ཨ་འདུས་པས།
དྲན་ན་དྲན་རིན་ཆོག་པ་དེ།།
མཁས་པའི་མཁས་པ་ཁྱེད་ཉིད་ཡིན།།
དགུང་ལོ་བརྒྱད་ཅུར་ཕེབས་པ་དེ།།
གངས་ཅན་པ་ཡི་བསོད་ནམས་ལགས།།
ཕ་ཡུལ་ཕྱོགས་ལ་མ་ཞེན་ཅིང་།།
གྲུབ་མཐའ་བཟང་ངན་མ་བརྩད་པར།།
གངས་རིའི་ལས་དབང་སྲུང་བ་ཁྱེད།།
འཕགས་བོད་མཁས་པའི་ཡང་རྩེ་ཡིན།།
ཧིན་ཨིན་ལེགས་སྦྱར་ཚིག་དོན་ཀུན།།
ལན་རེ་ཟུང་རེས་ཐུགས་སུ་ཆུད་པས།།
མུ་སྟེགས་བྱེ་བའི་སྤྱི་གཙུག་ནི།།
ཁྱོད་ཞབས་མཛེས་པའི་དཔལ་དུ་ཐོབ།།
ཤེས་རིག་པད་ཚལ་ཁྱོད་ཀྱིས་གསོས།།
མང་གཙོའི་ཆུ་གཏེར་ཁྱེད་ཀྱིས་བསྐྱངས།།
ཆོས་སྲིད་བསིལ་བའི་ཟེར་བརྒྱ་ཅན།།
ཟམ་གདོང་བླ་མ་ཟླ་གཞོན་འདྲ།།
ཁྱོད་ཀྱི་ལེགས་བཤད་རེ་རེ་ནི།།
རང་བྱུང་སྒྲོན་མེ་རེ་རེ་སྟེ།།
གཞིས་བྱེས་གཉིས་ཀའི་མུན་ཁྲོད་ན།།
གཟུར་གནས་འབུམ་གྱིས་བསྔགས་སུ་འོས།།
དགེ་བཤེས་རང་མཐོང་ཆེ་བ་འགས།།
ཁྱོད་ཀྱི་གཟི་བརྗིད་མ་བཟོད་པར།།
ཀུ་ཅོ་སྣ་ཚོགས་འདོན་པ་དེས།།
ཁྱོད་ལ་སྔར་བས་གུས་པར་གྱུར།།
སྒྲ་ཚད་གཡུ་ཡི་རལ་བ་ནི།།
འཕགས་བོད་མཁས་པའི་ནགས་ཚལ་དུ།།
མདོ་སྔགས་རིགས་པའི་གད་རྒྱངས་ཆེ།།
འཇིགས་མེད་སྒྲོགས་ཁྱོད་སྐུ་ཚེ་བརྟན།།
ལུང་རིགས་སྨྲ་བའི་དབང་ཕྱུག་མཁས་དབང་ཟམ་གདོང་རིན་པོ་ཆེ་དགུང་གྲངས་བརྒྱད་ཅུར་ཉེ་བའི་སྐུའི་འཁྲུངས་སྟོན་རྟེན་འབྲེལ་དུ་ཨ་འདུས་པས་ར་ཛ་པུར་གྱི་རང་ཤག་སེམས་ཉིད་ངལ་གསོའི་གླིང་ནས་བྲིས་སོ།།