ཀླུ་སྨྱོན་ཧེ་རུ་ཀ
དཀར་ཆག་དང་བསྒྱུར་རྗེས་ཀྱི་གཏམ་ཉུང་ངུ་།
ཀློག་པ་པོ་དག་གིས་མཁྱེན་གསལ་བཞིན་སྐྱབས་རྗེ་མགར་ཆེན་རིན་པོ་ཆེའི་མཛད་རྣམ་དེབ་ཕྲེང་འདི་དག་ནི་བོད་རང་ལ་ཡོད་པའི་བླ་མ་སྐྱེས་བུ་དམ་པའི་རྣམ་ཐར་རྩོམ་སྟངས་སྤྱི་འགྲོས་ཅན་དེ་ལས་བརྒལ་ཏེ། དེང་དུས་ཀྱི་མིའི་ལོ་རྒྱུས་འབྲི་སྟངས་གཞིར་བཟུང་ནས་མི་སྣ་དང་མི་སྣའི་སེམས་ཁམས། ཁོར་ཡུག་དང་བྱུང་བ་ཞིབ་འབྲི་སོགས་དེང་རབས་སྒྲུང་གཏམ་གྱི་རྣམ་པའི་སྒོ་ནས་བརྩམས་ཡོད་པ་ཞིག་རེད།
དཀར་ཆག
གླེང་བརྗོད། འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ།
གླེང་བརྗོད། རྒྱ་རི་བློ་གྲོས་རིན་པོ་ཆེ།
གླེང་བརྗོད། ནུབ་པ་རིན་པོ་ཆེ།
གླེང་བརྗོད། མགར་ཆེན་རིན་པོ་ཆེ།
མགར་ཆེན་རིན་པོ་ཆེའི་གསུང་འཕྲིན།
གླེང་གཞི།
སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་བསྔོ་སྨོན།
ངའི་བླ་མར་ཕུལ་བའི་འཕྲིན་ཡིག ཚེ་རབས་ཀྱི་བླ་མ།
ལེའུ་དང་པོ། གདོང་སྒོར་སྐུ་འཁྲུངས་པ་དང་བྱིས་པའི་དུས།
ལེའུ་གཉིས་པ། སྤྲུལ་སྐུར་ངོས་འཛིན།
ལེའུ་གསུམ་པ། མགོན་པོའི་གར་འཆམ་གྱི་ཕེབས་བསུ།
ལེའུ་བཞི་པ། མགར་དགོན་གྱི་མི་ཚེ།
ལོ་རྒྱུས་འཕྲོས་བཤད།
རྒྱ་བཟའ་ཀོང་ཇོ་དང་ཐུ་བྷོད་རྒྱལ་རབས། དུས་རབས་བདུན་པ་ཡས་མས།
སྡེ་དགེ་རྒྱལ་རབས་དང་གནའ་བོའི་མགར་རིགས་རྒྱུད། དུས་རབས་བདུན་པ་ནས་བཅུ་གཉིས་བར།
སྐྱོབས་པ་འཇིག་རྟེན་གསུམ་མགོན་དང་མགར་ཆོས་ལྡིངས་པ། དུས་རབས་བཅུ་གཉིས་ནས་བཅུ་གསུམ་བར།
མགར་ཆོས་ལྡིངས་པའི་མི་རྒྱུད་མདོ་སྨད་ཕྱོགས་སུ་འཕེལ་བའི་སྐོར།
ནང་ཆེན་རྒྱལ་རབས་དང་མགར་ཆེན་སྐུ་ཕྲེང་སྔོན་མ་རྣམས། དུས་རབས་བཅུ་བདུན་ནས་ཉི་ཤུ་བར།
མགར་ཆེན་སྐུ་ཕྲེང་དང་པོ། བསྟན་འཛིན་ཕུན་ཚོགས།
མགར་ཆེན་སྐུ་ཕྲེང་གཉིས་པ། བསྟན་འཛིན་གྲགས་པ།
མགར་ཆེན་སྐུ་ཕྲེང་གསུམ་པ། ཆོས་ཀྱི་ཉི་མ།
མགར་ཆེན་སྐུ་ཕྲེང་བཞི་པ། བསྟན་འཛིན་བྱང་ཆུབ་དབང་པོ།
མགར་ཆེན་སྐུ་ཕྲེང་ལྔ་པ། བསྟན་པའི་རྒྱལ་མཚན།
མགར་ཆེན་སྐུ་ཕྲེང་དྲུག་པ། པདྨའི་རྒྱལ་མཚན།
མགར་ཆེན་སྐུ་ཕྲེང་བདུན་པ། འཕྲིན་ལས་ཡོངས་ཁྱབ།
ལེའུ་ལྔ་པ། རྩ་བའི་བླ་མ་དང་པོ།
ལེའུ་དྲུག་པ། ལམ་ལ་ཆས་པའི་ན་ཟླ་ཆུང་ཆུང་ཚོ།
ལེའུ་བདུན་པ། བར་མ་ཆད་པའི་བརྒྱུད་པ།
ལེའུ་བརྒྱད་པ། ངའི་བླ་མ་དམ་པའི་གསེར་མདོག་གི་ཤོ་ལོ་ཀ
ལེའུ་དགུ་པ། བླ་མ་དང་སློབ་མ།
ལེའུ་བཅུ་པ། སྨན་ཤར་གྱི་ཟུར་མིག
ལེའུ་བཅུ་གཅིག་པ། འཕུར་སྐྱོད་རྣལ་འབྱོར་པ།
ལེའུ་བཅུ་གཉིས་པ། ཇ་ཕོར་ཆག་པ།
ལེའུ་བཅུ་གསུམ་པ། དུད་ནག་གི་དབང་སྒྱུར།
བླ་མ་མཁན་པོ་མུན་སེལ་རིན་པོ་ཆེ།
ཉིན་ཐོ་ཞིག
སྤྲིན་དཀར། གཉིད་ལས་སད་རོགས།
བསྒྱུར་རྗེས་ཀྱི་གཏམ་ཉུང་ངུ་།
སྐྱབས་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོ་མགར་ཆེན་སྐུ་ཕྲེང་བརྒྱད་པ་དཀོན་མཆོག་བསྟན་པའི་རྒྱལ་མཚན་མཆོག་ནི་ང་ལ་འབྲི་གུང་བཀའ་བརྒྱུད་ཀྱི་བླ་མ་གཉིས་ཡོད་པའི་ཁྲོད་ཀྱི་གཅིག་ཡིན། ཁོང་དང་ངའི་དགེ་ལུགས་པའི་རྩ་བའི་བླ་མ་ཨ་ལགས་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་ཟི་ལིང་གི་བཙོན་ཁང་གཅིག་ཏུ་བཞུགས་པ་དང་། རྣམ་པ་གཉིས་ཀའི་ཐུགས་རྒྱུད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཡོངས་སུ་གཏམས་པའི་རང་རྟགས་སུ། མི་མཐོ་དམན་དྲག་ཞན་ཚང་མས་བྱམས་བརྩེའི་གཟིགས་པ་གཅིག་ཉིད་ཀྱིས་སྐྱོང་བ་དེ་ཡིས་བདག་གི་ཡིད་རབ་ཏུ་དྲངས། སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་མཆོག་དང་གུས་པ་གཉིས་མཚོ་སྔོན་ཞིང་ཆེན་ནས་ཡིན་ན་ཡང་། ངས་རྗེ་འདི་ཉིད་མཇལ་སའི་རྒྱལ་ཁབ་ནི་བོད་ནས་སྤྱི་ལེ་སྟོང་ཕྲག་མང་པོ་དང་རྒྱ་མཚོ་ཆེན་པོའི་ཕ་རོལ་གྱི་སྟོབས་ལྡན་ཨ་མེ་རི་ཀ་ཡིན། རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་སྨོན་ལམ་དང་ང་རང་གི་ལས་དབང་གིས་ངེད་བླ་སློབ་གཉིས་ཀ་དེང་སྐབས་ཨ་མེ་རི་ཀའི་མི་སེར་རམ་སྤྱི་འབངས་སུ་གྱུར་ཡོད། ངས་རྗེ་འདི་ཉིད་ལ་ཝ་ཞིང་ཁྲོན་སེ་ཨ་རོལ་ས་སྐྱ་བདག་ཆེན་རིན་པོ་ཆེའི་དགོན་པར་མཇལ་བ་ནས་བཟུང་སྟེ་ཁོང་ཉིད་རང་གི་བླ་མར་བཀུར་བ་ཡིན་ལ། ཁོང་ས་གནས་འདིར་ཕེབས་ཐེངས་རེ་རེར་གོ་སྐབས་ཡོད་ན་གསུང་ཆོས་ལ་བཅར་བ་དང་གསོལ་ཚིགས་རེ་འབུལ་ཨེ་ཐུབ་ཀྱང་བལྟ་བ་ཡིན། རྒྱུ་མཚན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟ་བུ་ནི་གསེར་གྱི་བཞུ་མར་ཁྱེར་ནས་སྟོང་གསུམ་གྱི་འཇིག་རྟེན་ཁམས་སུ་བཙལ་ཀྱང་མཇལ་རྒྱུ་ཧ་ཅང་ཁག་པོ་ཞིག་ཡིན་པ་དེ་ངས་ཤེས་ཀྱི་ཡོད།
ལོ་ཤས་སྔོན་ངས་རིན་པོ་ཆེའི་ཞལ་སློབ་ཝི་ཏི་ནམ་ནས་ཨ་རིར་བསླེབས་པ་ལྕམ་སྐུ་སུ་སུ་ཡིས་ཁོང་གི་རྣམ་ཐར་ཞིག་བརྩམས་ཡོད་པ་ཤེས་བྱུང་ལ། ངའི་ལག་ཏུ་ཡང་རྣམ་ཐར་དབྱིན་དེབ་དང་པོ་དེ་འབྱོར་ནས་ལོ་ཁ་ཤས་ཕྱིན་སོང་། ཐོག་མར་ངས་དབྱིན་དེབ་དེའི་ཤོག་ལྷེ་འགའ་མཇལ་བ་མ་གཏོགས་ཡོངས་སུ་རྫོགས་པ་ཀློག་ཁོམ་མ་བྱུང་ལ། རང་ཉིད་ཀྱིས་དབྱིན་ཡིག་སློབ་རྒྱུ་ཧ་ཅང་འཕྱི་བས་དབྱིན་དེབ་ཀློག་རྒྱུ་དེ་གཞི་རྩའི་ཆ་ནས་མགོ་ན་དགོས་པའི་བྱ་བ་ཞིག་ཏུ་མཐོང་།
ཡིན་ན་ཡང་། ལོ་སྔོན་མའི་ལོ་སྟོད་དུ་ང་ལ་མགར་ཆེན་རིན་པོ་ཆེའི་མཛད་རྣམ་འདི་ཀློག་འདོད་དྲག་པོ་ཞིག་སྐྱེས་བྱུང་ལ། དེབ་ཀྱི་དབུ་ནས་ཕྲན་བུ་ཞིག་བཀླགས་རྗེས་སུ་ང་ལ་དེབ་འདི་བོད་ཡིག་ཏུ་བསྒྱུར་ནས་བོད་རིགས་མི་མང་ལ་ངོ་སྤྲོད་བྱེད་དགོས་པའི་ཚོར་སྣང་ཁྱད་པར་བ་ཞིག་ཀྱང་སྐྱེས་བྱུང་། དེ་ལ་རྒྱུ་མཚན་ཁག་ཅིག་ཡོད་པའི་ཁྲོད་ཀྱི་གལ་ཆེ་ཤོས་ཤིག་ནི་མགར་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་གློག་བརྙན་ ‘སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་’ ཞེས་པ་དེར་བལྟས་ནས་ང་ལ་ཁོང་གི་སྐུ་ཚེའི་ཀྱག་ཀྱོག་གི་བརྒྱུད་རིམ་དེ་ཚོ་ལ་དོ་སྣང་དམིགས་བསལ་བ་ཞིག་བསླེབས་ཤིང་། གཉིས་པ་ནི་འདས་པའི་དུས་ཀྱི་ལོ་འགའི་རིང་ལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཆོས་སྲིད་རིག་གཞུང་གི་ཕྱོགས་འདྲ་མིན་ནས་བྱས་རྗེས་ཆེ་བའི་མི་སྣ་རླབས་ཆེན་པོ་རེ་རེ་བཞིན། སྐུའི་མེ་ཏོག་འཐོར་ནས་ཞིང་ཁམས་གཞན་དང་འཇིག་རྟེན་གཞན་དུ་བཞུད་ཟིན་པས་དེ་ཡིས་ངའི་སྙིང་ལ་ན་ཟུག་ཐེངས་མང་སྦྱིན་སོང་། གསུམ་པ་ནི་རང་ཉིད་ཀྱིས་ལོ་བཅུ་དྲུག་ནས་ད་ལྟ་བར་དུ་རྩོམ་ཡིག་འདྲ་མིན་སྟོང་ཕྲག་ཟིན་ལ་ཉེ་བ་ཞིག་བྲིས་པའི་ཉམས་མྱོང་ཞིག་ཡོད་པ་དང་། བཞི་པ་ནི་ང་རང་ཉིད་ལ་ཡོངས་འཛིན་རིན་པོ་ཆེའི་མཛད་རྣམ་དང་ས་སྐྱ་བདག་ཆེན་རིན་པོ་ཆེའི་མཛད་རྣམ། ས་སྐྱའི་བདག་མོ་སྐུ་ཞབས་ཀྱི་སྐུ་ཚེའི་ལོ་རྒྱུས་སོགས་བོད་ཀྱི་བླ་མའི་རྣམ་ཐར་ཁག་ཅིག་བརྩམས་པའི་ཉམས་མྱོང་ཡང་ཕྲན་བུ་ཞིག་ཡོད་པ་དག་གཞིར་བཞག་དང་། དབྱིན་ཡིག་གི་རྩོམ་ཡིག་ཀྱང་གང་འཚམ་ཞིག་བོད་ཡིག་ཏུ་བསྒྱུར་པའི་ཉམས་མྱོང་ཕྲན་བུ་ཡོད་པ། ལྷག་པར་དུ་བོད་རང་གི་མིང་ཚིག་དང་བརྡ་དག་གི་འགྲོ་སྟངས་བེད་སྤྱོད་བྱེད་ཕྱོགས་སོགས་ལ་རྒྱུས་མངའ་གང་འཚམ་ཞིག་ཡོད་པ་སོགས་ཀྱིས་བསྐུལ་ཏེ། སྤྱི་ལོ་ ༢༠༡༩ ལོའི་དབྱར་མགོ་ཚེས་མ་ཐག་ཏུ་སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚེ་སྟོད་ཀྱི་མཛད་རྣམ་འདི་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་མགོ་བརྩམས་པ་ཡིན་ལ། མགར་ཆེན་རིན་པོ་ཆེ་ལ་ཡི་གེ་ཞིག་ཕུལ་ཏེ་ལས་གཞི་འདི་གེགས་མེད་ལམ་ལྷོངས་ཡོང་བའི་གསོལ་འདེབས་སྐྱབས་འཇུག་ཀྱང་ཞུས་པ་ཡིན་ལ། ཁོང་གི་ངོས་ནས་ཀྱང་དེ་ལྟར་ཐུགས་སྨོན་གནང་བ་རྒྱུ་ཞལ་གྱིས་བཞེས་བྱུང་།
རྣམ་ཐར་འདི་དབྱིན་སྒྱུར་སྐབས་སུ་རང་ཉིད་ཀྱི་དབྱིན་ཡིག་གི་རྨང་གཞི་ཞན་པའི་རྐྱེན་གྱིས་ཐ་སྙད་དག་གི་གོ་དོན་དང་ཚིག་ཕྲེང་རེ་རེའི་གོ་དོན། ཡིག་འབེབ་རེ་རེའི་སྤྱི་དོན་སོགས་བོད་ཡིག་ཏུ་ཇི་ལྟར་བསྒྱུར་དགོས་པའི་ཐད་དཀའ་ངལ་ཡང་མི་ཉུང་བ་ཞིག་ལ་འཕྲད་པ་དང་། དེའི་སྐབས་སུ་ཁ་པར་དང་དེབ་ཏུ་པར་སྐྲུན་བྱས་ཡོད་པའི་དབྱིན་བོད་ཚིག་མཛོད་དག་ལ་ཞིབ་བསྡུར་དང་། ཡང་རང་གི་གྲོགས་པོ་ལྷ་ས་བ་ལ་རྩེ་དཔེ་མཛོད་ཁང་གི་ལས་བྱེད་རྒན་བསྟན་འཛིན་དགེ་ལེགས་ལ་དྲི་གཏུགས། འབྲི་གུང་བཀའ་བརྒྱུད་པའི་གསུང་མགུར་གྱི་རིགས་དང་མགར་ཆེན་རིན་པོ་ཆེའི་འཁྲུངས་ཡུལ་གྱི་མི་མིང་དང་གྲོང་པའི་མིང་སོགས་མཁན་པོ་བསམ་འགྲུབ་དང་བླ་མ་ཐུབ་བསྟན་ཉི་མ་སོགས་མགར་ཆེན་རིན་པོ་ཆེའི་ཞལ་སློབ་ཨ་རིར་བཞུགས་པ་དག་ལ་དྲི་གཏུགས་བྱས་པ་དང་། མཛད་རྣམ་དེབ་འདི་ནི་རྩོམ་པ་པོ་སུ་སུ་ཡིས་སྙན་ངག་གི་ཚིག་རྒྱན་ཕུན་སུམ་ཚོགས་པས་སྤྲས་ཏེ་བརྩམས་པ་ཞིག་ཡིན་འདུག་པས། དབྱིན་ཡིག་ནང་གི་ཚིག་སྙན་མོ་དེ་ཚོ་བོད་ཡིག་ཏུ་ཇི་ལྟར་འབྲི་དགོས་པའི་ཕྱོགས་སུ་རང་ཉིད་ཀྱང་སྙན་ངག་པ་ཞིག་ཡིན་པ་དེས་ཕན་ཐོགས་ངེས་ཅན་ཞིག་བྱུང་སོང་། ཡང་ཡིག་སྒྱུར་གྱི་སྐབས་སུ་ཚིག་སྒྱུར་དོན་སྒྱུར་སོགས་སྒྱུར་ལུགས་མི་འདྲ་བ་དུ་མ་ཞིག་ཀྱང་ལག་ལེན་དུ་བསྟར་དགོས་བྱུང་སོང་། དབྱིན་ཡིག་གི་མ་དེབ་ནང་དུ་ཚིག་འགྲེལ་ཁག་གང་འཚམ་ཞིག་ཡོད་ཀྱང་བོད་རིགས་ཀློག་པ་པོ་མང་ཆེ་བས་དེ་ཚོ་སྔ་ས་ནས་ཤེས་རྟོགས་བྱུང་ཡོད་པ་དང་དུས་ཚོད་གྲོན་ཆུང་ལ་དམིགས་ནས་དེ་ཚོ་བསྒྱུར་མེད།
མགར་ཆེན་རིན་པོ་ཆེ་མཆོག་གིས་ཁོང་གི་མཛད་རྣམ་དེབ་གཉིས་པའི་གླེང་བརྗོད་དུ་གསུངས་པ་བཞིན། སྐྱེས་བུ་དམ་པ་གང་ཞིག་ཡིན་ཡང་དང་པོར་ཐུགས་བསྐྱེད། བར་དུ་ཚོགས་བསགས། ཐ་མར་སངས་རྒྱས་པ་ཤ་སྟག་ཡིན་པ་མ་གཏོགས། དང་པོ་ཉིད་ནས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཞིག་ཡོང་མི་སྲིད་པ་ཡིན་པས། རྗེ་འདི་ཉིད་ཀྱི་སྐུ་ཚེ་འདིའི་ལོ་རྒྱུས་ལ་མཚོན་ན་འབྲོག་པའི་བུ་ཆུང་གཤིས་ཀ་རྒོད་པོ་ཞིག་མ་རབས་པྲ་ཚགས་ཀྱི་བྱིས་པའི་དུས་ཀྱི་ལོ་ཟླ་རིམ་བརྒྱུད་ཀྱིས། དགའ་སྐྱོ་ཆགས་སྡང་གི་སྐུ་ཚེའི་འགྱུར་བ་མང་པོ་ཞིག་བརྒྱུད་དེ། ཁོང་གི་བླ་མ་དམ་པའི་སྐུ་དྲིན་དང་རྗེ་རང་ཉིད་ཀྱི་ཐུགས་བསྐྱེད། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་གསུམ་འཛོམས་ཀྱིས་ང་ཚོའི་སྐྱབས་དང་སྐྱོབས་པ་མགོན་དང་དཔུང་གཉེན་དམ་པར་བཞེངས་ཏེ། ལྷ་དང་མིར་བཅས་པའི་སྐྱེ་འགྲོ་གྲངས་ལས་འདས་པ་ཞིག་སྨིན་གྲོལ་གྱི་ལམ་དུ་བཀོད་དང་འགོད་བཞིན་པ་ལགས་ཤིང་། གོང་སྨྲོས་བཞིན་ཐེངས་འདིར་གུས་པས་བྱི་བས་གླང་ཁུར་བླངས་ཏེ་རྗེ་འདི་ཉིད་ཀྱི་མཛད་རྣམ་བོད་སྒྱུར་གྱི་ལས་གཞི་འདི་མགོ་རྩོམ་པའི་སྐབས་སུ་རྗེ་ཉིད་ལ་ལས་གཞི་འདི་ལ་བར་ཆད་མེད་པར་ལེགས་འགྲུབ་ཡོང་བའི་སྐྱབས་འཇུག་ཞུས་པ་བཞིན་ཐུགས་བརྩེ་བ་ཆེན་པོས་ཐུགས་སྨོན་གནང་བ་ཡི་མཐུ་བྱིན་དང་། རྩ་གསུམ་ཆོས་སྐྱོང་སྲུང་མའི་མཐུ་དང་ནུས་པའི་སྡོང་གྲོགས་དང་། ཁོང་གི་རྗེས་འཇུག་བོད་ཡིག་ཀློག་པ་པོ་དག་གི་བསོད་ནམས་ཀྱི་དབང་གིས་མཛད་རྣམ་དབྱིན་སྒྱུར་གྱི་བྱ་བ་འདི་གེགས་མེད་ལེགས་འགྲུབ་བྱུང་བ་ལགས། རང་ཉིད་ལ་མཚོན་ན་དབྱིན་ཇིའི་སློབ་གྲྭར་འགྲོ་མགོ་བཙུགས་སྐབས་ལོ་ན་སུམ་ཅུ་སོ་བདུན་ལ་བསླེབས་ཟིན་པ་དང་། སློབ་གྲྭར་ཡང་ལོ་གཅིག་དང་ཕྱེད་ཙམ་གྱི་རིང་ལ་དགོང་མོའི་ཆུ་ཚོད་རེ་ཟུང་ལ་ཕྱིན་པ་ཙམ་མ་གཏོགས་བྱུང་མེད་པ་ཡི་རྐྱེན་གྱིས། དབྱིན་ཡིག་གི་ཡོན་ཚད་ཧ་ཅང་དམའ་བའི་དབང་གིས་ནོར་འཁྲུལ་མང་པོ་ཞིག་ཤོར་ཡོད་པ་གདོན་མི་ཟ་བས། ཀློག་པ་པོ་དག་གིས་དེ་ལུགས་དགོངས་བཞེས་ཡོང་བ་ཞུ་རྒྱུ་དང་། རྣམ་དཀར་ཕྲ་མོ་འདི་ཉིད་ལ་བརྟེན་ནས་རྗེ་བླ་མ་མགར་ཆེན་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཁོང་གི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་མུ་མཐུད་དུ་འཛམ་གླིང་འཛིན་མའི་ཁྱོན་ཀུན་ཏུ་ལྷུང་ལྷུང་བབས་ཏེ། འགྲོ་བ་སེམས་ཅན་གྲངས་ལས་འདས་པའི་ཉོན་མོངས་དུག་གསུམ་གྱི་སྐོམ་གདུང་ལྷག་མེད་དུ་སེལ་བའི་མཛད་འཕྲིན་རླབས་ཆེན་འདི་ཉིད་དར་རྒྱས་ཡོང་བའི་སྨོན་འདུན་ཞུ་ཞུ་ཞུ།།
མཛད་རྣམ་བོད་འགྱུར་མ་འདིར་གཟིགས་འདོད་ཡོད་མཁན་ཚོས་གཤམ་གསལ་འབྲེལ་ཐག་བརྒྱུད་དེ་འབྲེལ་བ་གནང་རོགས།
https://garchenbiography.us/tibetan-translation?fbclid=IwAR19BymW9WyWflAY_q7BjGINOvQ2vsyrurxkBejU1Iu-UWOnXONt1YdN6es
ཕ་མ་སེམས་ཅན་བདེ་དང་ལྡན་གྱུར་ཅིང་། །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་བ་དང་། །བྱང་ཆུབ་སེམས་པ་གང་ན་སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག།
🙏🙏🙏🙏🙏🙏🙏🙏🙏
བླ་མ་ཆོས་དབྱིངས་ཡེ་ཤེས་རིན་པོ་ཆེ་འམ་ཀླུ་སྨྱོན་ཧེ་རུ་ཀ་ལགས་ནས་བོད་བསྒྱུར་ཞུས་པ་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེའི་རྣམ་ཐར་ “ཚེ་རབས་ཀྱི་བླ་མ་” ཞུ་བ་དེ་ཉིད་ཕྲན་རང་ལ་སྦྲག་བརྒྱུད་འབྱོར་མ་ཐག་དགའ་དད་སྤྲོ་སེམས་ཆེན་པོས། རེས་གཟའ་པ་སངས་ཉིན་རྒྱབ་ནས་དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱབ་བར་ཆ་ཚང་མཇལ་རྒྱུའི་སྐལ་བཟང་བྱུང་བར་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་མཆོག་དང་། ཧེ་རུ་ཀ་རིན་པོ་ཆེ། དབྱིན་ཡིག་མ་དེབ་རྩོམ་པ་པོ་སུ་སུ་བཅས་གསུམ་ཀ་ལ་ལག་གཉིས་ཐལ་མོ་སྦྱར་ཏེ་སྙིང་ཐག་པ་ནས་བཀྲིན་བླ་མེད་དུ་ཆེ་ཆེ་ཞུ་འདོད་བྱུང་། ལྷག་དོན་ཆོས་དབྱིངས་ཡེ་ཤེས་རིན་པོ་ཆེ་ཀླུ་སྨྱོན་ཧེ་རུ་ཀ་ལགས་ནས་དབྱིན་སྐད་ལ་གསན་བསམ་ཧ་ཅང་འཕྱི་དྲགས་པ་ཡིན་གསུངས་ཀྱང་། རྣམ་ཐར་བོད་བསྒྱུར་མ་ཚད་ལྡན་འདི་འདྲ་ཞིག་དུས་ཐུང་ལོ་གཅིག་ལྷག་ཙམ་གྱི་ནང་བསྒྲུབས་ཐུབ་པ་བྱུང་པའི་མཛད་བཟང་སྙིང་སྟོབས་དང་། ལྷག་བསམ་རུ་ངར་ལ་ནམ་ཡང་ཡི་རངས་ཡོད། རང་ཉིད་ཀྱི་མྱོང་ཚོར་ཐུང་ཙམ་ཞུས་ན། རྣམ་ཐར་འདི་སྲོལ་རྒྱུན་འབྲི་སྲོལ་གྱི་འགྲོས་དང་ཆེས་ཆེར་མི་འདྲ་ལ། བླ་མས་ཀྱང་། སྐུ་ཚེ་གཅིག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར། འདི་ཨ་ཐད་དང་མི་ཐད་ཀྱིས་གཡོ་ཟོལ་མེད་པ། ཁ་རི་ཁ་ཐུག་གསུངས། མིག་ལམ་དུ། བླ་མ་དང་རྩོམ་པ་པོ། བླ་མ་དང་ལོ་ཙྭ་བ་བཅས་ཀྱི་བླ་སློབ་ཀྱི་འབྲེལ་བ་སྔོན་ལས་བཟང་པོས་བསྐྲུན་པའི་རང་རྟགས་ཡིག་ལམ་ནས་མངོན་ཐུབ་པ་འདུག་སྙམ། ཞར་བྱུང་དུ། བོད་བཙན་པོའི་སྐབས་ཀྱི་ཀོང་ཇོ་དང་། བློན་པོ་མགར་དང་། ཆོས་རྒྱལ་བཀྲིན་ཅན་ཚོའི་ལོ་རྒྱུས། མགར་ཆོས་ལྡིངས་པའི་མི་རྒྱུད་འཕེལ་རིམ་དང་། འབྲི་གུང་བསྟན་བདག་སྐུ་ར་འཇིག་རྟེན་གསུམ་མགོན་དང་། ཆོས་སྲུང་ཨ་ཕྱི་ཆོས་སྒྲོན་སོགས་ཀྱི་ལོ་རྒྱུས། འབྲི་གུང་པའི་བྱ་བཏང་གྲུབ་ཐོབ་རྣལ་འབྱོར་པ་དག་གིས་ཐུན་མིན་ཕྱག་རྒྱ་ཆེན་པོ་དང་། བྱང་ཆུབ་ཀྱི་སེམས་ཀྱི་སྒོམ་སྒྲུབ་ཐོག།རྩ་རླུང་ལ་དབང་ཐོབ་པའི་རྟགས་སུ་ནམ་མཁར་འཕུར་བའི་ལོ་རྒྱུས་མངོན་སུམ་མ། གངས་རིའི་འབྲོག་པ་ཚོས་ངག་རྒྱུན་ནས་ཀྱང་ཆུ་བུར་མིག་གིས་ཡང་ཡང་མཇལ་མྱོང་བའི་ལོ་རྒྱུས། མགར་ཆེན་བླ་མ་རིན་པོ་ཆེ་སྐུ་ཕྲེང་དག་གི་རྣམ་ཐར། ནང་ཆེན་རྒྱལ་ཕྲན་བྱུང་འཕེལ། མགར་ཆེན་རིན་པོ་ཆེའི་སྐུ་ཚེའི་རྣམ་ཐར་ནང་། ཐོག་མ་རྒྱ་དམག་ཕ་ཡུལ་དང་དགོན་པར་ཡོང་སྟངས། དམིགས་བསལ་བཙོན་ཁང་ནང་གི་གནས་ཚུལ། སྐབས་དེར་ཁོང་དང་བླ་མ་མཁན་ཆེན་མུན་སེལ་རིན་པོ་ཆེ་མཇལ་འཕྲད་བྱུང་བ་ལ་བརྟེན་ནས། ཕྱག་རྫོགས་སྣང་སེམས་རོ་གཅིག་པའི་བློ་སྦྱོང་གཏོང་ལེན་ཉམས་བཞེས་མཛད་ཚུལ་སོགས་ཀྱི་ལོ་རྒྱུས་ངོ་མཚར་ཅན་དང་། གདམས་ངག་སྙིང་བཅུད་མང་པོ་འཇོ་རྒྱུ་འདུག་ལགས། མདོར་ན། མགར་ཆེན་རིན་པོ་ཆེའི་རྣམ་ཐར་འདིས་བོད་ཀྱི་སྐད་ཡིག་དང་གོམས་སྲོལ། ཆོས་དང་རིག་གཞུང་། ལོ་རྒྱུས་དང་ཆབ་སྲིད་ཀྱི་གནད་དོན་མང་དག་ཞིག་ལ་སྤྱི་སྨན་གྱི་ཞབས་འདེགས་རླབས་པོ་ཆེ་བསྐྱངས་འདུག་པས། བཀྲིན་བླ་མེད་དུ་ཆེ་ཞུ་བ་དང་ཆབས་ཅིག རང་རེ་བོད་རིགས་གང་མང་གིས་ངེས་པར་དུ་མཇལ་ཐུབ་པའི་རེ་སྨོན་ཞུ།།
ཚེ་དཔག་རིག་འཛིན་ལགས་ནས་ཁོ་བོའི་བསྒྱུར་དེབ་བཀླགས་པར་ཐུགས་རྗེ་ཆེ་ཞུ། དེབ་གཉིས་པ་ཡང་བསྒྱུར་ཐུབ་པའི་སྨོན་ལམ་འདེབ་བཞིན་ཡོད། ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གིས་ཁོ་བོར་དེའི་སྐོར་བཅར་འདྲི་ཞུས་པ་འདི་ནས་གསན་ཐུབ།
https://www.rfa.org/tibetan/society/life-of-lama-garchen-rinpoche-02172021092541.html
བླ་མ་ཆོས་དབྱིངས་ཡེ་ཤེས་རིན་པོ་ཆེ་ལགས། བཀྲིན་ཆེ། དཔེ་ཡག་པོ་གསལ་བཤད་གནང་སོང་ལགས།།
ཡིད་སྐྱོ་བའི་བསམ་ཚུལ་འགའ།
མངོན་གསལ་ཞིག་ལ། རྡམ་རམ་ས་ལ་ནས་ཁྱབ་པའི་ཏོག་དབྱིབས་རིམ་ནད་ཐད་བོད་གཞུང་གིས་བཀག་སྡོམ་འཐུས་ཚང་ཞིག་བྱེད་མ་ཐུབ་པ་འདི་ནི་བཙན་བྱོལ་བོད་མི་དམངས་ཀྱིས་ཧ་གོ་དོན་རྟོགས་ཀྱི་གནས་ཚུལ་རེད། རང་ཉིད་བོད་རྒྱུད་ནང་པ་ཞིག་གི་ངོས་ནས་ཉིན་ཚན་མེད་པ་གསོལ་འདེབས་བྱས་ཀྱང་ད་ཡོད་གནས་ཚུལ་ངན་པ་འདི་འགྱུར་ལྡོག་གཏོང་ཐུབ་དཀའ། ཚང་མས་བསམ་བློ་གཏོང་དགོས་པ་ཞིག་ནི། ང་ཚོས་དམངས་གཙོའི་ལམ་ལུགས་གཞི་བཟུང་ནས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་དང་ཁོང་གིས་སྣེ་ཁྲིད་པའི་སྲིད་གཞུང་གིས་ཏོག་དབྱིབས་རིམ་ནད་བཀག་སྡོམ་ཐད་ལ་ཉམས་ཆེ་ནུས་ཆུང་ཆགས་ཡོད་པ་རེད། བློ་སེང་ནི་རང་ཉིད་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཞིག་གི་གོ་གནས་ལ་མ་བསྡད་པར་རྒྱ་གར་གཞུང་གི་འོག་གྲོང་ཁྱེར་ཞིག་གི་མགོ་འཛིན་ཡིན་པ་ལྟར་ཧམ་སེམས་དང་སྣང་བ་སྐྱིད་པོ་བྱེད་ཀྱི་ཡོད་པ་རེད། དྲ་ལམ་ནས་གསལ་བ་ནི་བློ་སེང་རྒྱུན་དུ་བོད་མིའི་ཚབ་བྱེད་ནས་རྒྱལ་སྤྱིར་རོགས་རམས་དང་རྒྱབ་སྐྱོ་བཙལ་དང་བཙལ་བཞིན་པ་རེད། རེས་འགའ་ཨ་རི་ཕོ་བྲང་དཀར་པོ་ཕྱིན་པ་དང་། རེས་འགའ་རྒྱ་གར་གྱི་དཔོན་པོ་གྲགས་ཅན་ཁག་མཇལ་འཕྲད་བྱེད་པ། ཡང་ན་ཆེ་གེ་མོ་་ཞིག་ལ་མཚམས་འདྲིའི་ཡི་གེ་གཏོང་བཞིན་བསྡད་པ་ལས་ཁོང་གིས་བོད་གཞུང་གི་སྣེ་ཁྲིད་ནས་རིམ་ནད་འགོག་བཅོས་ཐབས་ལམ་འོས་ཤིང་མཚམས་པ་ཞིག་བཙལ་དགོས། དེ་ཡང་ཚན་རིག་དང་མཐུན་པའི་ཐོག་ནས་རིམ་འགོག་བྱེད་ཐབས་ཤེས་དགོས། རྒྱ་གར་གཞུང་གིས་དེ་སྔོན་ནས་རིམ་འགོག་སྨན་ཁབ་ཐོན་སྐྱེད་བྱེད་ཚར་ནས་ཕྱི་ཡི་རྒྱལ་ཁབ་མང་པོ་ལ་ཕྱིར་གཏོང་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་རྡ་རམ་ས་ལའི་ཁྱབ་ཁོངས་བཙན་བྱོལ་བོད་མི་ག་ཚད་ལ་རིམ་འགོག་སྨནཁབ་རྒྱག་ཡོད། འོ་ན་རྒྱ་གར་གྱི་མི་ཚོས་བོད་མི་རྣམས་ལ་སངས་རྒྱས་ཀྱི་བྱིན་རླབས་ཡོད་པ་རེད་དྲན་ནས་རིམ་འགོག་སྨན་ཁབ་མི་སྤྲད་པ་ཡིན་ནམ། འདིའི་ཐད་དངོས་གནས་ཡིད་སྐྱོ་སེམས་སྡུག་གི་ཆག་སྒོ་ཞིག་་རེད། དེ་ལས་ཛ་དྲག་གི་གནས་ཚུལ་ཞིག་ནི། རང་ཅག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་གོང་ས་སྐྱབས་མགོན་ཆེན་པོ་ཀྱང་རིམ་ནད་ཀྱི་འཇིགས་སྐུལ་འཕྲད་ཡོད་པ་རེད་། གོང་ས་མཆོག་དགོང་ལོ་བརྒྱད་བཅུ་ལས་བརྒལ་བར་ཉེན་ཁའི་གནས་སུ་བཞུགས་ཡོདཔ་རེད། རྒས་གསོ་ཁང་འགའ་ཤས་ལ་རྒན་གོག་མང་པོ་ཞིག་ལ་ཏོག་དབྱིབས་རིམ་ནད་ཕོག་པ་ཡོངས་གྲགས་རེད། གོང་ས་སྐྱབས་མགོན་ཆེན་པོའི་འཕྲོད་སྟེན་བདེ་འཇགས་ལ་སེམས་ཁྲལ་ཆེན་པོ་འདུག དེས་ན་བློ་བཟང་སེང་གེས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་འདི་ཡིས་འཚབ་ཆེས་གནས་ཚུལ་ལ་དོ་སྣང་ཡང་ནས་ཡང་དུ་གནང་བར་སྨོན། དེ་ཡང་སྤེན་པ་ཚེ་རིང་དང་། སྐལབཟང་རྡོ་རྗེ་གཉིས་ཀྱིསའདི་ཕྱོགས་ཀྱི་བསམ་འཆར་དང་ལས་འཆར་མི་དམངས་ཚོ་ལ་གསུང་རོགས་ཞུ།