འཐུ་སྒྲུབ་རྗེས་འོང
རླུང་གིས་བསྐྱེད་པའི་མགོ་ནད།༼མགོ་རླུང་ཡང་ཟེར།༽
རྒྱུ་རྐྱེན། ཁ་ལ་རྩུབ་པའི་ཟས་བསྟེན་མང་བ། གཉིད་ཆག་པ། ག་ཆད་དུ་ངུ་མང་བ། སྨྲ་བརྗོད་མང་བ་སོགས་མདོར་ན་སེམས་ལས་ཏེ་ཀླད་པ་བཀོལ་མང་བ་དང་ལུས་ལ་དྲག་ཤུལ་གྱི་རྐྱེན་ཐེབས་ནས་བསླངས་པ་ཡིན།
ནད་རྟགས། སྟོང་སྐྱུགས་ལངས་པ། མུར་འགྲམ་ཟུག་པ། སོ་དང་སྨིན་མཚམས་ན་བ། མིག་མི་གསལ་བ། རྣ་བ་འུར་བ། དགུང་དང་ཐོ་རེངས་དུས་སུ་ལྡང་དུབ་ཡང་ཡང་བྱེད་པ། སྣུམ་དུགས་བྱས་བ་བདེ་སྙམ་བྱུང་བ། རྩ་ཆུ་ལའང་རླུང་རྟགས་ལྡན་པ་ཡིན།
མཁྲིས་པས་བསྐྱེད་པའི་མགོ་ནད།
རྒྱུ་རྐྱེན། མེ་དང་ཉི་མ་སོགས་ཀྱིས་གདུང་བ། ཆང་མང་དུ་བཏུང་བ། སྣུམ་བཅུད་ཅན་གྱི་བཟའ་བཏུང་ལོངས་སུ་སྤྱོད་མང་བ་བཅས་ཀྱིས་མཁྲིས་པར་གྱུར་བའི་མགོ་ནད་བསླང་བ་ཡིན།
ནད་རྟགས། མགོ་ནད་མཁྲིས་གྱུར་དེའི་རྟགས་ནི་རིམས་དང་འདྲ་བར་མགོ་ལུས་ཚ་བ་དང་ཁ་ཁ་བ། སྐྱུག་མེར་ལངས་པ། སྐབས་སུ་མཁྲིས་ཁུ་ཉུང་ཉུང་སྐྱུགས་པ། མགོ་བོར་ན་ཟུག་ཆེ་ཞིང་ཅུང་གྲང་ན་བདེ་སྙམ་བྱེད་པ་ཡིན།
རྒྱུ་རྐྱེན། མང་ཆེ་བ་ཤ་ཆང་སོགས་དྲོད་བཅུད་ལྡན་པའི་ཟས་སྐོམ་བསྟེན་མང་བས་ཁྲག་འཕེལ་བའམ་ཁྲག་རྒྱས་པའི་རྐྱེན་གྱིས་ཡིན།
ནད་རྟགས། ཨོལ་གོང་གཡས་གཡོན་གཉིས་རྒྱངས་ཤིང་ན་བ་དང་རོ་སྟོད་ཁེངས་པ། མུར་འགྲམ་འཁྱུག་ཅིང་གཟེར་བ། མགོ་བོ་ལྕི་འཐོམས་སུ་འགྱུར་ཞིང་མིག་སྤྲིན་དམར་བ། དྲག་ཤུལ་དང་ཉི་མའི་དྲོད་སོགས་ཚན་མོའི་རིགས་མི་བཟོད་པ། རྩ་ནི་འབུར་ལ་འདྲིལ་བར་འཕར་ཞིང་ཆུ་ལ་དམར་མདོག་འཆར་བ་བཅས་ཀྱི་རྟགས་ཡོད།
རྒྱུ་རྐྱེན། བཟའ་བཏུང་ལྕི་སྣུམ་རིགས་དང་སྤྱོད་ལམ་དྲག་ཤུལ་གྱི་རྐྱེན་གྱིས་བད་མཁྲིས་ལས་གྱུར་པའི་མགོ་ནད་འབྱུང་བ་ཡིན།
ནད་རྟགས། བད་མཁྲིས་ལས་བསྐྱེད་པའི་མགོ་ནད་དེ་ནི་བད་ཀན་གྱི་དབང་གིས་ཕོ་བ་མི་བདེ་བ། མཁྲིས་པའི་དབང་གིས་མེ་དང་ཉི་མས་དྲོད་ཚེ་གནོད་པ། སྐྱུག་མེར་ལངས་པ། གཡས་ཀྱི་རྩིབ་ངོས་དང་ཕྲག་རྒྱབ་ན་བ། ཁྱད་པར་དུ་མགོ་བོ་གཟེར་ནས་ན་བ་བཅས་ཀྱི་རྟགས་ཡོད།
རྒྱུ་རྐྱེན། བཟའ་བཏུང་བཅུད་མེད་བསྟེན་པ། མ་གོམས་རུལ་སུངས་རིགས་སོགས་མདོར་ན་འཇུ་དཀའ་བའི་རིགས་ཟོས་ནས་མ་ཞུ་བའམ་ཕོ་བའི་མེ་དྲོད་ལ་གནོད་པ་ཐེབས་པ་ནས་རླུང་བསྐྱེད་པ་ནི་བད་རླུང་གི་རྐྱེན་ཡིན།
ནད་རྟགས། མགོ་བོ་ན་བ་དང་མགོ་ལྕི་ཞིང་མགོ་ཡུ་འཁོར་བ། ཟས་ཀྱི་རོ་མི་ཞིམ་པ། ཡི་ག་ལྡོག་པ། ཐོ་རེངས་དུས་སུ་ལྦུ་སོབ་ལུ་བ། རྣ་བ་འུར་བ་དང་མིག་མི་གསལ་བ། འགྲོ་བའི་ཚེ་རླུང་གིས་བསྐྱོད་པ་བཞིན་ཡང་ན་འགྱེལ་བའང་སྲིད། རྩ་བྱིང་ལ་ཕྲ་བ་དང་ཆུ་ནི་དཀར་སྔོ་ལྦུ་སོབ་མཐོང། ལྕེ་དམར་ལ་ལྕེ་གཞུང་སྐྱ་ཞིང་སྐམ་པ་མཐོང་བ་ཡིན།
རྒྱུ་རྐྱེན། མཁྲིས་པའི་ནད་ཀྱིས་ལུས་ཟུངས་བསྲེགས་ནས་ཞན་པར་གྱུར་པ་དང། རླུང་ནི་ཚ་གྲང་གཉིས་ཀའི་གྲོགས་སུ་འགྲོ་བ་ཡིན་པས་རླུང་གི་བསྡོངས་ཟླ་བྱས་ནས་རླུང་མཁྲིས་ཉིས་ལྡན་དུ་འགྱུར་བ་ཡིན།
ནད་རྟགས། རླུང་མཁྲིས་ཀྱི་མགོ་ནད་དེས་མིག་རུས་དང། དཔྲལ་བ། མུར་འགྲམ། བཅས་ན་བ། བཀྲེས་དུས་དང་གྲང་དུས་ལྡང་བ། མཁྲིས་པའི་དབང་གིས་དྲོད་དུས་དང་ཉིན་དགུང་ལྡང་བ། སྤྱིར་དྲོད་གྲང་ངེས་མེད་དུ་ན་བ་དང་གནས་ཀྱང་ངེས་མེད་དུ་གཟེར་ལ་ཅུང་བསིལ་ཚེ་བདེ་སྙམ་བྱེད་པ་བཅས་ཀྱི་རྟགས་ཡོད།
རྒྱུ་རྐྱེན། མན་རྒྱུད་ལས། རྣམ་པ་གདོན་དང་མྱ་ངན་བྱུར་ཆགས་ཀྱིས། བསྐྱེད་ཕྱིར་འདི་ལ་གཉན་གྱིས་འཁྲི་ཡང་ཆེ། ཞེས་བསྟན་པ་ལྟར། དེ་ལས་གདོན་ཞེས་པ་ནི་གྲིབ་ཀྱི་དོན་དང། གྲིབ་ནི་མི་གཙང་བའི་དོན། དེ་དང་བྱུར་ཆགས་ཀྱིས་བསྐྱེད་པའི་གཉན་ཏེ་སྲིན་ཕྲན་གྱི་རྐྱེན་ཡིན།
ནད་རྟགས། སྤྱིར་ཟས་སྤྱོད་ཀྱི་ཕན་གནོད་ཆུང་ཞིང་མགོ་བོ་ཀོ་ལེར་གཟེར་ཟུག་དྲག་པོ་ལྡང་བ། སེམས་འཁྲུགས་པ། རྒྱ་སྲུབས་སྐྲངས་ཤིང་སྣབས་ལུད་དམར་པོ་འབྱུང་བ། ལྡང་དུབ་ཡང་ཡང་དུ་བྱེད་པ་བཅས་ཀྱི་རྟགས་ཡོད།
ཁྲག་རླུང་གིས་བསྐྱེད་པའི་མགོ་ནད།༼དེང་སང་ཁྲག་ཤེད་མཐོ་བའི་ནད།༽
རྒྱུ་རྐྱེན། ཡི་གེ་འབྲི་ཀློག་དང་ཀླད་པའམ་སེམས་ཀྱི་ལས་ཆེས་དྲག་པའི་རྐྱེན་གྱིས་ཁྲག་རླུང་གཉིས་བསྡོངས་པའི་ནད་དེ་འབྱུང་བ་ཡིན།
ནད་རྟགས། མགོ་བོ་ལྕི་ལ་འཐིབས་པ་དང་སྐབས་སུ་ན་བ། ཆང་དང་དུ་བ་ཤ་མར་སོགས་གནོད་པ། མང་ཆེ་བར་མདུན་རྒྱབ་སྦྲགས་ནས་ན་བ། ཁྱད་པར་དུ་སོག་རྒྱབ་ན་བ། བདེ་སྡུག་ངེས་མེད་དུ་འབྱུང་བ་སོགས་ངོས་འཛིན་དཀའ་བའི་རྟགས་སྣ་ཚོགས་འབྱུང་སྲིད་པ་ཡིན། དེང་སང་ཁྲག་ཤེད་བརྟག་ཆས་ཡོད་པས་དེས་བརྟག་ཚེ་ཁྲག་ཤེད་མཐོ་ན་ཁྲག་རླུང་གི་ནད་ཡིན་པ་ཤེས་ཐུབ་དགོས་སོ།
རྩོམ་ཡིག་འདི་ཏག་ཏག་ང་དགོས་བསྡད་ཡོད། ངས་རང་གི་གྲོགས་པོ་ཆུ་ཚན་དུ་ཁྲིད་ཡོང་ནས་ཉིན་འགའ་འགོར་མོད། ཁ་ཉིན་ནས་མགོ་ན་ཞིང་སྐྱུག་མེར་ལངས་བ་སོགས་བྱས་ཏེ་ངེད་གཉིས་ཀ་བདེ་པོ་སྐྱིད་པོ་ཞིག་རྩ་ནས་ཡོང་གི་མི་འདུག ད་ཡིན་ན་ཁོང་གི་མགོ་ནད་དང་སྐྱུགས་མེར་ལངས་པ་སོགས་ལ་ཁྱོད་ཀྱི་རྒྱུན་ཤེས་འདི་དག་ལས་རེ་གཉིས་ཐོད་ཐུག་འདུག་བསམ་བྱུང་། བཀའ་དྲིན་ཆེ་ལགས་འཚོ་བྱེད་བུ།
རྗེས་སུ་བཀའ་འདྲི་རེ་གཉིས་ཞུ་ཆོག་པ་ཞུ།
འཚོ་བྱེད་གཞོན་ནུས་བཀའ་དྲིན་ལ་བརྟེན་ནས། མགོ་ནད་ཙམ་མ་ཟད། ང་ཚོའི་དཀའ་ངལ་གཉིས་པ། བོད་ཀྱི་སྐད་ཡིག་གི་དག དག་ལ་དག་ཆ་གཅིག་མཚུངས་ཡོང་ཕྱིར་འདིར།
་་་་་ གཉིད་ཆག་པ། རུལ་སྲུངས། མགོ་ཡུ་འཁོར་བ། སྣབས་ལུད། ཁྲག་ཤེད་བརྟག་ཆས། ་་་
སོགས་དག་ཆ་ཐད་ལྡན་དུ་མཐོང་ལ། སྤྱིར་བཀའ་འགྱུར་ནང་ནས། འདུལ་བའི་སྐོར་དང་། སྐྱེས་རབས། བོད་ནང་གི་རྗེ་མི་ལའི་རྣམ་ཐར་དང་། བཀའ་གདམས་པའི་གསུང་ཐོར་བུ་རྣམས་དང་།
ཡང་འདིར་འཁོད་པ་ལྟར། བོད་ཀྱི་གསོ་བ་རིག་པ་ནས་སྲོག་ཆགས་དང་། ཤིང་སྣའི་རིགས་སོགས་ཀྱི་མིང་བརྡ་འཕྲོད་པ་ལ། བོད་ཀྱི་ན་གཞོན་ཚོས། འབད་པ་དམིགས་བསལ་ཅིག་བསྟེན་ཐུབ་ན། བོད་ཀྱི་སྐད་ཡིག་ཡར་རྒྱས་ཕན་ཐོགས་ཤིན་ཏུ་ཆེ་བར་འདུག་གདའ། བོད་ཀྱི་མ་འོངས་་སོན་རྩ་ཚོ།
“དག་”གཅིག ཐོལ་འདུག དགོངས་དག
མཆན་འབྲི་བ་རྣམས་ལ་ཐུགས་རྗེ་ལན་བརྒྱར་ཞུ། མ་འོངས་པར་སྤྱི་ཚོགས་ཀྱི་དོན་དངོས་མ་མཐོང་བར་གང་བྱུང་མཆན་འབྲི་མ་གནང་བར་ང་ཚོ་ཚང་མས་ཁ་བརྡ་དྲྭ་རྒྱ་བེད་སྤྱོད་ལེགས་པོ་ཞིག་གཏོང་དང།
བཟོད་རྒྱམ་ལགས།
བོད་སྨན་གཞུང་གི་དངོས་བསྟན་གཞིར་བཞག་ན། ཚུ་ཚན་ལ་རིགས་ལྔ་ཡོད་དེ།
༡ རྡོ་སོལ་དང་ཅོང་ཞི་གཉིས།
༢ རྡོ་སོལ་དང་མུ་ཟི་གཉིས།
༣ རྡོ་སོལ་དང་བྲག་ཞུན་གཉིས།
༤ རྡོ་སོལ་དང་ཅོང་ཞི་མུ་ཟི་གསུམ།
༥ རྡོ་སོལ་དང་མུ་ཟི་བྲག་ཞུན་ལྡོང་རུས་བཞི་འདྲེས་པ་བཅས་ལས་ཆུ་ཚན་རིགས་དེ་དག་གི་དབྱེ་བ་ཐོན་ཡོང་གི་ཡོད་པ་རེད་ལ། དེ་དག་བསྟེན་སྟངས་དང་ཕན་ནུས་སོགས་ཀྱང་སོ་སོ་ནས་ཡོད་ལ་ཁྱེད་དང་ཁྱེད་ཀྱི་གྲོགས་པོ་གཉིས་ཀྱིས་རིགས་གང་གི་ཆུ་ཚན་སྟེན་བཞིན་ཡོད་མིན་མི་ཤེས་པས་དེ་དག་ཚང་མའི་ནུས་པ་རོབ་བསྡུས་ཞིག་བཤད་རྒྱུ་ཡིན། ༡ ཚ་བས་ནད་སེལ། ༢ གྲང་ནད་དང་ཆུ་སེར་འཇོམས་ཀྱང་། ཅུང་རྩུབ་པས་རླུང་ལ་གནོད། ༣ བསིལ་དྲོད་སྙོམས་པས་ལྡན་འདུས་ཀྱི་ནད་སེལ། ༤ ནད་ཀུན་ལ་ཕན་ཞིང་ཁྱད་པར་དུ་གྲང་གཞིའི་ནད་སེལ། ༥ ཚ་བ་དང་ལྡན་པའི་ཆུ་སེར་རིགས་ལ་ཕན་པ་བཅས་ཡིན།
སྤྱིར་བཻ་སྔོན་ལྟར་ན་རང་བྱུང་གི་ཆུ་དེ་ཚ་བོ་ཡོང་བའི་རྫས་གཙོ་བོ་ནི། རྡོ་ཞོ་ཡིན་དེ། དེ་ཉིད་ལས། ཆུ་ཚན་འབྱུང་བའི་རྒྱུ་ནི་གཙོ་བོ་རྡོ་སོལ་ཁ་ན་ཉིད་ཡིན་ལ། ཞེས་དང་། ཡང་། སྤྱིར་བད་ཀན་རང་རྒྱུད་ཀྱི་ནད་ལ་བསྔགས་པའི་རྡོ་ཐལ་གྱི་རྒྱུ་དེ་ལ་ནང་གསེས་རྟགས་དང་ནུས་པ་མི་འདྲ་བ་རིགས་ལྔ་ཡོད་པའི་ནང་ནས་རྡོ་འཇུ་ཞིང་རྩ་ཁ་སྡོམ་པའི་ནུས་པ་དང་ལྡན་པ་འཕྲལ་བལྟས་སྔོ་ནག་ཆར་སྤྲིན་མདོག་ཅན་དེ་ཉིད་ཕན་ཚུན་བརྡབས་ན་ཁ་རུ་ཚའི་དྲི་བྲོ་བའི་རྡོ་དྲི་མ་ཅན་ནམ་དེང་སང་རྡོ་ཞོར་འབོད་པ་འདི་ཉིད་ཡིན་ལ་དེའི་ཕུང་པོ་ཆུ་དང་འཕྲད་པ་ལས་མེ་འབྱུང་ཞིང་དེའི་དབང་གིས་ཆུ་ཡང་བསྐོལ་བར་ནུས། ཆུ་དེས་རྡོ་དེ་ཉིད་བཞུ་ནས་ཞུན་མ་ཕར་ཆེར་དཀར་པོ་དང་ལ་ལར་གྲོགས་དབང་གིས་སྣ་ཚོགས་འབྱུང་བའང་ཡོད་ལ་དེ་ལས་གཞན་པའི་ཆུ་བསྐོལ་ནུས་པའི་རྡོ་མེད་པས་ན་རྣམ་རྟོག་རྣམས་སྤོངས་ཤིག ཅེས་གསུངས་ཡོད།
ལས་རླུང་ལགས་ཀྱིས་ཆེད་དུ་བདག་ལ་འདི་ལྟར་དོ་གལ་ཆེ་བའི་རིགས་ངོ་སྤྲོད་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ། ངོ་མ་བཤད་ན་ངས་ཆུ་ཚན་ལ་རིགས་དེ་འདྲ་དབྱེ་རྒྱུ་ཡོད་པ་གཏན་ནས་མི་ཤེས། ཁྱོད་ཀྱིས་བཤད་པའི་ཕན་ནུས་ལ་བསམ་ན་ངའི་གྲོགས་པོའི་ནད་ལ་ཕན་པ་དེ་ཨང་བཞི་བ་དེ་མིན་ནམ་སྙམ།
ཨོ་རེད། ངེད་གཉིས་ཆུ་ཚན་ལ་འདུག་ས་དེ་མ་ན་ལིའི་ཕྱོགས་ཀྱི་(ཀ་ལ་ཐི་)ཟེར་བའི་ཆུ་ཚན་དེ་རེད། དེ་ཁྱོད་ཀྱིས་བཤད་པའི་ཆུ་ཚན་གང་གི་རིགས་སུ་གཏོགས་མིན་ངོ་མ་མི་ཤེས།
ངའི་གཟུགས་གཞི་བདེ་ཐང་ཡིན་མོད། འདིར་ཡོད་པའི་བོད་མི་རྒན་པ་འདི་ཚོས་བཤད་ན། སྤྱིར་ནད་མེད་ཟེར་མཀན་དག་གིས་ཀྱང་མང་པོ་འཐུང་ན་གཟུགས་པོའི་བདེ་ཐང་ལ་ཕན་ཁར་གྲོད་ཁོག་ན་ཡོད་པའི་སྙིགས་རོ་ཚང་མ་ཕྱིར་བཏོན་གི་རེད་སོགས་བཤད་པས། ངས་ཉིན་གསུམ་རིང་ཆུ་ཚན་གྱི་ཆུ་མང་དུ་འཐུངབ་ཡིན། མདང་དགོང་ནས་ངའི་གྲོད་ཁོག་བཤལ་འགོ་བཙུགས་སོང་། འོན་ཀྱང་ད་དུང་སྙིགས་རོ་འདྲ་ཅང་ཐོན་མ་སོང་ལགས། ད་དུང་ཡང་ཆུ་ཚན་དང་འབྲེལ་བའི་རྒྱུན་ཤེས་མང་དུ་གསུང་རོགས་ཞུ།
ད་ང་ཆུ་ཚན་ནང་དུ་འགྲོ་གི་ཡིན། ཕྱིར་ཡོང་ནས་ཁྱེད་ཚོའི་དགོངས་ཚུལ་ཅི་གསུངས་ལ་བལྟ་གི་ཡིན་ཏོ།།
ཨོ་ད་ངའི་གྲོགས་པོའི་ནད་རྟགས་འགའ་བཤད་ན། སྤྱིར་གཟུགས་པོར་ནུས་ཤུགས་མེད་པ་ལྟར་ཐང་ཆད་སླ་བ། འགྲོ་དུས་རླུང་གིས་འཁྱེར་བ་ལྟར་རྐང་སྣེ་སར་ཐུག་གི་མེད་པ་ལྟར་སྣང་བ། མཚམས་རེར་འགྲོ་བཞིན་དུ་མགོ་ཡོམ་འཁོར་ནས་ལོག་ལ་ཉེ་བ་ལྟ་བུ། སྐྱུགས་པ་ལྦི་བ་སོབ་སོབ་ཁམ་གང་དོ་རེ་སྐྱུགས་པ། དེ་ཡང་ཆུ་ཚན་དུ་བསྡད་ནས་ཕྱིར་བུད་མ་ཐག་སྐྱུགས་པ། མིག་གིས་མི་མཐོང་བ། ཟས་ལ་ཡི་ག་མེད་པ་སོགས་ཡོང་བཞིན་འདུག་ན། སྤྱིར་ཁོང་རྒྱ་བོད་ཀྱི་སྨན་པ་འགར་བསྟེན་ཀྱང་ན་ཚ་འདི་ཡིན་གྱི་ངོས་འཛིན་གཅིག་མཚུངས་རེད་མི་འདུག ལ་ཤས་ཀྱིས་མཁལ་སྐེད་རེད་ཟེར། ཡང་ལ་ཤས་ཀྱིས་མཆིན་མཁྲིས་རེད། རེ་ཟུང་གིས་གློ་ནད་མིན་ནམ་ཡང་ཟེར་བས་དོན་དུ་ཁོང་གི་ན་ཚ་གང་ཡིན་ཡང་ཐག་ཆོད་མ་ལྟ་བུ་རེད། དེ་བས་ངེད་གཉིས་ལས་ཀ་མཚམས་བཞག་སྟེ་ངལ་གསོ་དང་སྟབས་བསྟུན་ཏེ་ཆུ་ཚན་དུ་ཡོང་བའི་གནས་སྟངས་དེ་རེད།
ངའི་ཆུ་ཚན་།
མ་ནྰ་ལིའི། ཀ་ལྰཐའི་ཆུ་དེ་ཕན་པོ་ཡོད་པ་མང་པོས་ཤོད་བགྱིན་ཡོད་པ་ཙམ་མ་ཟད། ང་ལ་ཡང་གྲང་བའི་ན་ཚ་དང་ཕོ་བའི་ན་ཚ་ལ་ཕན་པོ་བྱུང་བ་རང་ལ་ཉམས་མྱོང་ཡོད། ཆུ་ཚན་གྱི་ཆུ་བརྒལ་དུས་སྨན་བླའི་གཟུངས་སྔགས་སོགས་ཁ་ཏོན་གང་ཐུབ་འདོན་པ་དང་། ཆུ་ཚན་གྱི་ཆུ་མང་ཉུང་རན་པོ་ཡང་ཡང་འཐུང་ཐུབ་ན་ཤིན་ཏུ་ཕན་ཐོགས་ཆེ། དེའི་རིང་ལ་ཞལ་ལག་ཀྱང་བཅུད་ཅན་ཡག་པོ་མཆོད་རྒྱུ་གལ་ཆེན་པོ་རེད།
འགའ་ཤས་ཀྱིས་སྟོད་ཀྱི་ན་ཚར་ཕན་ཕྱིར། ལུས་སྟོད་ཐད་ཀར་ཆུ་ཚན་རྒྱུན་རིང་གཟེད་པ་དང་། ཡང་འགའ་ཤས་ཀྱི་མགོ་བོའི་སྤྱི་གཙུག་ཏུ་ཆུ་ཚན་རྒྱུན་རིང་གཟེད་པ་སོགས་མཐོང་ཐོས་བྱུང་བས། སྔ་མས་སྟོད་ནད་ཁྲག་ཤེད་སོགས་ལ་ཕན་ཐོགས་ཡོད་མེད་མི་ཤེས་ཀྱང་།
མགོ་བོ་ཐད་ཀར་ཆུ་བོ་ཡུན་རིང་བབས་བཅུག་ན། མིག་སྐྱོ་བོ་ཡོད་པ་འགའ་ཤས་གློ་བུར་དུ་མིག་ལོང་བ་ཡང་གོ་མྱོང་བས། འདི་འདྲའི་རིགས་ལ་ཀུན་གྱིས་གཟབ་པར་འཚལ། མ་ནྰ་ལིའི་ཀ་ལ་ཐ་དང་དྷ་སའི་བྷག་སུ་ནྰཐ་ཆུ་བོ་རྣམས། ཡང་ཡང་དྲན་བགྱིན་འདུག་ན་ཡང་། ས་ཐག་རིང་བས་བྱ་ཐབས་བྲལ།
ནད་རྟགས་དེ་དག་གི་སྟེང་ལ། ད་དུང་མིག་དང་གདོང་སོགས་ཤ་མདངས་ལ་སེར་ཤས་ཡོད་པ་དང་། བཤལ་པ། སྣུམ་རིགས་ལ་དམིགས་བསལ་གྱིས་དང་ག་མེད་ན་གནས་སྐབས་རིང་། གསེར་མདོག་ལྔ་པ་བསྟེན་གལ་མཐོང་། དེ་མིན་ད་དུང་སྨན་རེ་ངོ་སྤྲོད་བྱེད་ཆོག་པ་ལྟ་བུར་སྣང་ཡང་དེ་གའི་སྨན་རྩིས་ཁང་དུ་བསྟན་ཆོག་པ་དང་། དེས་མི་ཚད་ཡོང་ཁར་སྨན་པར་དྲིས་ཤིང་སྨན་བླངས་ནས་ཡོང་བ་ཞིག་ཡིན་ཤག་ལ་སོང་དེའི་སྐོར་ངས་ཅང་བཤད་རྒྱུ་མིན། གནས་སྐབས་རིང་ཁྱེད་གཉིས་ལ་ནས་རྩམ་ཡོད་ན་ཚྭ་ཉུང་ཙམ་བཏབ་སྟེ་རྩམ་ཁུ་སྐ་སླ་རན་ཙམ་ཞིག་བཀོལ་ནས་དོ་དགོང་མ་ཉལ་གོང་བླུད་ན་བཟང་།
མདོར་ན། སྨན་པའི་ངག་བཞིན་དུ་ཆུ་ཚན་ལ་ཡོང་བ་ཞིག་དང་བོད་སྨན་བཟའ་བཞིན་ཡོད་མེད་སོགས་གནས་སྟངས་མང་པོ་ཞིག་ལྐོག་གྱུར་དང་འདྲི་རྒྱུར་ལྷག་ཡོད་པས་ད་ངས་བཤད་མི་ཐུབ་ཀི་ཡ།
གཅན་བཟོད་རྒྱམ་ཡིན་ན་འདི། ད་དེ་ཅང་མི་ཤེས་རྒྱུ་མེད་ར། ཁྱོད་ཀྱི་གྲོགས་པོའི་ནད་དེ་རླུང་ནད་རེད་མོད། སྤྱིར་རླུང་ནད་ལ་རིགས་ལྔ་དང་ནང་གསེས་སུ་བཞི་བརྒྱ་རྩ་བཞི། དེ་ལས་རྒྱས་པར་དབྱེ་ན་ཁྲི་སྟོང་དུ་ཡོད་པ་ཡིན། བཅོས་ཐབས་ཀྱང་ཟས་སྤྱོད་སྨན་དཔྱད་བཞིའི་སྒོ་ནས་བཅོ་དགོས། ཁྱོད་ཀྱི་གྲོགས་པོའི་ནད་དེ་འདི་ལྟར་འཆོས་དང་ཅུང་ཕན་ངེས་འདྲ། ཤ་དང་སྒོང་ང་། རབ་བྱུང་ན་འབྲི་འོ་དང་འབྲི་མར། དེ་མ་བྱུང་རུང་མར་དང་འོ་མའི་རིགས། སྒོག་རིགས་དང་ཆང་གི་རིགས་སོགས་མདོར་ན་ལྕི་བའི་རིགས་ཀྱི་ཟས་མང་ཙམ་བསྟེན། ནང་དུ་འདུག་རྒྱུ་མ་མང་བར་ཕྱི་རོལ་གང་སར་བསྐྱོད་དེ་ཁམས་གསེང་མང་ཙམ་བྱོས། ཡིད་མུག་པ་དང་བསུན་སྣང་སྐྱེ་བ་སོགས་སེམས་མི་སྐྱིད་པའི་རིགས་བྱུང་དུ་མ་འཇུག སྔ་དགོང་གཙོས་པའི་དུས་རྒྱུན་རྩམ་སྐྱར་འབྲི་མར་སོགས་སྣུམ་རིགས་ཀྱིས་ཚར་རྒྱབ་སྟེ་ལྟག་ཁུངས་དང་མཆན་འོག ཨན་སྟོང་ཚིགས་པ་སོགས་ལ་འཕུར་མཉེད་རྒྱོབས། འདི་ལྟར་བྱོས་དང་ཕན་ངེས་ཡིན། སྨན་ནི་རླུང་ནད་གང་ཡིན་ལ་བརྟག་སྟེ་སྐབས་དང་བསྟུན་ནས་བསྟེན་པར་བྱ། འོན་ཀྱང་སྨན་སྣ་ཁ་གཅིག་རྒྱུན་རིང་ལ་བརྟག་དཔྱད་མ་བྱས་པར་འཐུང་མི་རུང་། རླུང་ནད་ཀྱི་རིགས་འདི་ནི་ངོ་བོ་འགྱུར་སླ་བའི་ནད་རིགས་ཤིག་ཡིན་པས་གཟབ་པར་འཚལ།
ཨ་ལ་ལ་ལ། ངས་གྲོགས་པོའི་ནད་གཞི་བཅོས་ཏབས་འདི་ལས་རླུང་ལ་ལས་དབང་བཅོལ་ནས་སྐད་ཆ་འགའ་དྲིས་པ་ཡིན་མོད། ཞོར་ནས་ཀ་རྡོ་དང་བསྟན་ཤེས་འདི་གཉིས་ཀ་ཡང་སྨན་ཕྲུག་ཆུང་ཆུང་ཞིག་ཆགས་འདུག་ག ད་ངས་སུས་དེར་ཉན་དགོས་ནི་རེད། ཀ་རྡོ་རང་རེ་ཞིག་ཀ་ལ་ཐིའི་ཆུ་ཚན་དང་བྷག་སོའི་ཆུ་དེ་གཉིས་དྲན་བཞིན་བཞུགས་དང་། བསྟན་ཤེས་ལགས། སྨན་པས་བཤད་ན་ཤ་མར་འོ་ཕྱུར་ལ་སོགས་པའི་ལྕི་བའི་ཟས་རིགས་མི་བསྟེན་པར་ཡང་ཡང་གསུངས་སོང་བས་འདི་རིགས་ཅུང་ཙམ་རེ་ལས་མང་དུ་བསྟེན་རྒྱུར་ང་ཡང་ཡིད་མི་འཐད། རྩམ་པ་རྒྱབ་དང་སྐེ་ཁུང་སོགས་པ་འཕུར་ན་སྩི་ཟེར་བ་འདི་བདེན་བདེན་དུ་མཐོང་སྟེ། ཕ་ཡུལ་གྱི་རྒན་རྒོན་དེ་ཚོས་ཀྱང་འདི་ལྟར་བྱས་ན་རླུང་ལ་ཕན་པར་བཤད། འོན་ཀྱང་ངའོ་གྲོགས་པོའི་ན་ཚ་དེ་རླུང་མཁྲིས་བད་ཀན་གང་ཡིན་སྨན་པ་སུས་ཀྱང་ཁ་ཚོན་བཅད་མེད་ཁར། ནད་འདི་ཡིན་ལ་སྨན་པ་ཚོ་ཁ་མ་འཆམ་ཚུལ་གོང་དུ་ཞུས་ཟིན།
ད་ལས་རླུང་ལགས། ངེད་གཉིས་ཆུ་ཚན་དུ་མ་ཡོང་བའི་སྔོན་དུ་བོད་སྨན་ཟླ་གཅིག་ཕྱེད་ཙམ་བསྟེན་པ་ཡིན། ན་ཚ་འདི་ཡིན་ལ་ཁ་མ་འཆམ་པས་ཅི་ཡིན་མ་ཤེས། དེ་ནས་རྩིས་པས་ལུང་བསྟན་ལྟར་དུ་རྒྱ་སྨན་ལ་བསྟེན་པ་ཡིན། ཉིན་བཅུའི་སྨན་བསྟེན་པས་ཅུང་ཙམ་ཕན་ངོ་ཆེ་ཙམ་འདུག་ལ། དེ་ནས་བསྐྱར་དུ་ཉིན་བཅུའི་སྨན་བླངས་ནས་ཆུ་ཚན་དུ་ཡོང་བ་ཡིན། མདོར་ན་ཆུ་ཚན་དུ་ཡོང་བ་འདི་ངེད་གཉིས་གྲོས་མཐུན་བྱུང་བ་ལས་སྨན་པ་སུས་ཀྱང་མངགས་བྱ་བྱས་པ་མེད། དེ་ལས་གོས་ཞུས་ནད་རྟགས་ལས་བསྐྱར་དུ་འགྲེལ་བཤད་རེ་གནང་རྒྱུ་ཡོད་དམ།
རེད་ཡ། ང་ཚོས་གཟབ་གཟབ་བྱེད་དགོས།
གཅིག་བྱས་ན་ཁྱེད་ཀྱི་གྲོགས་པོའི་ན་ཚ་དེ་ཁྲག་ཤེད་ཡིན་སྲིད། དེང་སང་ཁྲག་ཤེད་ཟེར་བཞིན་པ་དེ་ལ་ཁྲག་ཤས་ཆེ་བ་དང་རླུང་ཤས་ཆེ་བ་རིགས་གཉིས་ཡོད་པས་ཕྱི་མ་དེ་ཡིན་སྲིད་པས་མུ་མཐུད་ཆུ་ཚན་ནང་ཞུགས་འདོད་ཡོད་ན་ཉེ་འཁྲིས་ཀྱི་བོད་སྨན་ཁང་ལ་བསྟེན་གཏུགས་ཀྱིས་སྨན་ལེན་པ་དང་སྨན་པའི་ཟས་སྤྱོད་ཀྱི་བསླབ་བྱར་ཉན་ནས་ལག་ལེན་བསྟར་གལ་མཐོང་། དེ་རིང་ཁ་སང་གི་གནས་སྐབས་འདིའི་ནད་རྟགས་དེ་དག་ལ་རྒྱ་སྨན་གྱིས་དེ་ཙམ་ཕན་བསྐྱེད་ཨེ་འོང་མི་ཤེས།
བསྟན་ཤེས་ཀྱིས་རླུང་ནད་ཀྱི་དབྱེ་བ་འདྲེན་སྟངས་ཁྱད་མཚར་ཞིག་རེད། ངས་དྲན་ཚོད་ལྟར་ན་བཤད་རྒྱུད་ནད་ཀྱི་དབྱེ་བའི་ལེའུ་ལས།
རླུང་གི་ནད་ལ་སྤྱི་དང་བྱེ་བྲག་གཉིས།།
སྤྱི་ལ་རིགས་དང་གནས་ཀྱི་དབྱེ་བ་གཉིས།།
རིགས་ཀྱིས་དབྱེ་ན་རླུང་ནད་ཉི་ཤུ་སྟེ།།
གནས་ཀྱིས་དབྱེ་ན་འཇུག་སྒོ་རྣམ་པ་དྲུག།
དབང་པོ་ལྔ་ལ་མེ་ཏོག་ཤར་དང་བདུན།།
བྱེ་བྲག་སྲོག་འཛིན་ལ་སོགས་རྣམ་གྱུར་ལྔ།།
བད་ཀན་མཁྲིས་པར་འདྲེས་པས་བཅུ་རུ་འདོད།།
དབྱེ་བ་བཞི་བཅུ་རྩ་གཉིས་རླུང་གི་ནད།། ཅེས་པ་ལྟར་ཡིན་དྲན།
བཟོད་རྒྱམ་ལགས། རྩམ་ཁུ་ཞིག་ལྡུད་རྒྱུ་མ་བརྗེད་པ་གྱིས་ཨ དེས་རྟགས་ཤིག་སྟོན་གི་རེད།
ལས་རླུང་ལགས་བཀའ་དྲིན་ཆེ་ཞུས་པ་དང་། དོ་གདོང་དགོང་ཟས་ལ་ཤའི་འཐེན་ཐུག་ནུར་རུ་རུ་བོ་འཐུང་ཚར་ནས་ད་ཡིན་ན་ཤེད་རྒྱས་ནས་བསྡད་འདུག ད་གང་ལྟར་ཀྱང་ཁྱོད་ཀྱིས་མངགས་བཅོལ་བཞིན་རྩམ་ཁུ་ཅུང་ཙམ་ཞིག་འཐུང་གི་འཇུག སང་ཞོགས་མཇལ་རྟགས་མཚན་ཅི་ཡོད་ཞུ་ངེས་ཡིན་པས་ཁྱེད་ལ་བསྐྱར་དུ་བཀའ་དྲིན་ཆེ་ཞུ།
ནད་ལ་དུག་གསུམ་ཉེས་གསུམ་ཉེ་རིང་རྒྱུ། །སྐྱེ་མཆེད་གསོག་ལྡང་སློང་རྐྱེན་སྐྱེད་བྱེད་དེ། །ལམ་དྲུག་ཞུགས་པའི་མཚན་ཉིད་འཕེལ་ཟད་འཁྲུགས། །རྒྱུ་དང་རྟེན་དང་རྣམ་པའི་སྒོ་ནས་དབྱེ།།
གཞན་ཡང་།
གཅིག་ལའང་བཞི་སྦྱར་བཞི་བརྒྱ་རྩ་བཞི་སྟེ། །སྡོམས་པས་སྟོང་དང་དྲུག་བརྒྱ་བཅུ་དྲུག་འགྱུར། །རྣམ་པའི་སྒོ་ནས་དཔག་ཏུ་མེད་པར་དབྱེ། །ཉེས་པ་གནོད་བྱ་ཉི་ཤུ་རྩ་ལྔ་ལ། །རྐྱང་པ་ལྡན་འདུས་དུ་མའི་རིགས་འབྱུང་བས། །གྲངས་དང་མིང་གི་ངེས་བསྟན་ཡོད་མ་ཡིན། །
དྲ་གྲོགས་ཚོ། རྩོམ་འདི་འབྲི་མཁན་འཐུ་སྒྲུབ་རྗེས་འོང་རེད། ཨ་ཕོ་མཐུ་ཆེན་གང་ཞིག་ཏུ་གཡོལ་དུ་ཕྱིན་པ་འདྲ།
ནད་རྟགས་ངོ་སྤྲོད་གནང་བ་ཐུགས་རྗེ་ཆེ། དེ་དང་མཉམ་དུ་མགོ་ནད་འདི་རིགས་གསོ་ཐབས་ཀྱི་སྐོར་ཡང་ངོ་སྤྲོད་གནང་རོགས། དཔེར་ན། གལ་སྲིད་ནད་དེ་རྣམས་ལ་བོད་སྨན་བསྟེན་པ་ཡིན་ན། བོད་སྨན་གང་འདྲ་ལེགས་པ་ཡོད་མེད་སོགས་ངོ་སྤྲོད་གནང་ཐུབ་ན་མཛེས་པའི་སྒང་ལ་རྒྱན་ཆ་ཡོང་བ་འདུག ཐུགས་རྗེ་ཆེ།
ཡུ་རོབ་ནང་ལ། ཚན་རིག་པས། ཆུ་ཚན་ཁག་གཉིས་སུ། དབྱེ་ནས། ནད་རིགས། མི་འདྲ་བ་གཉིས་ལ། ཕན་པར། རོབ་བཤད་ཀྱིས། འཐུང་ཆུར་ཚོང་བགྱིད་འདུག གཏམ་དཔེ་ཅིག་ནང་། མགོ་ནབ། མགོའི་ན་ཚ་མིན། ཞེས་ཀྱང་ཟེར།
ན་བའི་ཚེག་ཆད་འདུག
འཚོ་བྱེད་བུ་ལགས། ཨ་ཕོ་འཐུ་ཆེན་དང་འཐུ་སྒྲུབ་རྗེས་འོང་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ལས་དོན་སྟེང་ན་གང་ཟག་གཅིག་ལས་མེད།
མགོ་ནད་འབྱུང་བའི་རྒྱུ་རྐྱེན་གསུངས་པར་ཡིད་སྤྲོ།
བདག་རང་གིས་མཐོང་ཐོས་སུ་གྱུར་པའི་མགོ་ན་བ་ཙམ་དུ་མ་ཟད། འཆི་བའི་འགྱུར་བའི་རྒྱུ་རྐྱེན་འགའ་ཞིག་འབྲི་བར་འདོད། དབུགས་གསོ་རླུང་སྟེ། oxygen དེ་ཉིད་མེད་པ་ཡིན་ན། སྲོག་ཆགས་ལྟ་ཅི། ཐ་ན་མེ་ཡང་འབར་མི་ཐུབ་པ་མངོན་སུམ་དུ་མཐོང་། དབུགས་གསོ་རླུང་དེ་ས་གཞི་དམའ་སར་མང་ཞིང་། རི་བོ་མཐོན་པོར་དཀོན་པའམ་ཆེས་མཐོ་བ་དག་ན་ཕལ་ཆེར་མེད་པ་ཡིན་བསམ། ལ་མཐོན་པོ་རེ་རྒྱབ་པ་ན་འགའ་ཞིག་གི་མགོ་ན་བ་ཐོས། དེ་དབུགས་གསོ་རླུང་མེད་པའི་རྐྱེན་ལས་འབྱུང་བར་མངོན། ལོ་ངོ་བཅུ་ལྷག་སྔོན་དུ་ལ་དྭགས་ཀྱི་རི་བོ་མཐོན་པོ་ཞིག་གི་སྟེང་དུ་སླེབས་པ་ན། དབུགས་གསོ་རླུང་མེད་པས་མགོ་ན་ནས་ལོ་བཅུ་གྲངས་ཡིན་པའི་བཙུན་ཆུང་ཞིག་གིས་མཆི་མ་གཏོང་བ་མཐོང་། དེ་བཞིན་ལ་དྭགས་ཀླུ་འཁྱིལ་དགོན་པའི་དགེ་སློང་ཞིག་གིས་རྡོ་སོལ་མེ་སླང་ཁང་མིག་ནང་ལ་བཅུག སྒོ་སྐར་ཁུང་བརྒྱབས་ནས་གཟིམས་པ་ན། དབུགས་གསོ་རླུང་མེད་པར་སྐུའི་འཕེན་པ་རྫོགས་འདུག དེ་བཞིན་རི་བོ་གངས་ཅན་གྱི་གྲོང་ཡུལ་ཞིག་ཏུ་བོད་མི་སྐྱབས་བཅོལ་པ་འགའ་ཡང་ས་སྣུམ་སྒམ་ཞུ་སྤར་ཅིང་སྒོ་སྐར་ཁུང་དམ་པར་བརྒྱབས་ཏེ། གཟིམས་པ་ན་དབུགས་གསོ་རླུང་མེད་པ་གྲོངས་ཡོད་པ་དང་། ཟངས་དཀར་ཡུལ་དུ་ཡང་མེ་ཡིས་དབུགས་གསོ་རླུང་པ་མེད་པའི་རྐྱེན་གྱིན་མི་ཁ་ཤས་ལྔ་ལམ་དུ་གྱུར་པའི་གནས་ཚུལ་ཐོས་སོ།།
འཚོ་བྱེད་བུ་ལགས། ང་གཡོལ་དུ་ཕྱིན་པ་མིན། ང་དྲྭ་རྒྱར་འཛུལ་བ་ཉུང་ཉུང་སོང་ཙང་རེད། ང་མཐུ་སྒྲུབ་མཁན་སོང་ཙང་དེ་བས་དུས་ཁོམ་མ་བྱུང།
ང་ཨ་ཕོ་མཐུ་ཆེན་ཟེར་བ་སྨན་པ་ཆེན་པོའང་མིན་ལ་དེ་བས་ཆེན་པོ་ཆེན་པོའི་གྲས་སུའང་མི་ཚུད།
ང་ཨ་ཕོ་མཐུ་ཆེན་ཟེར་བ་གསོ་རིག་གི་གནས་ལ་སྦྱངས་བཞིན་པ་དང་ད་ལོ་མཐུ་སྒྲུབ་ལ་ཉེ་བ་ཡིན།
ང་མི་ཤེས་ཤེས་རྟོགས་ཀྱིས་ཁ་ཕོ་ཆེ་བ་དེ་འདྲའང་མིན་པས་མཆན་འབྲི་བ་འགའ་ཞིག་གི་རེ་བ་བསྐོང་ཐུབ་མིན་ལ་ཞེད་སྣངའང་སྐྱེད། འོན་ཀྱང་ང་ལ་དུས་ཁོམ་བྱུང་ན་འབད་བརྩོན་བྱེད་ངེས།
ཉེ་ཆར་ཁོ་བོས་བལ་ཡུལ་འཕགས་ཤིང་མཆོད་རྟེན་གྱི་ཉེ་འགྲམ་ཟ་ཁང་ཞིག་ཏུ། བོད་པའི་ལྷ་རྗེ་འགའ་ཞིག་དང་མཉམ་དུ། ཕོ་མོའི་ལུས་ཀྱི་ཁམས་དཀར་དམར་གྱི་རྒྱུ་ཚུལ་སྐོར་ལ་གླེང་མོལ་བྱས་པ་ཡིན། ང་ཚོའི་གཏམ་བརྗོད་དེ་དུས་ཡུན་ཐུང་ངུ་ཙམ་ཡིན་རུང་། ཕྲན་ལ་མཚོན་ན་ཕན་ཐོགས་ཞེ་དྲག་བྱུང་། འོན་ཀྱང་། སྐབས་དེར། ལྷ་རྗེ་ག་གེ་མོ་ཞིག་གིས་གསུངས་པར། བསམ་སེའུ་ཞེས་པ་དེ་ནི། བུད་མེད་ཁོ་ན་ལས་ཕོ་ལ་མེད་ཚུལ་བཤད་བྱུང་། ད་ལྟ་ཁོ་བོས་དེའི་སྐོར་ལ་ལེགས་པར་ཚོལ་ཞིབ་བགྱིས་ཙ་ན། དེ་ནི་ཁོང་གིས་ཕྲན་ལ་དྲང་གཏམ་གནང་མེད་པ་གསལ་བོར་རྟོགས་བྱུང་། ཡང་། ཕྱོགས་གཅིག་ནས་བསམ་ན། ཁོང་གིས་བསམ་སེའུ་རྩ་བ་ནས་མེད་མཁན་གྱི་སྐྱེས་པ་ཡང་མང་དག་ཅིག་མཐོང་ཡོད་ཤས་ཆེ། གལ་སྲིད་དེ་འདྲ་ཡིན་པའི་དབང་དུ་བཏང་ན། དེ་ལས་ཁྱད་མཚར་བ་འདྲ་འཇིག་རྟེན་གནམ་འོག་ན་ཨེ་ཡོད་དམ། མི་དེ་རིགས་ཀྱི་མཁལ་རྩ་རྣམས་གསང་གནས་སུ་འབྲེལ་སྟངས་མ་འདྲ་བ་ཞིག་བྱས་ནས་ཡོད་ཐག་ཆོད་རེད།
དངོས་གནས། ལྷ་རྗེ་གཡུ་ཐོག་པ་མཁྱེན། དེང་སང་བསྐལ་བ་ཐ་མའི་དུས་འདིར་འདྲ་མིན་མང་པོ་འབྱུང་ཡ་འདུག
བོད་ཀྱི་དག་གསར་སོགས་ཚིག་མཛོད་འགའ་ཞིག་ཏུ། མིའི་ལུས་ཁམས་སུ་གནས་པའི་རྩ་ཡི་སྐོར་ལ་འགྲེལ་བཤད་བརྒྱབས་འདུག་པར། དེ་དག་ནི། མིའི་ལུས་ཕུང་གི་ཁྲག་རྒྱུའི་ལམ། སྦུ་གུ་ལྟ་བུ་འབའ་ཞིག་ཏུ་གོ་བ་དླངས་འདུག་ཀྱང་། དེ་ནི་མ་ངེས་པའི་གཏམ་ཁོ་ན་སྟེ། དེ་ལྟ་ན། གསོ་རིག་བཤད་རྒྱུད་ལས། མི་ལ་ཚེ་ཡི་རྩ་ནི་གསུམ་ཡོད་དེ། །གཅིག་ནི་མགོ་ལུས་ཐམས་ཅད་ཁྱབ་པར་གནས། །གཅིག་ནི་དབུགས་དང་འགྲོགས་ནས་རྒྱུ་བ་སྟེ། །གཅིག་ནི་བླ་དང་འདྲ་སྟེ་འཁྱམ་པ་ཡིན། །ཞེས་བསྟན་པའི་ཚེ་རྩ་གསུམ་པོ་དེའང་ཤ་ཁྲག་རྒྱུ་བའི་སྦུ་གུ་ལྟ་བུ་ཁོ་ན་ཡིན་པར་ཐལ་ལོ།།
མགོ་ནད་སྐོར་ལས་མགོ་ན་ལ་ཕན་པའི་ལེགས་བཤད་གང་ཡང་གསུངས་མིན་འདུག