ཁྲོ་གཏུམ།
ཤོག་བུ་སྟོང་པས་ས་རྡུལ་གྱི་ངོ་སྣུམ་མཐུག་པོར་བྱུག
ཡིག་འབྲུ་སྨྱུག་ཁའི་ཁྲོད་དུ་རིས་སུ་ཕབ་པ་སྟོང་བས
དྲ་ལམ་གྱི་ངོ་གདོང་ན་སེར་བུ་འཇམ་གཙུབ་གཉིས་ཀ་བཞུར
དེབ་ཀྱི་བརྩེགས་རིམ་ཁྲོད་ལ་རྡུལ་གྱི་བྱེ་མ་བབས་ན
དཔེ་ཆ་བའི་གདོང་གི་མིག་ཟུང་དྲ་ལམ་གྱི་རྩེད་མཚར་ལ་འཕྱན
བློ་གྲོས་ཀྱིས་བསྡུ་ལེན་བྱས་པའི་གཏིང་རིམ་ན
རལ་བོར་གྱུར་བའི་བསམ་གཞིགས་འགས་སྙད་གཙེས
ཆང་མ་འཐུང་བའི་སྔ་ནུབ་དེར
བསམ་བློའི་བརྩེགས་རིམ་གངས་རི་ལས་མཐོ
དུ་བ་མ་འཐེན་པའི་སྔ་ལོ་དེར
བློ་མཆིན་གྱི་བར་ན་བརྩེ་བའི་ཤ་ཁྲག་བཞུར
སྔ་དགོང་གི་ཉི་ཟླའི་འཆར་ནུབ་ལ་ལྷུང་བའི་བློ་དེས
སྔོན་ཆད་ཀྱི་དེ་མིན་པའི་སྣང་བ
དྲ་ལམ་དེའི་སོ་བར་ནས་བལྡད་ཀྱིན་པའི་བསམ་པའི་འཁྱེར་སོ་རྣམས
སྔ་འཕྱི་མེད་པར་ལམ་གྱི་དཀྱོགས་མཚམས་རེ་ནས་འཆི་བཞིན་འདུག
ཕྱི་ལོ་ ༢༠༢༠ ཟླ་ ༠༩ ཚེས་ ༠༣ ལ།