སྒང་པ་དགེ་ལེགས།
གལ་སྲིད་ངས་ཁྱོད་ལ་ ཁྱོད་གཡོ་སྒྱུ་ཅན་ལ་དགའ་འམ། ཞེས་དྲིས་ན། ཁྱོད་ཀྱིས་ མི་དགའ་ ཞེས་སོམ་ཉི་མེད་པར་ལན་འདེབས་ངེས་རེད། ཡང་ ཁྱོད་གཡོ་སྒྱུ་ཅན་ཞིག་ཡིན་ནམ་ ཞེས་དྲིས་ན་ མིན་ ཟེར་ངེས་རེད། འོན་ཀྱང་ལན་དེ་དག་སྐད་ཆ་དང་ཁ་རླངས་ཁྲོད་ཀྱི་ཁྱེད་རང་ཡིན་པས། ཁྱེད་རང་མི་བཟང་པོ་དང་དྲང་མོ་ཞིག་ཡིན་པ་བདེན་དཔང་བྱེད་མི་ཐུབ། ནམ་ཞིག་རང་ཉིད་ཀྱི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཞིག་དང་འཕྲད་པ་ན་ད་གཟོད་ཁྱོད་ཀྱི་གདོང་རིས་ངོ་མ་དེ་ཕྱིར་ཐོན་ཡོང་བ་རེད། དེ་དུས་ཁྱོད་ཀྱིས་གཡོ་སྒྱུའི་ཐབས་ལམ་སྣ་ཚོགས་འཚོལ་བར་བྱེད་ཅིང་གཡོ་སྒྱུར་མཁས་པའི་ཁྲམ་པ་དག་སྐྱབས་སུ་བཟུང་སྟེ་བློ་འདྲི་བར་བྱེད། དེ་ནི་ད་གཟོད་ཁྱོད་ངོ་མ་སྟེ་ལག་ལེན་ཁྲོད་ཀྱི་ཁྱེད་རང་རེད། སྐབས་དེར་དྲི་བ་འདྲི་མཁན་གྱིས་ཁྱེད་ཀྱི་རང་མདོག་ངོ་མ་དེ་མཐོང་ཟིན་པས་ཁྱོད་ལ་སླར་ཡང་གོང་གི་དྲི་བ་དེ་དག་འདྲི་མི་སྲིད། བརྒྱ་ལ་དྲིས་ན་ཡང་ཁྱོད་ཀྱིས་གོང་གི་ལན་དེ་སླར་ཡང་འདེབས་ངེས། སྟབས་ཉེས་ན་དྲི་བ་འདྲི་མཁན་ལ་ ཁྱོད་གཡོ་སྒྱུ་ཅན་རེད། ཁྱོད་ཁྲམ་པ་རེད། ཅེས་ཚུར་གཤེ་གཤེ་གཏོང་ཡང་སྲིད། དེ་དུས་གང་ཟག་ཆེ་གེ་མོས་དྲི་བ་དྲིས་པའང་གཡོ་སྒྱུ་རུ་འགྱུར་འགྲོ་ཞིང་ཐ་ན་ཁོའི་གདོང་ལ་བལྟས་པའང་ནག་ཉེས་སུ་བགྲང་ངེས།
མཁས་པ་ཞེས་པའི་ཐ་སྙད་འདིའི་འོག་ཏུ་མངོན་པ་དང་མི་མངོན་པའི་གོ་དོན་མང་པོ་ཞིག་ཡོད་ཅིང་། ལྷག་པར་དུ་ཁྲིམས་ལུགས་མཁས་པ་ཞེས་པའི་ཐ་སྙད་འདིའི་འོག་ཏུ་གནད་དོན་རྙོག་འཛིངས་ཅན་ལ་གདོང་གཏོད་ནུས་པའི་རྟུལ་ཕོད་དང་དྲང་པོའི་གཞུང་བསྲུང་བའི་སྤོབས་པ། ཉེས་པ་ཉེས་པར་མཐོང་བའི་བློ་མིག ཕམ་ཁ་དང་དུ་ལེན་པའི་དཀྱེལ་ཡངས་སོགས། ལས་རྒྱུ་འབྲས་དཀྱིལ་སྙིང་དུ་བཟུང་བའི་འགན་འཁྲིའི་དམ་ཚིག་མང་པོ་མང་པོ་ཞིག་ཡོད། འོན་ཀྱང་སྙིགས་མ་ལྔ་བདོའི་དུས་འདིར་ལས་རྒྱུ་འབྲས་ལོག་ལམ་དུ་འཁྱེར་བའི་ཁྲིམས་ལུགས་མཁས་དབང་སྟེ་ཁྲིམས་རྩོད་པའི་ལག་འཁྱེར་ཡོད་མཁན་ཧ་ཅང་མང་ཞིང་། དྲང་བདེན་ཟེར་བ་འདི་ཁོ་ཅག་གི་རྣམ་དཔྱོད་ཀྱི་དམིགས་ཚད་མ་རེད་ལ་ལས་འབྲས་ཟེར་བ་འདི་ཁོ་ཅག་གི་དམ་ཚིག་གི་བསྲུང་ཡུལ་ཡང་མ་རེད། ཁོ་ཅག་ལ་རྣམ་དཔྱོད་དང་དམ་ཚིག་གི་འབྲེལ་ཡུལ་གཅིག་ལས་མེད་དེ། དེ་ནི་དཔལ་འབྱོར་ཁོ་ན་རེད། དམིགས་ཚད་དེའི་ཆེད་དུ་ཁོ་ཅག་གིས་གཞན་གྱི་བདེན་པ་ལ་རྡོག་བརྫི་བྱེད་ནུས་ཤིང་ཐ་ན་རང་གི་མི་གཞིའི་ཚད་ཐིག་ཀྱང་ཡལ་བར་འདོར་ནུས(མ་གཞི་ནས་ཁོང་ཅག་ལ་མི་གཞིའི་ཚད་ཐིག་ཟེར་བ་ཞིག་ཡོད་མེད་ཀྱང་བཤད་དཀའ།)། དེའི་དབང་གིས་སེམས་དཔའ་ཆེན་པོ་གྷན་དྷིས་ཀྱང་ཁྲིམས་རྩོད་པ་སོགས་མིག་ནང་གི་ཚེར་མར་བལྟས་ཏེ་རྒོལ་གཏམ་སྤེལ། དེ་ཡང་ལོས་ཡིན་ཏེ། གཞུང་ལུགས་ཆེ་གེ་མོའི་མཁས་དབང་གི་མིང་བེད་སྤྱེད་དེ་གཞུང་ལུགས་དེའི་སྲོག་ལ་རྒོལ་མཁན་དག་ནི་སུས་ཀྱང་ཡན་པོར་འཇོག་འོས་པ་མ་ཡིན་ཞིང་། གཞུང་ལུགས་དེའི་དད་ལྡན་དག་གིས་ལྷག་པར་ཏུ་ཆམ་ལ་འབེབ་དགོས་པ་ནི་འདོར་དུ་མེད་པའི་འོས་འགན་རེད།
ནམ་ཞིག་ཉེས་པ་ལ་ཉེས་པར་ངོ་སྤྲད་པའི་དུས་སུ། ཉེས་པ་ལ་ཆད་པའི་སྟོང་དབབ་པའི་དུས་སུ། ཁོ་ཅག་གིས་རང་ཉིད་ལས་གཞན་པའི་དཔང་པོ་དང་ལེན་མི་བྱེད་ཅིང་། ཁོ་ཅག་ལ་དགོས་པ་ནི་རང་ཉིད་དཀར་རྐྱང་དང་གཞན་དག་ནག་རྐྱང་ཡིན་པ་དེ་རེད། སངས་རྒྱས་ཡིན་ན་ཡང་རུང་ཕ་མ་ཡིན་ན་ཡང་བླ། ཁོ་ཅག་ལ་ཉེས་པ་ཆུང་ངུ་ཞིག་ངོ་སྤྲད་ན་ཡང་དེ་ནི་ཕྱོགས་ལྷུང་ཅན་དང་ནག་ཉེས་ཅན་ཡིན། དེ་ནི་དགྲ་བོའི་ལྐོག་བརྔན་བཟའ་མཁན་དང་ཕུ་ནུ་ནང་དཀྲུག་བྱེད་མཁན་ཡིན། དེའི་དབང་གིས་ཁོ་ཅག་ལ་ཁོ་ཅག་གི་ནག་ཉེས་ཡོན་ཏན་ཏུ་ལྟ་མཁན་ཞིག་དགོས་ལ་གཞན་གྱི་ཡོན་ཏན་ནག་ཉེས་སུ་འདྲེན་མཁན་ཞིག་དགོས་པ་རེད། དེ་འདྲའི་གཟུ་དཔང་ཞིག་ཡིན་ཕྱིན་ཁོ་ཅག་གིས་ད་གཟོད་དྲང་པོ་དྲང་བཞག་དང་བླ་མ་དཀོན་མཆོག་རེད་ཅེས། ཐང་ཆད་ཆད་བར་དུ་ཕྱག་འཚལ་ཞིང་སྐད་འགག་འགག་བར་དུ་བསྟོད་བསྔགས་བྱེད་པ་རེད།
འོན་ཀྱང་་་་་འོན་ཀྱང་་་་་་་འོན་ཀྱང་། འཇིག་རྟེན་མི་ལུགས་ཀྱི་ཁྲིམས་སྲོལ་དང་དམ་པའི་ལྷ་ལུགས་ཀྱི་རྒྱུ་འབྲས་ལ་གཞལ་ནས་བཤད་ན། དེ་དག་ནི་ཅིས་ཀྱང་ཉི་མར་སྐྲག་པའི་འུག་པ་དང་བདེན་པར་སྐྲག་པའི་ཁྲམ་པ་སྟེ། དཔེ་མཚོན་གཞན་ཞིག་གིས་བཤད་ན་ “གཟིག་པགས་གྱོན་པའི་བུང་བུ་” ཟེར་བ་དེའོ།
འབྲི་རྩལ་དེར་ཡིད་སྨོན་ཤོར་སོང་།
ཁྲིམས་ལ་མཁས་པའི་མཁས་དང་གཅིག །
གཡོ་ལ་མཁས་པའི་མཁས་དང་གཉིས། །
སྲིད་ལ་མཁས་པའི་མཁས་དང་གསུམ། །
དེ་གསུམ་འཛོམས་ན་ཡུལ་ལུང་ཕོངས། །
་
དད་ལ་མཁས་པའི་མཁས་དང་གཅིག །
གཡོ་ལ་མཁས་པའི་མཁས་དང་གཉིས། །
ཆོས་ལ་མཁས་པའི་མཁས་དང་གསུམ། །
དེ་གསུམ་འཛོམས་ན་མི་སྡེ་དཀྲུགས། །