ཤར་ཕྱོགས་ཁུག་རྟ།
ཞི་དུལ་བག་ཡངས་མདངས་ཀྱིས་འཛུམ་པའི་ཞལ།།
ཁྲ་ཚོམ་མེ་ཏོག་བཞད་པའི་ཟླར་ཤར་ཞིང།།
བརྩེ་བའི་ཉམས་དང་ངོ་ཚ་སྨིན་པོའི་གཤིས།།
ཟོལ་དུ་མིན་པའི་འཇོ་སྒེག་ལྟ་ན་སྡུག།
གཡས་འཁྱིལ་དུང་བས་ཁྱེད་ཀྱི་སྨྲ་བའི་ངག།
ཏཱ་རེས་ལྷས་ཀྱང་སྒྲོལ་མའི་བྱད་ལ་མིན།།
ཤེས་འཇོན་ལྷག་བློས་ཡོངས་འཁྱུད་ཁོར་མོ་ཡུག།
གང་གི་རྗེས་བརྩེའི་སྤྱན་ཡངས་ཁྱེད་ལ་ཕྱོགས།།
མཛེས་བར་སྙམ་པའི་འཕྲུལ་སྣང་རང་བརྡོལ་གྱིས།།
མིག་གི་རྒྱལ་མོར་རློམ་པའི་རྨ་བྱའི་ཚོགས།།
ཁྱེད་ཀྱིས་འཛུམ་ཙམ་བྱས་པའི་ཟླ་མིན་ཡང།།
ཞི་དུལ་ཉམས་ཆུང་ཁྱེད་ལ་གཏེར་དུ་ཆགས།།
ཉི་ཟེར་འཕྲོ་འདུའི་འོད་ཀྱི་ཐིགས་པའམ།།
ཚོགས་སུ་སྣང་བའི་ཁྱེད་ཀྱི་གཟུགས་གཞིའི་སྙུག།
དུང་གི་ཟླ་བའི་དཀྱིལ་འཁོར་མིག་གིས་སམ།།
ཡང་ན་ཁྱེད་ཉིད་ཁོ་བོའི་མདུན་ན་འཛུམ།།
མཛེས་མཛངས་མིང་གི་སྙེམས་པས་ཉམས་འགྱུར་ལ།།
བརྒྱ་མིན་སྟོང་དུ་འཕྲད་པའི་འཇིག་རྟེན་འདིར།།
ཁྱེད་འདྲ་དཀོན་ནོ་ཞེས་ཏེ་ཁོ་བོའི་ངག།
གནམ་སའི་བར་དུ་བསྒྲགས་ལ་སོམ་ཉི་བྲལ།།
༢༠༡༤། ༥། ༥། ཉིན།།
ཨོ་ལེ། རྒྱ་དར་འཕྱར་ནས་བོང་བུར་ཞོན་ཏེ་ལོག་ལམ་ལ་བགྲོད་པ་ལས་བོད་ཀྱི་རྟ་མཆོག་རྐྱང་རྒོད་ལ་ཞོན་ནས་བོད་མོ་མཛེས་མ་ལྷ་མོ་འདྲ་བ་དེ་ཁྲིད་ན་མི་ལེགས་སམ། ངེས་འབྱུང་སེམས་པ་རིན་པོ་ཆེ་སྐྱེས་པ་དེར་རྗེས་སུ་ཡི་རང་ཡོད།
སྙན་ངག་བྲིས་པ་རང་ད་དེ་འདྲ་ཞིག་རེད་་་དཔར་དེ་ཡག་པོ་འདུག
པར་འདི། བོད་མོ་མཛེས་མའི་པར་ཡིན་བཟོ་མིན་འདུག