། སྤྱིར་རྫོགས་ཆེན་གྱི་ནང་ལ་གནའ་སྔ་མོ་ཡི་སྙན་བརྒྱུད་མང་པོ་ཡོད་པ་བཞིན། རྒྱུད་བུ་ཆུང་བཅུ་གཉིས་ཟེར་བ་དེའི་ནང་ལ་གཞི་ལམ་འབྲས་བུ་ལྟ་བ་སྒོམ་པ་སྤྱོད་པ་སོགས་གསུམ་རེ་གསུམ་རེ་བྱས་ནས་བཅུ་གཉིས་ཐམ་པ་ཚིགས་བཅད་བཟོས་བཞག་པ་ཞིག་ཡོད་རེད། དེ་ཚོ་སྣང་ཞེར་ལོད་པོ་ལ་ཏ་པི་ར་ཙའི་ཞལ་གཟིགས་ནས་དེ་འདྲ་གསུངས་སོང་ཞེས་བསྟན་ཡོད་རེད། བྱས་ཙང་། ཏ་པི་ར་ཙས་གསུངས་པ་རེད་ཟེར་ནས་དེ་ལ་ཕར་ཁུངས་བསྙད་ནས་སྣང་ཞེར་ལོད་པོ་ཁོང་རང་གིས་ཡི་གེར་བྲིས་བཞག་པ་རེད། མ་གཞི་སྣང་ཞེར་ལོད་པོ་ནི་སྐབས་དེ་པ་ཞིག་ལ་བོད་ལ་ཕེབས་པ་རེད། དེ་ནས་བཟུང་སྟེ། ཞང་ཞུང་སྙན་བརྒྱུད་ཀྱི་དཔེ་ཆ་དེ་ཚོ་ཡར་རྒྱས་ཕྱིན་བཞག དེ་མ་གཏོགས། ཁུངས་འདྲ་པོ་དངོས་གནས་དེ་ལས་སྔ་བར་ཡི་གེར་བྲིས་བཞག་པ་དེ་འདྲ་ཡོད་པ་མ་རེད། དེ་བཞིན། ད་ལྟའི་ཞང་ཞུང་སྙན་བརྒྱུད་ཀྱི་བླ་བརྒྱུད་ཀྱི་བླ་མ་བརྒྱུད་པ་དང་པོ་མར་བྱུང་ས་དེ་ནས་བཟུང་སྟེ། སྣང་ཞེར་ལོད་པོའི་བར་དུ་རབ་བྱུང་ཟེར་མཁན་ཞིག་རྡོག་པོ་གཅིག་ཡོད་མ་རེད། ཨ་ཏི་མོ་ཝེར་གྱི་སྔགས་ཀྱི་རབས་ཤིག་ཁོང་ཚོར་ཡོད་རེད་ལ་དེའི་བླ་མ་བརྒྱུད་པ་ཞིག་ཡོད་རེད། དེའི་ནང་ལ་ཡང་ཕྱིས་ཀྱི་བར་ཡང་རབ་བྱུང་ཟེར་མཁན་ཞིག་རྡོག་པོ་གཅིག་ཡོད་མ་རེད། གལ་ཏེ་རབ་བྱུང་ཟེར་བ་ཞིག་སྔ་མོ་ནས་ཡོད་ན་བླ་མ་བརྒྱུད་པ་དེ་ཚོའི་ནང་ལ་ཡང་ཐ་ན་ཡང་ཁ་ཤས་ཙམ་རེ་ཡོང་དགོས་ཀྱི་ཡོད་རེད། ཡིན་ན་ཡང་དེ་ཡོད་མ་རེད། བྱས་ཙང་། ཚང་མ་ཤན་ཀླུ་དགའ་ཟེར་མཁན་དེས་མགོ་བཙུགས་འདུག །བོད་ཀྱི་ནུབ་ཕྱོགས་ལ་ཨ་ཏི་ཤ་བྱོན་ནས་བསྟན་པ་སྤེལ་སྐོར་དེ་པ་ཞིག་ལ་ཤམ་ཐབས་སྔོན་པོ་ཅན་ཟེར་བ་རྫུ་འཕྲུལ་འདྲ་པོ་ཡང་ཏོག་ཙམ་ཏོག་ཙམ་སྟོན་ཡ་ཡོད་མཁན་ཞིག་བྱུང་ནས་བོན་དང་ཆོས་མང་པོ་ཞིག་བསྒྱུར་པ་རེད་ཟེར་བ་དང་། བསྒྱུར་བོན་ཟེར་བ་ལྟ་བུ་སོགས་ཀྱི་ལོ་རྒྱུས་ཤིག་ཤོད་སྡོད་ཡ་འདུག་པ་རེད། དེའི་ཁུངས་འདྲ་པོ་དེ་འདི་ནས་རེད་བཞག ཤན་ཀླུ་དགའ་ཟེར་བ་དེ་ཡང་དངོས་གནས་དྲང་གནས་ཡ་མཚན་པོ་ཞིག་ནི་བྱུང་ཡོད་པ་འདྲ། བོན་པོའི་བཀའ་འགྱུར་བསྟན་ཟེར་བ་འདི་ཚོ་བཟོ་འདུག་མཁན་དེ་ཡང་ཚང་མ་ཤན་ཀླུ་དགའ་རེད། ཤན་ཀླུ་དགའི་སྔོན་ལ་ཡོད་མ་རེད། དེ་ཚོའི་ནང་ལ་ཡོད་བསྡད་པའི་དཔེ་ཆ་ཁ་ཤས་སྔོན་མ་ནས་ཡོད་ཟེར་གྱི་ཡོད་རེད། ཡིན་ན་ཡང་། དེ་ག་འདྲ་ཡོད་པ་ང་ཚོས་ཧ་གོ་གི་ཡོད་མ་རེད། ཅིག་བྱས་ན་བྲག་ཕུག་ཅིག་གི་ནང་ནས་དེ་འདྲ་དེ་ཚོ་ཐོན་ཡོང་ཡ་ཡོད་ན་ཡག་པོ་ཡོད་རེད་པཱ། དེ་མིན་ད་ལྟ་བཀའ་འགྱུར་དང་བསྟན་འགྱུར་ཟེར་བ་འདྲ་པོ་ཁོང་ཚོར་ཡོད་བསྡད་པ་ཚོ་སྔ་མོ་ནས་ཡོད་པ་ཞིག་མ་རེད།
བྱས་ཙང་། ངས་ད་ལྟ་བཤད་བཞིན་པ་ལྟར་རབ་བྱུང་ཟེར་བ་ལྟ་བུའི་བཤད་སྟངས་དེ་རིགས་ཀྱང་ངོས་ལེན་གྱི་མེད། ཁོང་ཚོ་ང་ལ་དགའ་པོ་ཡོད་རེད། གང་རེད་ཅེ་ན། ངས་བོན་པོའི་རིག་གཞུང་དེ་ཚོ་རྩ་ཆེན་པོར་རྩིས་ནས་ང་ཚོ་བོད་ཀྱི་ལོ་རྒྱུས་དེ་ཚོའི་ཁུངས་གཏུགས་ས་བྱེད་ཀྱི་ཡོད་པས་རེད། དེའི་ཆ་ནས་ཁོང་ཚོས་ང་ལ་དགའ་པོ་བྱེད་ཀྱི་ཡོད་རེད། ཡང་ངས་རབ་བྱུང་སོགས་ཀྱི་བཤད་སྟངས་ཁག་ཅིག་ངོས་མི་ལེན་དུས་ཁོང་ཚོ་དགའ་ཡི་ཡོད་མ་རེད།(བཞད་མོ་བཞད)
གཉིས་པ། ནམ་མཁའི་ནོར་བུས་རང་ཉིད་ཀྱི་འདས་སོང་དྲན་པ།
ངས་དཔེ་ཆ་དང་པོ་བྲིས་ནས་བཞུགས་སྒར་དུ་དཔར་བཏབ་བཞག་པ་ཞིག་ཡོད་རེད། དཔེ་ཆ་དེ་གཅིག་བྱས་ན་གཟིགས་ཡོད་འགྲོ །དེབ་དེ་རྩོད་པའི་འགྲོ་སྟངས་བྱས་ནས་བྲིས་པ་བཞག་པ་དེ་འདྲ་ཞིག་ཡིན། དེ་རིན་པོ་ཆེས་དཔར་བརྒྱབ་བཅུག་པ་རེད། དཔེ་ཆ་དང་པོ་དེ་དེ་རེད། ངའི་བསམ་བློ་གང་ཡོད་པ་དེ་ཚོ་ཚང་མ་དེའི་ནང་ལ་བྲིས་པ་ཡིན། དེ་བྲིས་ཚར་དུས་ཡང་དང་པོ་རྩ་བ་ནས་དེ་དཔར་རྒྱག་འདོད་མ་བྱུང་། གཞན་ལ་དགག་པ་འདྲ་པོ་བྱས་པ་ཡིན་ན་བོད་རིགས་དེ་ཚོ་ཚང་མས་ང་ལ་ཁ་རྡུང་གཏོང་གི་རེད་གཡུགས་ཤོག་བསམ་བྱུང་། དེ་མུར་ལོ་མང་པོ་ཞིག་ལ་མཆོད་སྒམ་ནང་དུ་བཅུག་ནས་བཞག་པ་ཡིན།
དེ་ནས་ཐ་མ་ཐ་མ་དེ་ལ། དེ་འདྲ་རང་བྱས་ན་ཡང་འགྲིག་ས་མ་རེད། སུ་གཅིག་གིས་ཀྱང་ལབ་ཀྱི་མི་འདུག ད་ག་ལེར་ག་ལེར་བྱས་ནས་བཏོན་དགོས་ཀྱི་རེད་མ་གཏོགས་གཞུག་མར་རྩ་བ་ནས་འགྲིག་གི་མ་རེད་བསམ་བྱུང་། དེ་ནས་ཉི་མ་གཅིག་ལ་ང་ལ་བསམ་བློ་ཞིག་འཁོར་སོང་། ངས་རིན་པོ་ཆེ་ལ་དཔེ་ཞིག་དཔར་སློག་བརྒྱབ་ནས་འབུལ་དགོས་ཀྱི་འདུག་བསམ་བྱུང་། དེ་ནས་ཡང་བསམ་བློ་ཞིག་འཁོར་བྱུང་། འདི་པ་ནས་སངས་རྒྱས་པའི་ཆོས་པ་དེ་ཚོས་བོད་ཀྱི་ལོ་རྒྱུས་དེ་ཚོ་ལ་ཉམས་ཞིབ་མ་བྱས་པ་བྱས། རྩ་ཆེན་པོ་མ་བྱས་པ་བྱས། ཁུངས་འདྲ་པོ་རྒྱ་གར་ལ་གཏུགས། རྒྱ་ནག་ལ་གཏུགས་ནས་བཞག་ཡོད་རེད། ངས་ནི་དེ་ལ་སྐྱོན་བརྗོད་བྱས་བཞག་ཡོད་རེད། དེ་བྱས་དུས་རིན་པོ་ཆེ་ཡང་ཅིག་བྱས་ན་ང་ལ་ཐུགས་དགོངས་འཚོམས་ཀྱི་རེད་བསམ་བྱུང་།
དེ་ནས་ཡང་ངས་ཟླ་བ་ཁ་ཤས་ལ་མཆོད་སྒམ་དུ་ཕར་བཅུག་ནས་བཞག་པ་ཡིན། གཞུག་མ་དེ་ལ་བསམ་བློ་ཞིག་བཏང་ནས། ད་ནི་རིན་པོ་ཆེ་ཐུགས་དགོངས་འཚོམས་ན་ཡང་འཚོམས། རིན་པོ་ཆེ་གནས་སྐབས་ཐུགས་དགོངས་ག་ཚད་འཚོམས་ན་ཡང་ལོ་གཅིག་དང་གཉིས་ལས་ལྷག་འཚོམས་ཤེས་ཀྱི་མ་རེད། ག་རེ་རེད་ཟེར་ན། རིན་པོ་ཆེས་ཀྱང་དངོས་ཡོད་གནས་ཚུལ་མཁྱེན་ཡོང་གི་རེད། བྱས་ཙང་། ཞེ་དྲགས་གནད་འགག་ཆེན་པོ་རེད་མི་འདུག དེ་བས་བོད་ཀྱི་ཤེས་རིག་གི་ཁུངས་བཏོན་ཐུབ་པ་དེ་གནད་འགག་ཆེན་པོ་རེད་གདའ། ཐུགས་དགོངས་འཚོམ་ན་ཡང་ཁྱད་པར་མི་འདུག་བསམས་ནས་དཔར་སློག་ཅིག་བརྒྱབ་ནས་གཅིག་བཏང་བཞག་པ་ཡིན། རིན་པོ་ཆེ་ཐུགས་དགོངས་འཚོམ་རྒྱུ་ཕར་བཞག ཐུགས་མཉེས་པོ་ཞེ་དྲག་བྱུང་བཞག ང་ལ་ཡང་ཕྱག་བྲིས་ཤིག་གནང་བྱུང་། ཁྱོད་རང་གིས་གཞན་དག་གིས་ལོ་རྒྱུས་བྲིས་པ་ནང་བཞིན་དཔེ་བཤུས་མ་བརྒྱབ་པར། དངོས་གནས་བསམ་བློ་བཏང་ནས་བྲིས་བཞག དཔེ་མ་སྲིད་པའི་ཡག་པོ་འདུག ཁྱོད་རང་གིས་ང་ལ་དཔར་བརྒྱག་བཅུག་ན་ངས་དཔར་གྱི་ཡིན་གསུངས་བྱུང་། དེ་ནས་ངས་ཐུགས་རྗེ་ཆེ། ང་ཞེ་དྲག་དགའ་པོ་ཡོད་ཅེས་ཞུས་པ་ཡིན། དེ་ནས་༸རིན་པོ་ཆེས་ཕ་གིར་དཔར་བརྒྱག་བཅུག་པ་རེད། དེབ་དེ་སྤྱི་ཚོགས་ཐོག་ཁྱབ་ཡོང་དུས། ལྷག་པར་དུ་རྙིང་མ་དང་བཀའ་བརྒྱུད་པ་དེ་ཚོས་ལྐོག་ནས་ང་ལ་ད་བོན་པོ་རེད་བཞག་ཅེས་ཁ་རྡུང་བཏང་བ་རེད། བོན་པོ་དེ་ཚོས་ཀྱང་། ཕྱོགས་གཅིག་ལ་དགའ་པོ་བྱས། ཕྱོགས་གཅིག་ལ་མ་དགའ་བ་བྱས་ནས་ང་ལ་ཏོག་ཙམ་ཁ་རྡུང་གཏོང་གིན་འདུག། ཡིན་ན་ཡང་། དགེ་ལུགས་པ་དེ་ཚོ་ང་ལ་ཁ་རྡུང་མཁན་གཅིག་ཀྱང་མ་བྱུང་། ས་སྐྱ་པ་དེ་ཚོས་བཀའ་བཀྱོན་ཅང་བཏང་མ་བྱུང་། ཁ་རྡུང་གཏོང་མཁན་དེ་ཚོ་ཚང་མ་ང་ཚོ་བཀའ་བརྒྱུད་པ་དང་རྙིང་མ་པ་དེ་ཚོ་རེད། ཡིན་ན་ཡང་། སྐབས་དེ་དུས་དངོས་སུ་ཐད་ཀར་ཁ་རྡུང་གཏོང་ཐུབ་མཁན་གཅིག་ཀྱང་བྱུང་ཡོད་མ་རེད། གང་རེད་ཟེར་ན་རིན་པོ་ཆེས་དཔར་བརྒྱབ་པ་རེད་པཱ། (བཞད)
མང་པོ་ཞིག་གིས། ང་བོན་པོ་རེད་བཞག་ཟེར། མ་གཞི་ང་བོན་པོ་ཡིན་མིན་ལ་ཁུར་ཐང་ཅང་ཡོད་མ་རེད་དེ། ཁོང་ཚོས་དེ་ལྟར་ཟེར་བའི་རྒྱུ་མཚན་གཅིག་ནི། ངས་བྲིས་པའི་རྩོམ་ཡིག་དེའི་ནང་ལ་ཐོག་མར་མགོ་བརྗོད་དུ་སྟོན་པ་སངས་རྒྱས་ལ་མཆོད་པར་མ་བརྗོད་པར་སྟོན་པ་གཤེན་རབ་ལ་མཆོད་པར་བརྗོད་བཞག་པ་རེད། དེ་ལ་བལྟས་ནས་ང་ལ་ཁོ་བོན་པོ་རེད་འདུག་ཅེས་ལབ་པ་རེད། མ་གཞི་ངས་སྟོན་པ་གཤེན་རབ་ལ་མཆོད་བརྗོད་བྱེད་དགོས་པ་རྒྱུ་མཚན་དང་བཅས་བྲིས་ཡོད། གང་རེད་ཟེར་ན། ཞང་ཞུང་གི་སྨར་ཆེན་ཟེར་བའི་ཡི་གེ་དེ་ཡང་མཛད་མཁན་སྟོན་པ་གཤེན་རབ་རེད། དེའི་སྔོན་ལ་ཞང་ཞུང་གི་ཡི་གེ་དེ་ཡོད་མ་རེད། དེ་ནས་བཟུང་ཞང་བོད་ཀྱི་ལོ་རྒྱུས་དེ་ཚོ་ཡི་གེའི་ཐོག་ནས་ཡོད་པ་རེད། ང་ཚོ་བོད་ཀྱི་ཤེས་རིག་གི་ཁུངས་དེ་ལ་གཏུགས་དགོས་ཀྱི་ཡོད་པ་རེད། དེ་འདྲ་བྱས་ཡོང་དུས། སྟོན་པ་གཤེན་རབ་ཀྱིས་ཡི་གེ་བརྩམས་པ་དང་། ཁོང་གི་འཁྲུངས་སྐར་སོགས་ལ་བརྟེན་ནས་ངས་མར་ལོ་ཚིགས་དེད། ལོ་རྩིས་ཕབ་སྟེ། ང་ཚོ་བོད་ཀྱི་ཤེས་རིག་གི་ལོ་རྒྱུས་དེ་ལོ་ག་ཚད་ཡོད་རེད་ཟེར་ནས་ལོ་དང་སྨེ་བ་བསྒྲིགས་ནས་བརྩིས་པ་ཡིན། ངས་དེ་ལ་སྨེ་ལོ་ཞེས་ལབ་ཀྱིན་ཡོད། ཡིན་རྒྱུ་ནི་བོད་ཀྱི་ལོ་རྒྱུས་ཡོད་ནས་བཟུང་སྟེ་ད་ལྟའི་བར་གྱི་ལོ་དེ་རེད། དེ་ལ་ད་བར་ལོ་ངོ་སྟོང་ཕྲག་གསུམ་དང་དགུ་བརྒྱ་དང་ཉི་ཤུ་རྩ་བདུན་རེད། དེ་ཞེ་དྲག་གནད་འགག་ཆེན་པོ་རེད། དེ་འདྲ་བྱས་ན་རྒྱ་གར་དང་རྒྱ་ནག་གི་ལོ་རྒྱུས་དང་ཡང་ཞེ་དྲག་ཐག་ཉེ་པོ་རེད། གཞན་ང་ཚོ་བོད་ཀྱི་ལུགས་སྲོལ་བྱས་ན། སྤྲེའུ་བྱང་ཆུབ་སེམས་དཔའ་ཟེར་ནས་ཕྱིས་ཕྱིས་ཀྱི་སྐད་ཆ་ཞིག་བྱས་ནས་བཤད་ཡོང་དུས་ད་དུང་སྤྲེའུ་དེ་ཚོའི་རྔ་མ་ཆད་ཡོད་ས་མ་རེད་བསམ་བསམ་ཞིག་འདུག་གཱ(བཞད) དེ་འདྲ་བྱས་ན་འགྲིག་གི་ཡོད་མ་རེད། དེ་ནས་ངས་གཞུག་མ་དེ་པ་ཞིག་ལ། བོད་པའི་གཞོན་ནུ་དེ་ཚོས་དེའི་སྐོར་གནས་ཚུལ་ཏོག་ཙམ་མགོ་འཚོད་ཀྱིན་འདུག བྱས་ཙང་། སུད་སི་ལན་ཊི་ལ་ཐེངས་གཉིས་པ་གཞོན་ནུའི་ཚོགས་པའི་ཁར་འགྲོ་དུས་ཁོང་ཚོས་ང་ལ་ཞང་ཞུང་གི་ལོ་རྒྱུས་བཤད་རོགས་ཀྱིས་ཟེར། གཟིའི་ཕྲེང་བ་ཟེར་བ་དེ་དེ་དུས་བྲིས་པ་ཡིན། ཡིན་ན་ཡང་། དེ་སྔོན་མ་ངས་བྲིས་བཞག་པ་དེའི་དོན་དག་ཚུར་བླངས་ནས་བྲིས་པ་ཙམ་ཡིན། སྔོན་མ་ངས་བྲིས་པ་དེ་གཙོ་ཆེ་བ་དེ་འདྲ་རེད་པཱ།
ཡང་ང་སྔ་མོ་བོད་ལ་འགྲོ་དུས། དང་པོ་ཕ་ཡུལ་གྱི་མི་ཚོས་སྤྲུལ་སྐུ་ཕེབས་སོང་ཟེར་ནས་དགའ་དགའ་ཞེ་དྲག་བྱེད་ཀྱི་འདུག ཡིན་ན་ཡང་། ངས་རང་ཉིད་དགེ་རྒན་ཞིག་ཡིན་པས་ཆོས་བཤད་རྒྱུ་དེ་གཙོ་བོ་རེད་བསམས་ནས་མདུད་པ་མ་བྱིན་པར་ཆོས་བཤད་པས་ཁོང་ཚོ་ཉན་སར་མི་ཡོང་གི ཡང་ངས་བལ་ཡུལ་ནས་མནྡ་ར་བའི་ཚེ་དབང་སྐུར་དུས་མི་ཁ་ཤས་ཉིན་བཞི་ཡས་མས་ཀྱི་ལམ་བར་གྱི་དུས་ཚོས་སྤྱད་ནས་དབང་ཞུ་སར་ཡོང་མཁན་འདུག སྐྱབས་འགྲོ་སོགས་གཟབ་གཟབ་བྱས་ནས་བཤད་ཁུལ་བྱས་ཀྱང་མི་ཉན་པར་ང་ལ་བྱིན་རླབས་དགོས་ཟེར་གྱིན་འདུག དེས་ངའི་སེམས་ལ་རྨ་ཁ་བཟོས་སོང་། ཁོང་ཚོ་དེ་ལྟར་རྨོངས་པ་རེད། ཡིན་ན་ཡང་། ང་ལ་རྟོགས་སད་ཅིག་བྱུང་བ་ནི། སྔར་ངས་བོད་ཡིག་ཚགས་པར་དུ་བླ་མ་ཚོས་མི་མང་ལ་ཆོས་བཤད་ཀྱིན་མི་འདུག་ཅེས་དགག་པ་བརྒྱབ་ནས་ཆོས་ཤོད་ཅེས་ལབ་པ་ཡིན་ཏེ། ད་ལྟ་དུས་བླ་མ་ཚོར་ཁག་མི་འདུག ཁོང་ཚོས་མི་ཉན་པ་རེད་འདུག་ཨང་སྙམ་པ་ཞིག་བྱུང་།
གསུམ་པ། ནམ་མཁའི་ནོར་བུས་ཉེ་དུས་ཀྱི་ཕྱག་ལས་བརྗོད་པ།
རིན་པོ་ཆེས་ཞིབ་འཇུག་གི་ཕྱག་ལས་མཚམས་བཞག་རྗེས་ཀྱི་ཉེ་བའི་ལོ་དུས་ནང་བོད་རིག་པ་དང་འབྲེལ་བའི་ཕྱག་ལས་གཙོ་བོ་གང་གནང་ཡོད། སྒྲ་ཐལ་འགྱུར་གྱི་རྒྱུད་ཀྱི་འགྲེལ་བ་བི་མ་ལ་མི་ཏྲས་མཛད་པ་ལྔ་པ་ཆེན་པོའི་དཔེ་མཛོད་དུ་བཞུགས་པ་ཞིག་ལྷ་ས་ནས་ང་ལ་ཐོབ་སོང་། དཔེ་ཆ་དེ་དབུ་མེད་བྲིས་མ་མ་དག་པ་ཀློག་ཁག་པོ་དེ་འདྲ་ཞིག་འདུག ངས་ག་ལེ་ག་ལེར་བྱས་ནས་དེ་ཚང་མ་རྩིས་འཕྲུལ་དུ་བཅུག་པ་ཡིན། དེ་ནས་གཞུག་མ་དེར་ཀཿཐོག་སི་ཏུ་རིན་པོ་ཆེས་རྙེད་པའི་དཔེ་ཞིག་ཐོབ་པ་དེ་དང་གོ་བསྡུར་གྱིས་ཕན་ཚུན་ཁ་སབ་རེས་བྱས་ཏེ་ཆ་ཚང་ཞིག་བཟོས་བཞག་ཡོད། གཞུག་མ་རང་ལ་དགོས་ན་ཡང་སྤྲོད་ཆོག ངས་ལས་ཀ་བྱས་བསྡད་པ་དེར་དང་པོ་དཔར་བཞག་པའི་མ་དཔེ། དེ་ནས་བཅོས་བཞག་པ། དེ་ནས་སླར་ཡང་དཔེ་བསྡུར་བྱས་པ་བཅས་ཀྱི་ཁར། མཐར་བཀླག་ཆོག་ཏུ་བྱས་པ་བཅས་པོད་དྲུག་བྱུང་སོང་། ལར་འགྲེལ་བ་རང་ལ་ལྡེབ་མ་སུམ་རྒྱ་ལྷག་ཅིག་ཡོད་རེད། ལྡེབ་སྣ་རིང་པོ་རེད། བྱས་ཙང་ཞེ་དྲག་མང་པོ་འདུག དང་པོ་ངས་དཔེ་ཆ་དེ་མང་པོ་འདུག ང་ཡང་མི་རྒས་གོག་ཆགས་ཚར་བ་རེད། ཕལ་ཆེར་ཡོང་ས་མ་རེད་བསམ་པ་ཡིན། ཡང་གཞུག་མ་དེར་བསམ་བློ་ཞིག་བཏང་ནས་གང་ཐུབ་ཅིག་བཟོ་དགོས་ཀྱི་འདུག་སྙམ་ནས་མགོ་བཙུགས་བཞག་པས་ཚར་སོང་། དེ་ནས་ཡང་བསྐྱར་མགོ་བཙུགས་ནས་ཞུས་དག་གང་དགོས་བྱས། དེ་རྗེས་སླར་ཡང་གོ་བསྡུར་བྱས་པ་ཡིན། མཐར་ཟིན་བྲིས་དང་བཅོས་རྟགས་དེ་ཚོ་མེད་པ་བྱས་ནས་བཀླག་ཆོག་ཏུ་བཀོད་པ་ཡིན། དེ་ངའི་ཞིབ་འཇུག་ལས་མཚམས་བཞག་རྗེས་ཀྱི་ལས་ཀ་གལ་ཆེ་ཤོས་ཤིག་ཡིན། མ་གཞི་སྒྲ་ཐལ་འགྱུར་འདི་ཧ་ཅང་རྩ་ཆེན་པོ་རེད། ཅེས་གསུངས་བྱུང་།
འདི་ཧ་ཅང་ཡག་གི། བཀའ་དྲིན་ཆེའོ།། སྒྲ་དང་བཅས་ཏེ་འདིར་བཀོད་ཐུབ་ན་དེ་བས་ཀྱང་ཡག་གི། དེ་ནས་གསལ་བཤད་ཞུ་རྒྱུ་ཞིག་ལ། བོན་གྱི་བཀའ་བརྟེན་ཞེས་བྲི་བ་ལས། བཀའ་བསྟན་ཞེས་མི་འབྲི་བསམ་སོང་། ཐུགས་རྗེ་ཆེ།
བོན་གྱི་བཀའ་འགྱུར་དང་བརྟེན་འགྱུར་འདི་འདྲ་ཞིག་བྲིས་ཡོད་བསམ་སོང་།
གཤེན་ཀླུ་དགའ་ཡིན་བསམས་སོང་།