ངས་པོ་རྒྱལ་མཚན།
རྒྱ་དམར་ཇག་ཚོགས་ཀྱིས་༸གོང་ས་སྐྱབས་མགོན་ཆེན་པོའི་གཡོ་མེད་ཀུན་ཁྱབ་སེམས་འཁུར་གྱི་མཛད་སྤྱོད་ཕུལ་བྱུང་ཉི་མ་ཤར་འདྲ་བ་དེ་གཡོ་སྒྱུའི་ཧམ་སེམས་དང་།ཕྲག་དོག་སྦར་མོས་འགེབས་མི་ཐུབ་ཀྱང་ལོག་བཤད་དེ་དག་གི་མི་དམངས་དཀྱུས་མ་འགའ་ཞིག་དབུ་སྐོར་བྱུང་བ་ཆོས་ཉིད་དུ་སོང་། གཏམ་ལ་གཏམ་ལན་མེད་ན་ ལྐུགས་པ་དང་ཟས་ལ་ཟས་ལན་མེད་ན་སྤྲང་པོ་ཡིན་ཞེས་པ་ལྟར་གནས་ལུགས་རྒྱུ་མཚན་དང། དྲང་གཏམ་རྟ་རྔ་ཙམ་ཡང་མེད་པའི་མི་བདེན་རྫུན་སྒྲིག་རི་རྒྱལ་ ལྷུན་པོ་ལྟ་བུའི་འཆལ་རྩོམ་དེ་ལ་དྲང་བདེན་ལ་རྒྱབ་རྟེན་དང་། དངོས་ཐོག་བདེན་ཐོག་གཞི་རྩར་བཞག་ནས་ལན་འདེབས་ཐུང་ངུ་ཞིག་བྱ་འདོད་བྱུང།
གུས་པས་ཡེ་རྡོར་ཟེར་བ་དེ་གངས་ཅན་པ་རྣལ་མ་ཞིག་མ་ཡིན་པར་ལ་རྒྱ་དངུལ་དང་བརྗེ་བོ་བརྒྱབ་པའི་རྒྱ་དམར་ཇག་ཚོགས་ཀྱི་མགྲིན་ཚབ་པ་ཞིག་ཡིན་པར་ངོས་ འཛིན་ཞུ་ཡི་ཡོད།ཡེ་རྡོར་མིང་འཛིན་པ་ཁོ་བས་“ད་ལོའི་ཚུན་ལ། ཞིང་ཆེན་དང། བོད་ཁུལ་ལ་ལའི་ས་ཆ་ཁག་ནས་རང་སྲེག་དོན་རྐྱེན་དང་རྡུང་འཕྲོག་བཅོམ་གསུམ་ གྱི་དོན་རྐྱེན་འགའ་བྱུང༌།”ཞེས་གཡག་ཞ་རས་རྩ་བཟས་པ་ལྟ་བུའི་འབྲེལ་བརྗོད་ལོག་བཤད་དུ་མ་ཞིག་བྱས་འདུགངོ་མ་རྡུང་འཕྲོག་བཅོམ་གསུམ་ནི། རྒྱ་དམར་གུང་ ཁྲན་གྱིས་དམངས་གཙོ་གཅོད་འགྱུར་དང་ཞི་བའི་བཅིངས་གྲོལ་གྱི་ཁ་གཡང་ཁྲོད་ནས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུ་རང་སྣང་གང་དྲན་གྱི་ཁྲིམས་ལུགས་བརྩིས་མེད་ཀྱིས་བོད་མི་འཛིན་བཟུང་བཙོན་འཇུག་དང། ཁྲག་དྲི་བྲོ་བའི་དྲག་གནོན། སྡེབ་གསོད་བཏང་བ། བཀྲེས་སྐོམ་ཆེན་པོའི་ངང་ནས་ཤི་པ། རྒྱུ་མ་སྐམ་སྟེ་ལྟོགས་ཤི་ ཐེབས་པ། ཐ་ན་སྲོག་ཆགས་འབུ་སྲིན་ཚུན་ཆད་བཟས་ཏེ་འཚོ་ཐབས་བྱས་པ་སོགས་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་སྡུག་སྦྱོང་བཟོད་པར་དཀའ་བའི་མནར་གཅོད་ དང་ད་ དུང་གདུག་རྩུབ་ཆེན་པོས་དྲག་གནོན་དང།“རྡུང”་རྡེག་ཚད་མེད་བཏང་དང་གཏོང་མུས་ཡིན།ལེགས་བཤད་ལས།མི་ལ་ལ་རྒྱ་མེད་ན་ཁྱི་དང་འདྲ།། ཁྱི་ལ་མཇུག་མ་མེད་ན་འདྲེ་དང་འདྲ།།ཞེས་པ་དེ་ཅི་བདེན་སྙམ།
བོད་གངས་ཅན་གྱི་ལྗོངས་འདིར་དུས་རབས་མང་པོའི་ནང་རང་ཅག་མེས་པོ་གོང་མ་རྣམས་ཀྱིས་ཁྲག་དང་རྔུལ་ཆུས་བསྐྲུན་པའི་རིག་གཞུང་གི་ལྟེ་གནས་དགོན་སྡེ་ སྟོང་ཕྲག་མང་པོ་སྤྱི་ཚོགས་རིང་ལུགས་ཀྱི་འཚོ་བ་གསར་པའི་མིང་བྱང་སྙན་པོའི་ཁྲོད་གཏོར་བཤིག་དང་།ལོ་ངོ་སྟོང་ཕྲག་མང་པོའི་མང་པོའི་རིང་ལ་རང་ཅག་མེས་པོ་གོང་མ་རྣམས་ཀྱིས་གསོག་སྒྲུབ་གནང་བའི་རྒྱུ་ནོར་རིན་ཆེན་གསེར་དངུལ་གྱི་སྐུ་འདྲ་ལ་སོགས་པ་རྒྱ་དམར་ཇག་ཚོགས་ཀྱིས་དབང་ཤུགས་དང་བཙན་ཤེད་ཆེོན་པོས་འཕྲོག་བཅོམ་བྱས་པ་མ་ཟད།དེང་གི་དུས་སུའང་འདོད་མའི་ཤིང་ནགས་དང་རིན་བྲལ་གཏེར་ཁ་སོགས་བཙན་ཤེད་ཆེནཔོས་རང་འདོད་ཀྱི་གང་བྱུང་མ་བྱུང་དུ་སྔོག་བཤེར་གྱིས་བསྟུད་མར་“འཕྲོག་བཅོམ་”བྱས་ཏེ་རྒྱ་ནག་ལ་ཨོར་འདྲེན་བྱས་དང་བྱེད་མུས་ཡིིན།ལེགས་བཤད་ལས།ཚེར་མ་ཅན་དང་དུག་ཤིང་གིས། །མི་དགོས་བཞིན་དུ་ས་འདི་གང་། ཞེས་པ་དེ་དྲང་བདེན་རྒྱབ་ཏུ་བསྐྱུར་མཁན་ཡེ་རྡོར་ལྟ་བུ་ལ་གསུངས་པ་གོར་མ་ཆགས།
བློ་གྲོས་ཀྱི་མིག་གཉིས་དངུལ་དང་དབང་ཆས་བསྒྲིབས་ཏེ་ཤེས་པ་རང་དབང་དུ་མི་གནས་པ་ཡེ་རྡོ་གྱིས།“ཏཱ་ལའི་བླ་མས་དེ་ལ་དགག་རྒྱག་བྱེད་རྒྱུ་ཕར་ཞོག རང་ཉིད་གཙོ་བྱས་ཏེ་དམིགས་བསལ་གྱི་ཆོས་ཚོགས་འཚོགས་ཏེ་ཉིན་གཅིག་གི་ཟས་ཐུན་བཅད་ནས་རང་སྲེག་དོན་རྐྱེན་ལ་རྒྱབ་སྐྱོར་བྱས། ”ཞེས་མངོན་གསུམ་འཛེམ་མེད་ཀྱིས་རང་གི་སྐྱོན་དང་ནོར་འཁྲུལ་རྣམས་སྦས་བསྐུངས་བྱས།གཞན་ཕྱོགས་ཕུན་ཚོགས་པ་མཐོང་ཚེ་མི་བཟོད་པ་སྐྱེས་པའི་རང་རྒྱལ་གཞན་ཕམ་ཁོ་ན་རྩོལ་སྒྲུབ་བྱེད་པའི་རྒྱ་དམར་ཇག་ཚོགས་ཀྱི་རང་མདོག་ཕྱིར་མངོན་འདུག་སྙམ། རྒྱ་དམར་ཇག་པས་མི་རིགས་དབྱེ་ཕྱེས་དང་། ཤུས་བཞོགབཙན་གནོན། དྲང་བདེན་པའི་སྲིད་ཇུས་འོག་ ནས་རྡུང་རྡེགས་ཚ་སྣན་བཏང་དང་གཏོང་མུས་དག་ལ་ཞི་བའི་སྐད་འབོད་ཁོ་ནས་དྲག་པོའི་སྲིད་གཞུང་ལ་འགྱུར་བ་གཏོང་མི་ཐུབ་པར་བརྟེན། ཞི་བའི་ལས་འགུལ་ ཚད་མཐོ་ཤོས་རང་ལུས་མེར་བསྲེགས་བཏང་ཡོད། འདི་ནས་རང་སྲེག་ལས་འགུལ་བ་རྒྱལ་གཅེས་དཔའ་བོ་དང་། དཔའ་མོ་གཙོ་བོར་གྱུར་བའི་འགྲོ་བ་རིགས་དྲུག་ སེམས་ཅན་ཐམས་ཅད་ཀྱི་དོན་དུ་༸གོང་ས་དབུ་བཞུགས་ཀྱི་སྙུང་གནས་དང་མཆོད་འབུལ་བསྔོ་བ་སྨོན་ལམ་གནང་བ་འདི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་བྱས་པར་འགྲོ་གི་ཡོད་ན། ཡེ་རྡོར་ཁྱོད་ཀྱང་བོད་ཡིན་པས་ཁྱོད་ཀྱི་ནང་མིས་རྤོ་ལགས་དང་། རྨོ་ལགས་ཚོ་ཤི་དུས། དེ་དག་ཐར་པ་དང་ཐམས་ཅད་མཁྱེན་པ་ ཐོབ་ཕྱིར་ཞབས་རིམ་བསྒྲུབས་པ་དང་། བསྔོ་བ་སྨོན་ལམ་བྱས་པ་དེ་དག་ཁྱོད་ཚོས་ཁོང་ཚོ་ཤི་བར་རྒྱབ་སྐྱོར་བྱས་པ་མི་འགྲོ་བའི་རྒྱུ་མཚན་ཅི། ལེགས་ཉེས་འབྱེད་པའི་ མིག་དབང་ལ་མུན་རུབ་ཞིང་དྲང་གཏམ་ཉན་པའི་རྣ་བ་ཡང་མེད་པའི་ཡེ་རྡོར་ཁྱོད་ཀྱིས་འདྲེ་སྲིན་མའོ་ཡིས་“རྫུན་གཏམ་གཅིག་ཚར་བརྒྱ་ཙམ་བཤད་བདེན་པ་ ཆགས་”ཀྱི་རེད་ཞེས་པའི་ལོག་བཤད་དེ་གདམས་ངག་ཏུ་འཛིན་ནས་འཆལ་རྩོམ་འདི་འདྲ་སྤེལ་རུང་དེང་གི་དུས་སུ་འཛམ་གླིང་མི་མང་རྣམས་བླང་དོར་རྣམ་པར་ འབྱེད་པའི་བློ་གྲོས་ཉི་མ་ཤར་བ་ལྟར་གསལ་ཐག་གཅོད་ཡོད། ལེགས་བཤད་ལས། ལྐུགས་པས་སྤྱང་མདོག་བྱས་ན།། མངོན་གསལ་གཞན་ལས་དོད་པ།། ཞེས་པ་ལྟར་ དེང་རབས་ཀྱི་བསམ་བློས་ཕོངས་ཤིང་དྲང་བདེན་གྱི་དཔང་རྟགས་རྟ་རྔ་ཙམ་ཡང་སྟོན་རྒྱུ་མེད་པར་རྫུན་གཏམ་ཁྱི་སྤྱང་ངུ་ངུ་བྱས་པ་རང་ཉིད་ཀྱི་གཡོ་རྫུས་གདོང་རིས་ཕྱིར་མངོན་པ་ཙམ་མོ།
ཡང་ཡེ་རྡོར་ཁོ་བས་རྙོག་གཏམ་བསྐྱར་ཟློས་ཀྱིས་“སྤྱི་ཚོགས་བརྟན་ལྷིང་ཡིན་ལ།མི་དམངས་རྣམས་བདེ་སྡོད་ལས་ལ་བརྩོན་བཞིན་མཆིས།”ཞེས་ཧམ་པ་རི་ཙམ་མི་བཤད་ན། བདེན་པ་གཡག་ཙམ་ཐོབ་ཀྱི་མ་རེད་ཅེས་པ་ལྟར་མི་གསོད་ལག་དམར་ཚོའི་ནག་ཉེས་འགེབས་ཐབས་ཀྱིས་བྱ་བར་བརྩོན་པ་ནི་བློ་ཆུང་བྱིས་པའི་ངང་ཚུལ་ ལས་མི་འདས།
ཁྱོད་ཀྱིས་བཤད་པ་ལྟར་སྤྱི་ཚོགས་བརྟན་ལྷིང་ཡིན་ན་བོད་ཀྱི་ས་ཆ་ཁག་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་མི་སྣ་དང་རྒྱལ་སྤྱིའི་གསར་འགོད་པ་སོགས་རྫུན་ཚིག་སྣ་ཚོགས་བཤད་དེ་བསྐྱོད་མི་ཆོག་པའི་བཙན་བཀའ་བཏང་དོན་གང་ཡིན་ནམ། རྒྱ་རིགས་མཁས་པ་ཞིག་གིས་“དེང་སང་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ལས་རྒྱ་རིགས་མང་བ་དང། གྲྭ་པ་ལས་ཉེན་རྟོག་མང་བ། ཁང་པའི་སྒེའུ་ཁུང་ལས་སོ་ལྟའི་པར་ཆས་མང་བ་འདུག་”ཅེས་རྒྱ་དམར་ཇག་ཚོགས་ཀྱིས་གཡོ་སྒྱུའི་ཧམ་ཤེད་ཀྱི་གཉན་བུ་ལ་བདེན་ གཏམ་གྱིས་སྤུ་གྲི་བཙུགས་ཏེ་དངོས་ཡོད་ཀྱི་གནང་སྟངས་འགྲེལ་བརྗོད་གནང་ཡོད། ངོ་མ་བོད་ཀྱི་ས་ཆ་གང་སར་ད་ལྟ་དྲག་ཆས་ཉེན་རྟོག་དམག་མི་དང་། དམིགས་བསལ་དྲག་ཆས་ཉེན་རྟོག་པ་སོགས་བཀྲམས་ནས་ཞི་བའི་མི་སེར་ཚོར་གསོ་ལྟ་དང་། འདྲི་རྩད་སོགས་ཀྱི་བརྡབས་གསིག་ཚད་མེད་བཏང་དང་གཏོང་བཞིན་ གནས་སྟངས་ཡ་ང་བ་འདི་འགེབས་ཐབས་ཀྱི་ཆེད་དུ་མ་ཡིན་ནམ།
འགྲོ་བ་མིས་ཕྱི་ནང་གི་དཀའ་ངལ་ཐ་དག་རྣམ་དཔྱོིད་ཀྱི་ཤེས་རབས་ལ་བརྟེན་ནས་སེལ་ཐབས་ཀྱི་བརྟན་ལྷིང་བདེ་སྡོད་ལ་བརྩོན་གྱིན་ཡོད་པ་མ་ཟད། སྲོག་ཆགས་ དུད་འགྲོ་ཚུན་ཆད་ནས་ཀྱང་དེ་ལྟར་བརྩོན་གྱིན་ཡོད་པ་མིག་མཐོང་ལག་ཟིན་ཞིག་མ་རེད་དམ། ལྟ་ངན་མཁྲེགས་འཛིན་པ་ཚོར་དཔང་རྟགས་ཤོག་བུ་དཀར་པོའི་ ཐོག་ལ་ཡི་གེ་ནག་ཆུང་ཙམ་ཡང་སྟོན་རྒྱུ་མེད་པར། ད་དུང་ཁུངས་ལུང་རྒྱུ་མཚན་སྣ་གཅིག་ཙམ་ཡང་མེད་པར་དཀྲོག་གཏམ་དང་རྫུན་ཚིག་སྣ་ཚོགས་ལྷུ་སྒྲིག་སྟེ་རྫུན་ ཚིག་རི་བོ་བཤད་ནས་དངོས་ཡོད་གནས་སྟངས་ལ་འཁྱོག་བརྗོད་དང་དོན་དངོས་སྦས་ཐབས་བྱས་ཏེ་འཛམ་གླིང་མི་མང་མགོ་སྐོར་བསླུ་བྲིད་གཏོང་འདོད་པ་ནི་རྒྱ་ དམར་ཇག་ཚོགས་གཞི་རྩའི་ལྟ་གྲུབ་རེད་སྙམ། ཁུངས་སྐྱེལ་དཔང་རྟགས་གང་ཡང་མེད་པར་ད་དུང་ངོ་ཚ་འཁྲེལ་མེད་ཀྱི་བསྙོན་འཛུགས་བྱེད་པ་ནི། གནམ་སྐེ་ལ་གྱོན་ ནས་སྤྲིན་པས་ཨུ་སྒྲོག་རྒྱག་ཅེས་པའི་དཔེ་ལྟར་དུས་རབས་ཉེ་གཅིག་པའི་ནང་ལའང་ལྐུགས་པ་ཨུ་ཚུགས་ཀྱི་བདེན་རྫུན་ཅི་ཕྱི་བསློགས་པའི་གླེན་པ་ཞིག་ཡིན་པ་ར་སྤྲོད་བྱེད་ཀྱིན་འདུག་སྙམ།
ཕ་བཟང་བུ་ལ་ནོར་ཡ་མེད་
བུ་ཁྱེད་འདྲ་བྱུང་ན་རེ་རེ་ཆོག་
མུད་མཐུས་ཡིན་ད་ཤུག་རྒྱབ།
དྲ་བདག་རྩོམ་གྱི་ཁ་བྱང་ར་རྣ་དེ་ས་སྣར་གཅོད་རོགས་
ཚིག་ལ་སྣུམ་འཁོར་ཞིང་དོན་ལ་རྐང་འཁྱིལ་བའི་དགག་ལན་འདི། དཔའ་རྒོད་ཚ་ཞང་འདན་མའི་ཉག་ཕྲན་བཞིན་དུ་ཚིག་གཟུ་ཞིང་། རྒྱ་ཚ་ཞལ་དཀར་གྱི་རལ་གྲི་ཡ་ཟི་སྐར་ཕྲན་བཞིན་དུ་དོན་རྣོ་བ། བྲིས་བ་ཀློག་བདེ་ཞིང་བཤད་ན་ཉན་བདེ་བ། བརྗོད་བྱ་མ་ནོར་ཞིང་བརྗོད་བྱེད་མ་འཁྲུལ་བ། རིགས་ཀྱི་བུ་ཁྱོད་འདྲ་བ་སྐྱེས་ན་ཨ་རེ་དགའ། བོད་རྒྱལ་ལོ།
ཕ་བཟང་བུ་ལ་ནོར་ཡ་མེད་
བུ་ཁྱེད་འདྲ་བྱུང་ན་རེ་རེ་ཆོག་
མུད་མཐུས་ཡིན་ད་ཤུག་རྒྱབ།
ཚིག་ལ་སྣུམ་འཁོར་ཞིང་དོན་ལ་རྐང་འཁྱིལ་བའི་དགག་ལན་འདི། དཔའ་རྒོད་ཚ་ཞང་འདན་མའི་ཉག་ཕྲན་བཞིན་དུ་ཚིག་གཟུ་ཞིང་། རྒྱ་ཚ་ཞལ་དཀར་གྱི་རལ་གྲི་ཡ་ཟི་སྐར་ཕྲན་བཞིན་དུ་དོན་རྣོ་བ། བྲིས་བ་ཀློག་བདེ་ཞིང་བཤད་ན་ཉན་བདེ་བ། བརྗོད་བྱ་མ་ནོར་ཞིང་བརྗོད་བྱེད་མ་འཁྲུལ་བ། རིགས་ཀྱི་བུ་ཁྱོད་འདྲ་བ་སྐྱེས་ན་ཨ་རེ་དགའ། བོད་རྒྱལ་ལོ།
དོན་གྱི་འབྲས་བུ་གཡུར་ཟ་རུང་།།
ཚིག་གི་ལོ་མས་སྒྲིབ་ཆེ་བས། །
དེ་ཙམ་བསྟོད་པར་རྔོ་མ་ཐོགས། །
འོན་ཀྱང་ལེགས་ཞེས་བརྗོད་ན་འགྲིག།
མགོ་རུལ་སྣ་ཡིས་ཚོར་དང་མི་ཚོར་ལས་སྣ་བས་ཚོར་མི་ཚོར་འབྲི་ན་འགྲིག་གམ།
ཁ་བརྡ་རྩོམ་སྒྲིག་པ་ལགས་ངས༼མེ་སྒྱོགས་དང་འུར་ཆ་༽ཞེས་པའི་རྩོམ་ཞིག་བསྐུར་ཡོད་འབྱོར་ཡོད་དམ།
ངས་པོ་རྒྱལ་མཚན་ལགས་རྗེ་ཆེ།
ངས་འདིར་རེ་བ་ཞིག་ཡོད་པ་ནི་ཁ་སང་ཤར་ཕྱོགས་ཁུག་རྟ་ཟེར་བའི་བྲིས་པའི་རྩོམ་རྙོག་དེར་མཆན་བྲིས་པ་ཡིན་འོན་ཀྱང་ཁ་བརྡ་ཚང་གིས་བཏོན་ཚར་ཚར་འདུག་པས་བློ་ཕབ་བྱུང་། ངོ་མ་ཁ་བརྡ་ཚང་ལ་མི་རིགས་ཀྱི་འདུག་མི་འདུག་པ་མ་ཟད་དམིགས་ཡུལ་གང་ཡིན་ཐད་བསམ་བློ་བཏང་བའི་དུས་ལ་སླེབས་འདུག
ཤར་ཕྱོགས་ཁུག་རྟ་ཟེར་བས་ཕྱི་དགྲ་བོས་མགོ་ནག་བོད་མི་ཡོངས་ཀྱི་ལྷ་སྐལ་༧གོང་ས་ཡིད་བཞིན་ནོར་བུའི་དབུས་པའི་བོད་ཀྱི་ཆོས་ཀྱི་བླ་ཆེན་ཁག་དང་སྲིད་ཀྱི་དབུ་ཁྲིད་སོགས་ལ་གཞི་མེད་སྐུལ་འདེབས་ཀྱི་སྐྱོན་ཇི་ཙམ་བས་དང་བྱེད་བཞིན་པ་དེ་དག་ལ་ཞིབ་འཇུག་བྱེད་པའི་རྣམ་དཔྱོད་བློ་མིག་ཏིལ་ཙམ་དང་བྲལ་ཡང་རྣམ་དཔྱོད་ཡོད་ཁུལ་དང་དྲངས་པོ་ཡིན་ཁུལ་གྱི་ནང་ཁུལ་དཀྲུག་ཤིང་སློང་ཐབས་ཁོ་ནས་དུས་ཚོད་སྐྱེལ་བཞིན་པར་བློ་ཕབ་བྱུང་། ལྷག་པར་ཁོང་དང་འདྲ་བར་རྡ་རམ་ས་དང་བོད་པའི་ནང་ཁུལ་གྱི་སྐྱོན་ཆུང་ངུ་ཙམ་ལས་མཐོང་མི་ཐུབ་ཅིང་། རྒྱ་ནག་གིས་འཆར་གཞི་དང་ལྡན་པའི་བཙལ་བྱོལ་ནང་གི་ཚགས་པ་དང་རླུང་འཕྲིན། རྒྱ་སྤྱིའི་གསར་ལམ་ཁག་རེ་རེ་བཞིན་ལ་ཞིབ་འཇུག་བྱས་ཏེ་དགག་ལན་བྱེད་བཞིན་པ་འདི་དག་མཐོང་མི་ཐུབ་པ་ནི་དེ་བས་ཀྱང་སྨྲོས་ཇི་དགོས། བོད་ནང་གི་བོད་མི་ཚོས་རྒྱ་ནག་གི་དགག་ལན་འདི་དག་ལ་ལན་འདེབས་ཚེ་ཁོང་ཚོའི་ཚེ་སྲོག་ལ་ཉེན་ཁ་ཡོད། བཙལ་བྱོལ་ནང་གི་བོད་མི་ཚོས་འབྲི་ཆོག་ཀྱང་དེ་དག་བློ་ངོར་ཡང་མི་འཁོར་བར་ནང་ཁུལ་འཁྲུགས་རྩོད་ཀྱིས་དུས་ཚོད་སྐྱེལ་བ་འདི་ལ་བློ་ཕམ་ཡོང་གི་འདུག རང་གིས་འབྲི་འདོད་ཀྱང་སློབ་ཕྲུག་གཞན་དང་མི་འདྲ་བར་དབྱིན་སྐད་དང་དབྱིན་སོགས་ཞན་པས་ཞན་པས་དུས་ཚོད་ཡོངས་རྫོགས་འཛིན་གྲྭའི་ནང་སྦྱོར་སོགས་ལ་བཏང་དགོས་བྱུང་འབྲི་ཁོམ་བྲལ། དེས་ན་དུས་ཚོད་དང་སེམས་ཁུར་ཡོད་མཁན་ཚང་མས་གཤམ་གྱི་རྒྱ་ནག་གིས་༧གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུག་བྱས་དག་ལ་དགག་ལེན་རེ་འབྲི་རོགས།
རྒྱ་ཆེའི་དྲ་དམངས་ཀྱིས་ཏཱ་ལའི་ཚོགས་ཁག་གིས་རང་ལུས་མེར་སྲེག་གི་དོན་རྐྱེན་བསླངས་པར་འཁང་ར་བྱས།
སྤེལ་དུས། 2012-03-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་སྒྲིག་པ། ཡེ་ཏོ།
ཏཱ་ལའི་ཚོགས་ཁག་གིས་རྒྱལ་ནང་དུ་རང་སྲེག་དོན་རྐྱེན་བསླངས་པ་དེར་རྒྱལ་ཕྱི་རྒྱལ་ནང་གི་དྲ་དམངས་ཀྱིས་ གཅིག་རྗེས་གཉིས་འཕྲོར་རང་རང་གི་ལྟ་ཚུལ་གླེང་ཞིང་། དེ་དག་གི་ཁྲོད་དུ་སྨྱུག་ཐོགས་པས་ཐོག་མར་རྒྱ་ཆེའི་དྲ་དམངས་ཀྱིས་ཉེས་མེད་ཀྱི་ཚེ་སྲོག་ཤོར་བར་གདུང་སེམས་ཚད་མེད་གནང་ཡོད་པས། མི་སེམས་ཀྱི་བརྩེ་བ་ལྷད་མེད་དེ་ཚོར་བྱུང་། དྲ་མིང་ལ་ཐིན་ཐིན་ཟེར་བའི་དྲ་གྲོགས་ཤིག་གིས་BBCརྒྱ་ཡིག་གི་གླེང་སྟེགས་སུ། ང་ནི་རྒྱ་གར་ཏི་ལི་གསར་བར་བྱ་ལས་གཉེར་བཞིན་པའི་ཀྲུང་གོ་བ་ཞིག་ཡིན། འདི་གར་ཡུལ་བྱོལ་བོད་མི་མང་པོ་ཞིག་ལ་འཕྲད་ཐུབ་ཅིང་། ཁོ་ཚོའི་ཀླད་པ་ཡོངས་སུ་འཁྲུས་ཡོད་འདུག ཚེ་སྲོག་ལ་གཅེས་སྤྲས་བྱས་དང་དོན་མེད་དུ་རང་གི་ཚེ་སྲོག་བློས་མ་གཏོང་ཅིག ན་གཞོན་བཙུན་པའི་རང་ལུས་མེར་སྲེག་གཏོང་བའི་ཚུལ་མཐོང་བ་མ་གཏོགས་ལོ་ན་བགྲེས་པའི་སྐྱེས་ཆེན་དམ་པ་རང་སྲེག་བྱེད་མཁན་གཅིག་ཀྱང་མ་མཐོང་། དེ་ནི་ལོ་ན་བགྲེས་པའི་དད་པ་དེ་ན་གཞོན་ལས་ཀྱང་བརྟན་པོ་མ་ཡིན་ནམ། ན་སོ་དར་ལ་བབ་པའི་གཞོན་ནུ་ལ་ངན་སྐུལ་བྱས་ནས་མདོས་གླུད་བྱེད་པ་ངོ་མ་ཉེས་པ་རེད་ཡ། ཞེས་བཀོད་ཡོད་ཅིང་། ཡང་དྲ་གྲོགས་ལ་ལས་འོས་མཐུན་གྱིས། ཏཱ་ལའི་བླ་མས་རང་སྐྱོན་ལ་ནོངས་འོས་ཡིན་ལ། མི་ཚེ་གང་བོར་འདང་ཞིག་རྒྱག་དགོས། བོད་མི་དམངས་ལ་དོན་དངོས་ཀྱི་བྱ་བ་ག་ཚོད་སྒྲུབ་ཡོད་དམ། བྱིས་པར་དཔེ་ཆ་འདོན་པར་ཡར་སྐུལ་དང་ལག་རྩལ་གསར་བ་ཁྱབ་སྤེལ་བྱས་ཡོད་དམ། ཁྱོད་རང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚང་མ་སོང་ཡང་མཉམ་ལས་ཀྱི་རྣམ་གྲངས་གང་ཞིག་མཚམས་སྦྱོར་བྱས་ཡོད། ཁྱོད་ཀྱིས་སྒྲུབ་པའི་ཡོད་ཚད་སུས་ཆེད་དུ་ཡིན། བསྐྱར་ཞོག ནུབ་ཕྱོགས་མ་གཏོགས་ཁྱོད་ལ་དགའ་མཁན་མེད། དེ་ན་ཁྱོད་རང་ཅི་ཞིག་ཏུ་གྱུར་ཡོད། ཁྱོད་ཀྱིས་བྱིས་པ་རྣམས་གང་འདོད་ཀྱིས་རང་སྲེག་བྱས་པར་ཡིད་མི་སྐྱོའམ། ཁྱོད་རང་ཆོས་ལ་དད་པ་བྱེད་མཁན་ཞིག་ཡིན་ནམ། བསམ་ཚུལ་ཞིག་འདོན་རྒྱུ་ནི་ཁྱོད་ཀྱིས་སྔ་མོ་ནས་རང་སྐྱོན་རང་གིས་བརྟག་ནས་མི་སེར་ལ་དོན་ཞིག་བསྒྲུབ་རྒྱུ་དང་། རང་ཉིད་ཀྱི་གཞུག་གི་དོན་དག་ལ་འགན་འཁུར་བའི་ལས་ཤིག་བསྒྲུབ་རྒྱུ་གལ་ལོ། ཞེས་བཤད་ཡོད།
ངན་སྐུལ་གྱིས་རང་ལུས་མེར་བསྲེག་གཏོང་བ་ནི་དྲག་སྤྱོད་དང་། འཇིགས་སྐུལ་རང་ལུགས་ཀྱི་མ་རུང་བའི་བྱ་སྤྱོད་ཡིན། ཚུལ་འདི་དྲ་དམངས་ཀྱི་ལྟ་བ་གཅིག་མཚུངས་རེད། དྲ་མིང་ལ་གཉིད་ལས་སད་ཅེས་པའི་དྲ་དམངས་ཤིག་གིས་ཏོ་ཝེ་གསར་འགྱུར་དྲ་བའི་སྟེང་དུ། ཆོས་ལུགས་ལོགས་སུ་བཞག་ནས། ནུབ་ཕྱོགས་དེང་རབས་ཀྱི་དམངས་གཙོ་དང་མིའི་ཐོབ་ཐང་གི་ལྟ་བ་ཁོ་ནས་བལྟས་ན། ཆབ་སྲིད་ཀྱི་ཚོགས་པས་ཆབ་སྲིད་ཀྱི་དམིགས་འབེན་མངོན་དུ་འགྱུར་ཆེད་ལེགས་ཉེས་གང་བཟང་ལ་མི་ལྟ་བར། གཞི་རིམ་གྱི་ཁོངས་མི་ལ་རང་ལུས་མེར་བསྲེག་བྱེད་པར་ཡར་སྐུལ་བྱེད་པ་ཡིན། དེ་ནི་དམངས་གཙོ་དང་རྒྱབ་འགལ་དུ་གྱུར་ཞིང་། མིའི་ཐོབ་ཐང་ལ་མཐོང་ཆུང་བྱས་པ་དང་། མི་ཆོས་དང་རྩ་བ་ནས་འགལ་བའི་འཇིགས་སྐུལ་རང་ལུགས་ཀྱི་བྱ་སྤྱོད་རེད། དམིགས་ཡུལ་ནི་ཞེ་འཁོན་ཆེར་བསྐྱེད་དང་། གཏུམ་སྤྱོད་ངན་སྐུལ་བྱས་ཏེ། མང་ཚོགས་ཀྱི་ཚེ་སྲོག་དང་བདེ་འཇགས་ལ་ཐད་ཀར་དུ་ཉེན་ཁ་བཟོ་ཆེད་ཡིན་པས། འཇིགས་སྐུལ་རང་ལུགས་པས་(མི་རྣམས་མདའ་མཚོན་གྱི་ཚུལ་དུ་བཀོལ་པའི)མི་མདའ་སྤྱོད་པའི་ངོ་བོ་དང་ཡོངས་སུ་མཐུན་ཞེས་བཀོད། ཡང་དྲ་དམངས་ཤིག་གིས། འཇིགས་སྐུལ་ཚོགས་པས་ཀྱང་རང་ལུས་མེར་སྲེག་བཏང་ནས་ཁོ་ཚོའི་དད་འདུན་འཚོལ་སྙེག་བྱེད་པ་མ་ཡིན་ནམ། ཏཱ་ལའི་བླ་མ་ནི་ལོག་ཆོས་ཀྱི་འགོ་གཙོ་རེད། རང་གི་སྒེར་དོན་ཁོ་ན་བསམ་ནས་གཞན་ལུས་མེར་སྲེག་གཏོང་བ་ནི་མ་རུངས་ལོག་རྟོག་ཁོ་ན་རེད། ཁྱོད་ཀྱིས་ཀྲུང་གུང་ལ་ངོ་རྒོལ་བྱེད་ན། གཞན་གྱི་ཚེ་སྲོག་བློས་གཏོང་དགོས། དེ་ནི་ནུབ་ཕྱོགས་དམངས་གཙོའི་རྩ་དོན་དང་ཡོངས་སུ་འགལ་བ་ལས། དམིགས་ཡུལ་འགྲུབ་མི་སྲིད་ཅེས་བྲིས་ཡོད།
ཏཱ་ལའི་བླ་མས་རང་ཉིད་ཅིའི་ཕྱིར་མེར་སྲེག་མི་གཏོང་། ཏག་ཏག་འདི་ནི་རྒྱ་ཆེའི་དྲ་དམངས་ཡོངས་ཁྱབ་ཀྱིས་དོགས་ཟོན་བྱ་ཡུལ་རེད། ཝུན་ཧུའེ་དྲ་བའི་དྲ་དམངས་ཁུའི་ཡན་ཞེས་པ་ཞིག་གིས། ཏཱ་ལའི་ཚོགས་ཁག་གིས་རང་ལུས་མེར་སྲེག་གཏོང་མཁན་ནི་དཔའ་བོ་དང་མི་སྙིང་སྟོབས་ཅན་ཡིན་ཞེས་ཟེར། ཡིན་ན་ཡང་རྡ་རིམས་ས་ལའི་སྐྱེས་ཆེན་དམ་པ་དག་གིས་ཁ་ནས་གཟེངས་བསྟོད་བྱེད་པ་ལས། དེ་ལྟའི་རང་སྲེག་བྱས་ནས་དེ་ལ་རམ་འདེགས་གཏན་ནས་མི་བྱེད་ཅེས་བཤད་ཡོད། ཟླ་བཞིའི་གླེང་སྟེགས་སྟེང་གི་དྲ་དམངས་“dushanyibajian”ཞེས་པ་ཡིས། ཁོས་རང་སྲེག་བྱེད་མཁན་ལ་བསྟོད་བསྔགས་བྱེད་ན། ཁོ་རང་ཉིད་ཅིའི་ཕྱིར་རང་སྲེག་མི་བྱེད། འགོ་གཙོ་ཨ། རང་དཔེ་གཞན་སྟོན་ལྟར་ན་ཏཱ་ལའི་བླ་མ་ཁྱོད་རང་སྲེག་གཏོང་ཐུབ་ན་ཁྱོད་ཀྱི་བདག་པོ་དང་དད་ལྡན་མང་པོའི་རྒྱལ་ཁ་ལོན་ཐུབ་པར་ཁག་ཐེག་ཡོང་ངེས་རེད། ཏཱ་ལའི་བླ་མས་གཞན་སྐུལ་རང་སྲེག་བྱེད་པ་ལས་ཁོ་རང་ཉིད་ཅིས་ཀྱང་དཔེ་མི་སྲིད་ཅེས་བྲིས་འདུག། རྒྱ་ཆེའི་དྲ་དམངས་ཀྱིས་ཏཱ་ལའི་ཚོགས་ཁག་གི་སྐྱུག་བྲོ་བའི་སྤྱོད་སྟངས་ལ་འཁང་ར་ཆེན་པོ་བྱས་ཤིང་། ཟུར་ཟ་དང་སུན་འབྱིན་གྱི་སྐད་ཆ་མང་བ་བལྟས་ཀྱང་མི་ཚར། སྨྱུག་ཐོགས་པས་འདིར་དེ་དག་གི་ནང་ནས་དཔེ་འགའ་དྲངས་པ་ཙམ་ཡིན། ཏཱ་ལའི་བླ་མའི་ངོ་སོ་ལ་བལྟས་ནས་དེ་ལས་ཀྱང་མཐིལ་དྲགས་པའི་དཔྱད་བརྗོད་འདིར་མ་དྲངས་པ་ཡིན་ཡང་། དེ་དག་གིས་ཏཱ་ལའི་བླ་མར་གཉིད་ལས་སངས་པར་སྐུལ་མ་བཏང་བ་ཡིན།
སྨྱུག་ཐོགས་པས་ཏཱ་ལའི་བླ་མ་ཚེ་ཐག་རིང་འདོད་པ་དང་། ཐ་ན་ལྷས་ལུང་བསྟན་ཐེངས་དུ་མར་ཐོབ་ཚུལ་ཤེས་ཡོད། ཁོ་རང་ལོ་༡༡༣བར་འདུག་རྒྱུ་ཡིན་ཞིང་། མངའ་འོག་གི་མི་རྣམས་ལ་ཇུས་ངན་བཏོན་ནས་“སྐུ་ཚེ་བརྟན་པོ་”ཡོང་བའི་ཆོས་ཚོགས་སྣ་ཚོགས་སྤེལ་གྱི་ཡོད། ཡིན་ན་ཡང་ལྷག་བསམ་ཅན་གྱི་མི་ཞིག་གིས་རང་གི་ཚེ་སྲོག་ལ་གཅེས་སྐྱོང་བྱེད་པའི་དུས་མཚུངས་སུ་ཚེ་སྲོག་ཐམས་ཅད་ལ་གུང་བཀུར་བྱེད་འོས། སྐུ་ཞབས་ལུའུ་ཞུན་གྱིས། རང་ཉིད་འཚོ་བའི་སྐབས་སུ་གཞན་ལ་རང་སྲོག་གཅོད་པར་སྐུལ་བའི་དབང་མེད་ཅེས་བཤད་མྱོང་། ཏཱ་ལའི་བླ་མ་དང་དེའི་ཉེ་འཁོར་གྱི་མི་རྣམས་ཀྱིས་གནས་ལུགས་འདིར་གོ་བ་ལེན་པར་རེ་བ་ཡིན། གལ་སྲིད་རང་ཉིད་གྱི་ལུས་མེར་སྲེག་གཏོང་འདོད་མེད་ན། གཞན་གྱི་ལུས་སྲེག་པར་སྐུལ་བའི་ནག་ཉེས་བསོག་མཚམས་ཆོད་ཅིག དེ་མིན་ཚེ་མཇུག་འབྲས་ཧ་ཅང་ཚབས་ཆེ་ངེས་རེད།
བཅོས་སྒྲིག་དུས་ཚོད། 3/23/2012 Links 0 མཆན། བསམ་ཚུལ་འདོན་པ།
Email ThisBlogThis!Share to TwitterShare to Facebook
ཏཱ་ལའི་ཚོགས་ཁག་གིས་ཅི་ལྟར་བྱས་ཏེ་རང་ལུས་མེར་སྲེག་གཏོང་བར་ངན་སྐུལ་བྱེད་ཀྱི་ཡོད།
སྤེལ་དུས། 2012-03-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་སྒྲིག་པ། ཡེ་ཏོ།
ཏཱ་ལའི་ཚོགས་ཁག་གིས་རང་ལུས་མེར་སྲེག་གཏོང་བར་ངན་སྐུལ་བྱས་པའི་སྐོར་ལ་རྒྱལ་ནང་གི་སྤྱི་ཚོགས་ལས་རིགས་ཁག་སོ་སོས་ངོ་རྒོལ་དྲག་པོ་བྱས་པ་མ་ཟད། ཕྱི་རྒྱལ་གྱི་སྨྱན་སྦྱོར་ཁག་ཅིག་གིས་ཀྱང་དེར་དོ་སྣང་དང་དོགས་པ་ཟ་བཞིན་ཡོད་པ་དང་། དྲ་དམངས་རྣམས་ཀྱིས་ཏཱ་ལའི་ཚོགས་ཁག་གི་མི་ཆོས་དང་འགལ་བའི་སྡིག་སྤྱོད་ལ་སྐྱོན་བརྗོད་དྲག་པོ་གཏོང་བཞིན་ཡོད། གནོན་ཤུགས་ཆེན་པོ་དང་འཕྲད་པར་བརྟེན། ཟླ་༣ཚེས་༡༠ཉིན་གྱི་རྡ་རམ་ས་ལའི་འདུ་ཚོགས་ཁྲོད། ཏཱ་ལའི་ཡིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་ལ། བཙན་བྱོལ་བོད་གཞུང་གི་མགོ་བ་གསར་བས་གསེད་བཀྲོད་ཀྱི་ཚུལ་དུ་ཏཱ་ལའི་བླ་མ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རང་སྲེག་ལྟ་བུའི་བྱ་སྤྱོད་འདི་རིགས་ལ་སྐུལ་མ་བྱེད་ཀྱི་མེད་ཅེས་བརྗོད་མོད། ཡིན་ནའང་འདུ་ཚོགས་འདིའི་སྟེང་། གྲོས་ཚོགས་རྫུན་མ་དེས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རིག་པ་གསལ་བའི་མི་ཞིག་གིས་རང་ལུས་མེར་སྲེག་གཏོང་བ་ནི་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས་ཐག་གཅོད་བྱས་པ་ཞིག་ཡིན་ལ། རང་གི་དད་སེམས་ཀྱི་ཆེད་དུ་རང་ཉིད་བློས་གཏོང་བྱས་པ་ཡིན་ཞེས་བཀོད་འདུག་པས། དེ་ནི་རང་སྲེག་མཁན་རྣམས་ལ་བསྔགས་བརྗོད་དང་སྐུལ་མ་བྱས་པ་ཡིན་པ་གསལ་བོར་མཐོང་ཐུབ་པ་མ་ཟད། དེར་ཡོད་པའི་ཏཱ་ལའི་ཡི་ལྟ་བ་མཚོན་ཡོད། སྨྱུག་ཐོགས་པས་ཏཱ་ལའི་དང་དེའི་ཚོགས་ཁག་གི་རང་སྲེག་ལ་ངན་སྐུལ་དང་། ཕྱི་རྒྱལ་སྨྱན་སྦྱོར་ཁག་གིས་རང་སྲེག་གི་བྱ་སྤྱོད་ལ་སྐྱོན་བརྗོད། དྲ་དམངས་རྣམས་ཀྱིས་ཏཱ་ལའི་ཚོགས་ཁག་ལ་སྐྱོན་བརྗོད་བྱས་པ་སོགས་ཟུར་ལྟའི་ཚུལ་དུ་འདིར་འགོད་རྒྱུ་ཡིན།
༢༠༡༡ལོའི་ཟླ་༡༠ཚེས་༡༩ཉིན། ཏཱ་ལའི་ཡིས་རྒྱ་གར་རྡ་རམ་ས་ལར་རང་སྲེག་གཏོང་མཁན་རྣམས་ལ་བསྔོ་བ་སྨོན་ལམ་རྒྱག་པའི་ཚོགས་འཚོགས་ཤིང་། མགོ་ཁྲིད་ནས་ཟས་བཅད་ཉིན་གཅིག་བྱས་ཏེ་རང་སྲེག་མཁན་རྣམས་ལ་རྒྱབ་སྐྱོར་བྱེད་པ་མཚོན་པ་དང་རང་གི་ཚོགས་པ་ཆུང་ཆུང་དེར་སྟོབས་ཤུགས་དང་སྤོབས་པ་བསྐྱེད། དེ་རྗེས་ཏཱ་ལའི་དང་ཁོའི་ཉེ་འཁོར་གྱི་མི་རྣམས་ཀྱིས་རང་སྲེག་ལ་ངན་སྐུལ་བྱེད་པའི་སྐད་གསེང་ཇེ་མཐོ་ནས་ཇེ་མཐོར་གྱུར་ཞིང་། སྔར་ལས་འཛེམ་མེད་ཧམ་ཤེད་དུ་གྱུར་བ་རེད།
ཟླ་༡༡ཚེས་༣ཉིན་ཏཱ་ལའི་ཚོགས་ཁག་གི་ཕ་ཡུལ་དྲ་བའི་སྟེང་། བོད་ཀྱི་གཞོན་ནུ་ཚོགས་པའི་མགོ་བས་བོད་མིའི་སྔར་བྱུང་མ་མྱོང་བའི་བྱ་སྤྱོ་འདི་ནི་འཚེ་མེད་ཞི་བའི་ལས་འགུལ་གྱི་མཐར་ཐུག་གི་བྱ་སྤྱོད་ཅིག་ཡིན་ཞིང་། གཞོན་ནུ་ཚོགས་པས་ཁོང་ཚོའི་བློས་གཏོང་དེར་རིན་ཐང་ཆེན་པོ་ལྡན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཀོད་འདུག
ཟླ༡༡་ཚེས་༡༠ཉིན། འཇར་མན་རླུང་འཕྲིན་ཁང་དང་ཐའེ་ཝན་ཀྲུང་དབྱང་ཁང་། བཙན་བྱོལ་བོད་གཞུང་གི་སྲིད་གཞུང་དྲ་བ་སོགས་སྨྱན་སྦྱོར་མང་པོའི་སྟེང་ཏཱ་ལའི་ཐའེ་ཝན་སྐུ་ཚབ་དོན་གཅོད་ཅིག་ལ་བཅར་འདྲི་བྱས་པའི་སྐོར་གཤམ་ལྟར། ཏཱ་ལའི་ཐའེ་ཝན་སྐུ་ཚབ་དོན་གཅོད་ཀྱིས་ནང་བསྟན་གྱི་ལྟ་བའི་སྟེང་ནས་བཤད་ན་ཁོང་ཚོའི་བྱ་སྤྱོད་འདི་རིགས་ནི་རང་ལུས་ཞུ་འབུལ་གྱི་བྱ་སྤྱོད་ལ་གཏོགས་ཤིང་། དེ་ནི་ཧ་ཅང་རླབས་ཆེན་དང་གཞན་ཕན་གྱི་བློས་གཏོང་བྱ་སྤྱོད་ཅིག་ཡིན་པས། ངོ་བོའི་སྟེང་ནས་ནང་བསྟན་གྱི་དགོངས་པ་དང་མི་འགལ་ཞིང་། བློས་གཏོང་བསམ་བློ་ཞིག་ཡིན་ཞེས་བཤད་ཡོད། ཏཱ་ལའི་བླ་མའི་བོད་ཀྱི་ནང་བསྟན་ཐེབས་རྩ་ཚོགས་པས་རྩོམ་ཡིག་ཅིག་སྤེལ་ནས་རང་སྲེག་ལ་གཞུང་ལུགས་ཀྱི་རྒྱབ་རྟེན་མཁོ་འདོན་བྱས་ཤིང་། རྩོམ་ཡིག་ནང་རང་སྲེག་ནི་ཆོས་ཁྲིམས་དང་མི་འགལ་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་ཚུལ་བརྗོད་ཡོད།
ཟླ་༡༡ཚེས་༡༡ཉིན། ཕྱི་རྒྱལ་དུ་ཡོད་པའི་ཀིརྟི་རིན་པོ་ཆེས་ལོག་ཆོས་ཏེ་ཆོས་འཁོར་སྒོམ་སྒྲུབ་གྱི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་རང་སྲེག་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཆེད་ཡིན་པས། ནང་ཆོས་ཀྱི་གཞན་ཕན་དགོངས་པ་དང་མཐུན་ཡོད་ཅེས་བརྗོད་པ་རེད།
ཟླ་༡༡ཚེས་༡༧ཉིན། བཙན་བྱོལ་བོད་གཞུང་གི་མགོ་བ་གསར་བས་རྡ་རམ་ས་ལ་ནས་སྨྱན་སྦྱོར་ཁག་ལ་བོད་དོན་ཐག་གཅོད་ཐད་ད་བར་ཐོད་བརྒལ་གསར་བ་མེད་པས། ངས་བོད་མིའི་བློ་ཕམ་གྱི་བསམ་བློ་རྟོགས་ཐུབ་པ་དང་། ལྷག་པར་དུ་ན་ཆུང་མང་པོས་སྔར་བས་ཐད་ཀར་དང་། མགྱོགས་པོའི་སྒོ་ནད་ཐག་གཅོད་བྱེད་པའི་ཐབས་ལམ་བཙལ་ནས། སྔར་ལས་མང་པའི་རང་སྲེག་འཆར་གཞི་བཟོས་ནས་བོད་དོན་ཐག་གཅོད་ཐད་ཐོད་བརྒལ་གསར་བ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྒྲགས།
༢༠༡༢ལོའི་ཟླ་༢ཚེས་༢༣ཉིན་ཧྥ་རན་སིའི་རྒྱ་གྲམ་ཚགས་པར་སྟེང་། ཏཱ་ལའི་བླ་མའི་ཆབ་སྲིད་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་པའི་ཚོགས་པ་གསར་འཛུགས་མཁན་གྱིས་རང་སྲེག་ནི་འོད་ཟེར་གྱི་མཆོད་རྫས་ཡིན་ཞིང་། མིའི་རིགས་མུན་ནག་ལས་འོད་གསལ་ཕྱོགས་སུ་བསྐྱོད་པའི་གྲོགས་ཡིན་པ་དང་། རང་སྲེག་ནི་བྱམས་སྙིང་རྗེ་དང་ཞི་བདེའི་བྱ་སྤྱོད་ཡིན་ཞེས་བཀོད་འདུག
ཏཱ་ལའི་ཚོགས་ཁག་གིས་རང་སྲེག་གཏོང་བར་ཡག་བརྗོད་དང་། དེར་སྐུལ་བའི་གླེང་བརྗོད་ཀྱི་ཁོར་ཡུག་གཏོད་པའི་དམིགས་ཡུལ་ནི་ཉེས་མེད་ཀྱི་ཚེ་སྲོག་དེ་དག་གཏའ་མར་བཞག་ནས། ཀྲུང་གོར་གླིང་ཆེན་ཨ་ཧྥེ་རི་ཁ་དང་ཨེ་ཤ་ཡ་ནུབ་མའི་རྒྱལ་ཁབ་ཁག་ལྟར་སྤྱི་ཚོགས་ཟིང་འཁྲུག་འབྱུང་བའི་རེ་ངན་བཅངས་ཀྱི་ཡོད་པ་དང་། ཏཱ་ལའི་ཡིས་ན་ནིང་ཟླ་༡༡པའི་ཚེས་༡༨ཉིན་དབྱིན་ཇིའི་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་པར། བོད་མིས་རང་སྲེག་གི་བྱེད་ཐབས་སྤྱོད་པ་ནི་ཁོང་ཚོས་ནུབ་ཕྱོགས་ཀྱིས་ཨ་རབ་ཀྱི་དཔྱིད་དུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། ཀྲུང་གོར་སྐད་ཆ་འཇམ་པོས་ཁ་བརྡ་བྱེད་ཀྱི་ཡོད་པ་ཤེས་ཀྱི་ཡོད་པས་རེད་ཅེས་བཤད་ནས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོར་སྔར་བས་དྲག་པའི་བྱེད་ཐབས་སྤྱོད་པར་ངན་སྐུལ་བྱས་པ་རེད། བཙན་བྱོལ་བོད་གཞུང་གི་མགོ་བས་ཏཱ་ལའི་དམིགས་ཡུལ་ལྟར། ཟླ་༡༡ཚེས་༡༡ཉིན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་སྐད་གསེང་མཐོན་པོས་སྤོབས་སེམས་ཆེན་པོས་སྒོ་ནས་རང་སྲོག་བློས་གཏོང་བྱེད་མཁན་གྱི་དཔའ་བོ་དཔའ་མོ་རྣམས་ལ་རྒྱབ་སྐྱོར་བྱེད་པ་ནི་ཁོའི་འགན་འཁྲི་ཡིན་ཞིང་། ཁོང་ཚོའི་དཀའ་སྡུག་དང་བློས་བཏང་བ་དེ་ནུས་མེད་དུ་རྩ་བ་ནས་འགྱུར་མི་སྲིད་པ་དང་། ཆབ་སྲིད་མགོ་ཁྲིད་པའི་འགན་ཁུར་ཡིན་པའི་ཆ་ནས། ཁོང་ཚོའི་སྡུག་བསྔལ་གྱི་སྐད་སྒྲ་རྣམས་ཇེ་ཆེར་བསྒྲགས་ཅི་ཐུབ་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད། ཟླ་༡༡ཚེས་༢༤ཉིན་ཁོས་ནོར་ཝེའི་མཚན་མོའི་སྦྲག་སྲིད་ཚགས་པར་སྟེང་མངོན་སུམ་འཛེམ་མེད་ངང་རང་སྲེག་གཏོང་བའི་གྲྭ་བཙུན་རྣམས་ལ་ཕལ་ཆེར་ཐུ་ནི་སི་ནས་བློ་བསྐྱེད་བྱུང་བ་ཡིན་ཞིང་། རང་སྲེག་ལ་བརྟེན་ནས་བོད་དུའང་གནས་ཚུལ་དེ་འདྲ་འབྱུང་བར་རེ་བ་བྱེད་བཞིན་ཡོད་ཅེས་བཤད་པ་དང་། ཡང་ཟླ་༡༡ཚེས་༢༩ཉིན་ཁོས་ཧྥ་རན་སིའི་བཅིངས་འགྲོལ་ཚགས་པར་སྟེང་། རང་སྲེག་བྱེད་དོན་ནི་བོད་དང་བོད་མི་སྲུང་སྐྱོབ་བྱེད་ཆེད་ཡིན་ཞེས་དང་། གལ་སྲིད་ཀྲུང་གོའི་དམག་མི་བོད་ནས་ཕྱིར་འཐེན་བྱས་ན། རང་སྲེག་དོན་རྐྱེན་དེ་མཚམས་འཇོག་སྲིད་ཅེས་བཤད། ད་ལོའི་ཟླ་༢ཚེས་༡༣ཉིན་དང་ཚེས་༡༤ཉིན། ཁོས་ཡང་བསྐྱར་བསྟུད་མར་ཏོ་ཝེ་གསར་འགྱུར་དྲ་བ་དང་། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་བརྒྱུད་གཏམ་བཤད་བྱས་ཤིང་། གཏམ་བཤད་ནང་བོད་ཀྱི་ཆེད་དུ་རང་སྲོག་སྦྱིན་སྲེག་བྱས་པའི་སྐྱེ་བོ་དེ་དག་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན་ཞེས་དང་། ཡང་ན་བྱ་སྤྱོད་འདི་རིགས་ལ་བརྟེན་ནས་ཕྱི་ཕྱོགས་ཀྱིས་བོད་ཀྱི་དཀའ་སྡུག་ལ་དོ་སྣང་བྱེད་སྲིད་ཅེས་བརྗོད།
དེ་ལྟར་ཡིན་མོད། གནས་ཚུལ་འཕེལ་ཕྱོགས་ནི་ཏཱ་ལའི་ཚོགས་ཁག་གིས་རེ་བ་བྱེད་བཞིན་པ་ལྟར་འཕེལ་མེད་ཅིང་། རྒྱལ་སྤྱིའི་སྟེང་ཀྲུང་གོར་དམའ་འབེབ་དང་ངོ་རྒོལ་བྱེད་པའི་གཏམ་སྤྱོད་ཉུང་ཉུང་ཡིན་པ་དང་།། རྒྱལ་ཁབ་སུ་ཞིག་གིས་ཀྱང་རང་གི་ཁེ་ཕན་དང་རྒྱལ་སྤྱིའི་འབྲེལ་བ་ཕར་གཡུག་ནས་ཀྲུང་གོར་གནོན་ཤུགས་སྤྲད་ཕོད་མེད། བ་སྤུའི་མེ་ཏོག་གི་གསར་བརྗེ་ཞེས་པ་དེ་ཀྲུང་གོ་རུ་ཏིལ་འབྲུ་ཙམ་ཡང་བྱུང་ཐུབ་མེད། ཏཱ་ལའི་མཇུག་འབྲས་འདི་ལྟ་བུ་ལ་ཧ་ཅང་བློ་ཚིམ་གྱི་མེད་པ་རེད། ཟླ་༡༡ཚེས་༡༨ཉིན་ཁོས་དབྱིན་ཇིའི་རླུང་འཕྲིན་ཁང་བརྒྱུད་ལག་འོག་གི་མི་རྣམས་ལ་ཤུགས་ཀྱིས་བསྟན་པར། གནོད་དོན་ནི་རང་སྲེག་གཏོང་བར་སྤོབས་པ་ཆེན་པོ་དགོས་མོད། འོན་ཀྱང་དེར་གྲུབ་འབྲས་ནི་ཅི་ཞིག་ཡོད་ཅེས་དང་། ཟླ་༡༡ཚེས་༢༦ཉིན་མུ་མཐུད་དུ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་བརྒྱུད་ནས་བཤད་པར། རང་སྲེག་མཁན་རྣམས་ལ་སྤོབས་པ་ཆེན་པོ་ལྡན་མོད། ཡིན་ནའང་ཁོང་ཚོའི་བློས་གཏོང་དེར་ནུས་པ་ཐོན་མི་ཐོན་པའི་སྐོར་ནི་དྲི་བ་ཞིག་ཡིན་ཞེས་བཤད། ཏཱ་ལའི་ལ་མཚོན་ན་རང་སྲེག་ལ་སྐུལ་མ་བྱེད་འོས་པའམ་མི་འོས་པ་ནི་གནད་དོན་མ་ཡིན་པར། གནད་དོན་གཙོ་བོ་ནི་བྱ་སྤྱོད་དེ་རིགས་ལ་ནུས་པ་ཡོད་མེད་དེ་རེད། དོན་དངོས་སུ་ཁོའི་ལག་འོག་གི་མི་རྣམས་ཀྱིས་སྔར་བས་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་ཀྲུང་གོར་ཟིང་འཁྲུག་སློང་རྒྱུ་དེ་རེད།
ཏཱ་ལའི་ཡིས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དགོས་པའི་བླང་བྱ་བཏོན་པ་ན། ཁོའི་ལག་འོག་གི་མི་རྣམས་ཀྱིས་སྔར་ལས་ལྷག་པར་རང་སྲེག་བྱེད་པར་ངན་སྐུལ་བྱས་ཤིང་། མི་སྔར་བས་མང་པོ་ཤི་བ་དང་། སྔར་བས་ནུས་ལྡན་ངང་ཤི་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་སྲིད་པ་དང་། ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་དམིགས་འབེན་འགྲུབ་ཐུབ་པའི་ལྟ་ཚུལ་འཛིན་གྱི་ཡོད། ད་ལོའི་ཟླ་༡ཚེས་༡༡ཉིན། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་ཏཱ་ལའི་ཚོགས་ཁག་གི་མི་དམངས་འཐུས་མི་བཅོས་མས་གསལ་བསྒྲགས་ཤིག་སྤེལ་ནས། གསལ་བསྒྲགས་དེའི་ནང་རྒྱལ་ནང་གི་བོད་མིས་རང་གི་ཚེ་སྲོག་བློས་གཏོང་བར་མི་འཛེམ་པར་རང་གི་དགོས་འདུན་མཚོན་དགོས་པའི་སྐུལ་སློང་བྱས་པ་རེད། ཟླ་༢ཚེས་༡༢ཉིན་ཕྱི་རྒྱལ་དུ་ཡོད་པའི་ཀིརྟི་དགོན་པའི་མགོ་བས་ཏཱ་ལའི་ཚོགས་ཁག་གི་ཕ་ཡུལ་དྲ་བའི་བཅར་འདྲི་དང་ལེན་བྱེད་སྐབས། རང་སྲེག་བྱེད་པའི་གནས་སྟངས་ནི་འགོག་ཐབས་མེད་པ་ཞིག་ཏུ་གྱུར་ཟིན་ཞིང་། མ་འོངས་པའི་གཟའ་འཁོར་འགའི་རིང་བོད་མིས་ད་དུང་མུ་མཐུད་དུ་རང་སྲེག་བྱས་ནས་ཀྲུང་གོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་སྲིད་ཅེས་དང་། རྒྱལ་ནང་གི་བོད་མིས་རང་སྲེག་བྱེད་པ་ནི་བོད་ཀྱི་རང་དབང་ཆེད་ཡིན་ཞིང་། རང་སྲེག་མཁན་གྱི་ཁྱིམ་མི་རྣམས་ཀྱིས་རང་སྲེག་གི་བྱ་སྤྱོད་ལ་འགྱོད་སེམས་སྐྱེ་མི་སྲིད་པ་དང་། ད་ནི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་ཚོགས་པ་ཁག་གིས་ཀྲུང་གོར་གནོན་ཤུགས་སྤྲོད་པའི་དུས་སྐབས་རེད་ཅེས་བརྗོད་པ་རེད།
ཟླ་༢ཚེས་༢༡ཉིན། བཙན་བྱོལ་བོད་གཞུང་གི་མགོ་བ་གསར་བས་ཨོ་སི་ཁྲི་ལི་ཡའི་སྨྱན་སྦྱོར་གྱིས་བཅར་འདྲི་བྱེད་སྐབས། རང་སྲེག་མཁན་རྣམས་ཀྱིས་བོད་ཀྱི་རང་དབང་དང་ཏཱ་ལའི་བླ་མ་ཕྱིར་བོད་ཡུལ་དུ་ལོག་པའི་ཆེད་རང་སྲོག་བློས་བཏང་བ་རེད་ཅེས་བརྗོད། ཟླ་༢ཚེས་༢༧ཉིན་སྲིད་གཞུང་རྫུན་མ་འདིས་ཡིག་ཆ་ཞིག་བཀྲམ་ནས་རང་སྲེག་དོན་རྐྱེན་ནི་མ་འོངས་པའི་ཀྲུང་གོར་ཟིང་འཁྲུག་ལངས་རྐྱེན་དུ་འགྱུར་བའི་རེ་བ་མཚོན་པ་རེད།
ཟླ་༣ཚེས་༡༠ཉིན། བཙན་བྱོལ་བོད་གཞུང་གི་མགོ་བ་གསར་བས་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་སྙན་ཞུ་བ་ཞིག་བཀོད་སྒྲིག་བྱས་ནས་བོད་དུ་བསྐྱོད་དེ་རྟོག་ཞིབ་བྱེད་པ་དང་། བོད་ཀྱི་མིག་སྔའི་གནད་དོན་ཐག་གཅོད་དགོས་པའི་ཞུ་བ་བྱས་ཡོད། བོད་ཀྱི་གཞོན་ནུ་ཚོགས་པས་རང་སྲེག་ནི་རེ་ཐག་ཆད་པའི་བྱ་སྤྱོད་མིན་ལ་འབྲས་བུ་མེད་པའི་རྨོངས་ཚོད་ཀྱི་བྱ་སྤྱོད་ཀྱང་མིན་པར་། རྣམ་པ་གསར་བའི་ཁྲག་བཞུར་རྒོལ་བ་འདི་ནི་བོད་ཀྱི་ན་ཆུང་རྣམས་ཀྱི་རང་དབང་འཐབ་རྩོད་ཀྱི་དད་པ་རྣམ་དག་གི་རྨང་གཞིའི་སྟེང་བྱུང་བ་ཞིག་ཡིན་ཞེས་འགྲེལ་བརྗོད་བྱས་འདུག་ལ། རང་སྲེག་ལ་བརྟེན་ན་བོད་རང་བཙན་གྱི་ལས་དོན་ལ་རེ་བ་ཆེན་པོ་ཡོད་པའི་རྣམ་པ་བསྟན།
ཏག་ཏག་ཏཱ་ལའི་ཚོགས་ཁག་གིས་ནུས་ཤུགས་ཡོད་དགུར་བརྟེན་ནས་ངན་སྐུལ་བྱས་པར་བརྟེན། བོད་ཁུལ་གྱི་ས་ཆ་ཉུང་ཤས་ལ་ཟླ་བ་འགའ་ཤས་རིང་རྒྱུན་ཆད་མེད་པར་རང་སྲེག་དོན་རྐྱེན་བྱུང་ནས། ཉེས་མེད་ཀྱི་ན་ཆུང་འགའི་ཚེ་སྲོག་བརླག་པ་རེད། རང་སྲེག་ནི་རྣམ་པ་འགྱུར་བའི་དྲག་སྤྱོད་མ་ཡིན་པར། དེ་ནི་ཏཱ་ལའི་ཚོགས་ཁག་གིས་ཉེས་མེད་ཀྱི་རང་སྲེག་མཁན་རྣམས་ལ་མངོན་སུམ་འཛེམ་མེད་ངང་དྲག་སྤྱོད་སྤེལ་བ་རེད། ཡིན་ནའང་། དེ་བརྒྱུད་ནས་མི་གཤིས་བཟང་སྔར་ལས་མང་པོས་ཏཱ་ལའི་ཚོགས་ཁག་སྟེ་བཀས་བཀོད་ཞིང་བྲན་བདག་པོའི་སྟོབས་ཤུགས་ལྷག་རོ་དེའི་གདུག་རྩུབ་དང་། འཇིགས་སུ་རུང་བ། ཁྲེལ་མེད་ཀྱི་ངོ་གདོང་ངོ་མ་མཐོང་བ་ལས་ཕུད། ཏཱ་ལའི་ཚོགས་ཁག་གི་དམིགས་ཡུལ་ཆེན་པོ་གཞན་པ་འགྲུབ་པར་ཕན་ཅི་ཡང་ཐོགས་མི་སྲིད། ཀློག་པ་པོ་མི་ཉུང་བས་ཚིག་རྣོན་པོས་ངང་བསྟན་པར། རང་སྲེག་གིས་ཀྲུང་གོ་ཟིང་འཁྲུག་སློང་བ་དང་། དེ་ནི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤས་མགྱོགས་ཤོས་ཡིན་ན། ཏཱ་ལའི་ཚོགས་ཁག་གིས་ད་དུང་ཅི་ཞིག་ལ་སྒུག་ཡོད་པ་ཡིན། དེ་ཡིན་ན་ཚོགས་ཁག་དེས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས་ནར་མ་སོན་པའི་ན་ཆུང་རྣམས་སྦྱིན་སྲེག་གི་མཆོད་རྫས་སུ་འབུལ་མི་དགོས་པར། ཏཱ་ལའི་རང་ཉིད་དང་ཚོགས་ཁག་དེའི་མགོ་བ་ཆེ་འབྲིང་ཆུང་གསུམ་རྣམས་ཀྱིས་མགོ་ཁྲིད་ནས། བསམ་བློ་ལེགས་པོ་བཏང་ཞིང་དད་པ་རྣམ་དག་གིས་རང་ཉིད་རང་སྲེག་བྱས་ན། ཐབས་ཤས་དེ་ལས་མགྱོགས་ཤིག་ཏུ་འགྱུར་སྲིད་ལ། དེ་ལྟར་བྱས་ན་གཟི་བརྗིད་ལྡན་པའི་ངང་རང་སྲོག་བློས་བཏང་བའི་བོད་ཀྱི་ན་ཆུང་རྣམས་ལ་རྒྱབ་སྐྱོར་བྱས་པ་ཡིན་པ་མ་ཟད། ད་དུང་ཤི་རྗེས་མགྱོགས་པོར་སངས་རྒྱས་ཐུབ་པས་མགྱོགས་པོ་དེ་ལྟར་བྱས་ན་ལེགས་པོ་མི་འདུག་གམ།
ངས་པོ་རྒྱལ་མཚན་ལགས་ཀྱིས་གང་ལེགས་བྲིས་འདུག་ལ་ཚོར་བ་ཟབ་པོ་འདུག་པས་ཡི་རངས་བསྔགས་བརྗོད་ཞུ་ལགས།
རྗེས་སུ་མུ་མཐུད་དེ་ལྟའི་རྩོམ་ཡིག་ལ་འབད་རོགས།
དྲ་གྲོགས་རྣམ་པ་ཕེབས་ནས་དགོངས་ཚུལ་ལྷུག་པོ་གསུངས་པར་གུས་པས་ཐུགས་རྗེ་ཆེ་ཞུ་འདོད་བྱུང།
ཡིན་ནའང མེ་ཏོག་དཀར་པོ་ལགས།
རྒྱ་དམར་ཇག་པའི་གཡོ་སྒྱུའི་ཚིག་ལོག་དག། ༸སྐྱབས་མགོན་མཆོག་ལ་སྒྲོག་པར་མ་བཟོད་པར།། དངོས་ཐོག་བདེ་གཏམ་རི་མོ་བྲིས་པ་ལས།། ཚིག་སྐམ་བསྟོད་རྒྱུར་རེ་འདུན་བདག་ལ་མེད།།
བརྙན་འཕྲིན་གསར་ཤོག་ནང་གི་ལམ་བུ་དེ།། རྒྱ་དམར་ཇག་པས་སྒོར་མོས་ཁ་ལོ་བསྒྱུར།། མི་བདེན་རྫུན་སྒྲིག་རི་རྒྱལ་ལྷུན་པོ་དེ།། བདེ་གཏམ་ཐོ་བས་གཏོར་འདོད་བདག་ལ་ཡོད།།
འོ་ན་འགྲིག་འདུག་ཕ་བཟང་བུ།
མགོ་རུལ་ཚར་ན་ཀླད་པ་་ཡང་རུལ་ངེས་ན་རྣ་བར་གོ་བརྡ་སྤྲོད་མཁན་མེད་པས་ཚོར་ཐབས་མེད།
ངས་པོ་རྒྱལ་མཚན་ལགས།
ཐུགས་རྗེ་ཆེ། ཁྱེད་ཀྱི་རྗོད་བྱེད་ཚིག་དང་བརྗོད་བྱའི་དོན་ཟབ་པའི་དགག་ལན་ལེགས་པོ་ཞིག་བྲིས་འདུག ང་ཚོའི་སྤྱི་ཚོགས་སྟེང་སྨྱུག་འཛིན་པའི་མིང་འཛིན་མང་པོ་ཞིག་ཡོད་ཀྱང། ཁོ་ཚོའི་སྨྱུ་གུའི་ཁ་རྩེ་ནི་རང་ཕྱོགས་ལས་གཞན་ཕྱོགས་ལ་སྟོན་ཐུབ་པའི་སྤོབས་སེམས་མེད་པ་དང། ཡང་དཔོན་རིགས་ཀྱི་མིང་འཁུར་འགའ་ཞིག་གིས་དགྲ་དགའ་གཉེན་སྡང་གྱི་ལས་ཀ་མང་པོ་བྱེད་ཀྱི་འདུག
སྤྱི་འཐུས་གྲོས་ཚོགས་སྐབས་བཅོ་ལྔ་པའི་ཚོགས་དུས་གསུམ་པའི་མཐའ་མའི་མཇུག་བསྡོམས་གཏམ་བཤད་གསུང་ལ་ཉེ་བའི་སྐབས་ཚོགས་གཙོ་མཆོག་གིས་ཚོགས་འདུའི་འགྲོ་སྟངས་ལྟར་འཕྲོས་ལྷག་ཡོད་མེད་ཀྱི་སྐོར་ལ་བཀའ་འདྲི་གནང་བར་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་ཡོད་པའི་བརྡ་ལན་བྱས་ཏེ་ཡར་བཞེངས་སོང། ཡིན་ནའང་ཁོ་ལ་ཡོད་པའི་དྲི་བ་ནི་དོན་མེད་ཀྱི་ཟུར་སའི་ཚིག་རྙོག་སྟེ། ཁོའི་འདོད་འགྲུབ་མ་བྱུང་བའི་རྒྱུ་མཚན་གྱིས་འཆོལ་གཏམ་ཞིག་ཡིན་པ་ནི་ཁོའི་དྲི་བའི་ཟུར་ལས་མངོན་ཡོང་གི་འདུག དེ་ནི་རྒྱ་དམར་གཞུང་ལྟར་གཅིག་བསྡུས་རིང་ལུགས་དང། བསམ་བློ་གཅིག་བསྒྱུར། གོམ་སྟབས་གཅིག་བསྒྱུར་ཡིན་དགོས་པའིབཙན་གནོན་གྱི་གཞུང་ཞིག་མ་ཡིན་པའི་ཁྱད་ཆོས་མངོན་ཡོང་གི་འདུག་ཀྱང། གྲོས་ཚོགས་ལ་ཆེ་མཐོང་དང། བརྩི་བཀུར། ཡ་རབས་བཟང་སྤྱོད་གཅིག་ལས་བལྟས་ན་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད་འདུག་
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཀརྨ་ཆོས་འཕེལ་གྱི་དྲི་བར་ལན་འདེབས་མཛད་སྐབས་ཁོའི་ངོ་གདོང་སྡིག་པ་ར་ཛའི་སྟེང་གཅིན་པ་བཏང་བ་ལྟར་དམར་པོར་གྱུར་ཅིང། ཚོགས་གཙོས་མཇུག་བསྡོམས་གཏམ་བཤད་མ་ཚར་བའི་གོང་ནས་ཁོ་གྲོས་ཚོགས་ཀྱི་རྭ་བ་ནས་ཐོན་སོང་བས། འདིར་བཞུགས་བཀའ་བློན་ལྷན་རྒྱས་གཙོས་གྲོས་ཚོགས་ཀྱི་འཐུས་མི་དང། དྲུང་ཆེ། གསར་འགོད་པ། ཟུར་ཉན་པ་ཚང་མར་མི་བདེ་བའི་ཚོར་བ་ཞིག་བྱིན་སོང་། ལྷག་པར་དུ་གྲོས་ཚོགས་རྭ་བ་དེར་ཟུར་ཉན་བྱེད་ཐུབ་པའི་དགའ་སྤྲོས་ཁེངས་པའི་བདག་ལྟ་བུ་ལ་མཚོན་ན་ཀརྨ་ཆོས་འཕེལ་ལ་འཁང་ར་དང་ལྷན། ཁོའི་དེ་སྔོན་གི་ནག་ཉེས་རྣམས་ཡིད་ལ་འཁོར་ཏེ། རྒྱུ་མཚན་ཅི་ཞིག་གིིས་སླར་ཡང་ཁོ་བཀའ་བརྒྱུད་ཀྱི་སྤྱི་འཐུས་ལ་བདམས་པ་ཡིན་ནམ་སྙམ་བྱུང།
གྲོས་ཚོགས་ནི་མང་གཙོའི་ཀ་བ་གསུམ་གྱི་ནང་ནས་གལ་གནད་ཆེ་ཤོས་ཤིག་ཡིན་པ་མ་ཟད། གྲོས་ཚོགས་ལ་གུས་བཀུར་མེད་པ་ནི་ཚོགས་གཙོ་ལ་བརྩི་བཀུར་མེད་པ་ཙམ་གྱིས་མི་ཚད་པར་གཞུང་ལ་གུས་བཀུར་མེད་པ་མཚོན་གྱི་ཡོད། དེ་ལྟ་བུའི་གཞུང་ལ་བརྩི་བཀུར་མེད་པའི་མི་ཞིག་སྤྱི་འཐུས་ཀྱི་སྡིངས་ཆའི་སྟེང་སླེབས་པ་དེ་ཁོར་འོས་བླུག་མཁན་ཚང་མས་འགན་ཁུར་ལ་བསམ་བློ་བཏང་མེད་པའི་སྐྱོན་ལས་བྱུང་བ་ཞིག་རེད། དབྱིན་གཏམ་ཞིག་ནང་”ཚབ་བྱེད་ཐུབ་ཀྱང་འགན་འཁུར་མི་ཐུབ”ཟེར་བ་ལྟར་ཁོས་བཀའ་བརྒྱུད་ཀྱི་སྐུ་ཚབ་བྱེད་ཐུབ་ཀྱང་འགན་ཁུར་ཐུབ་ཀྱི་མི་འདུག ཁོ་དེ་སྔོན་སྤྱི་འཐུས་ཚོགས་གཙོའི་ལས་འཁུར་སྐབས་ཚོགས་ཆེན་ལ་མ་སོང་བར་ཆང་རག་ཁང་ནང་མགོ་འཁོར་བའི་གནས་ཚུལ། ཁོ་བཀའ་བརྒྱུད་ཀྱི་སྤྱི་འཐུས་བདམས་རྗེས་སླར་ཡང་ཁོས་རྙོག་གྲ་མང་པོ་བསླངས་སྐད། དེ་རིང་ཡང་ཁོས་གྲོས་ཚོགས་ལ་བརྩི་བཀུར་མེད་པར་ཐོན་སོང།
ངས་པོ་རྒྱལ་མཚན་ལགས། དུས་ཐོགི་གི་ཆར་པ་འབེབས་པར་ཐུགས་རྗེ་ཆེ་ཞུ། ངེད་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བར་དགོས་པའི་སྨྱུག་ཐོག་པ་ནི་ཁྱེད་ལྟ་བུ་ཞིག་དགོས། རྩོམ་ཡིག་གང་མང་སྤེལ་རོགས། རྗེས་སུ་ཡི་རང་ཡོད།
སྐྱུ་རྩི་ལགས་དགོས་མེད་ཚིག་ཉོག་བརྗོད་པ་ལས་དོན་དང་མཐུན་པའི་ཚིག་དགའ་བརྗོད་ན་མི་ལེགས་སམ།
མི་ཁ་ཤས་ཞིག་སོ་སོར་སྣང་བ་མ་ཡོང་ན་སྡུག་སྐད་ཤོར་རྒྱུད་དེ་བོད་པ་ལུགས་སོར་ཡིན་པ་འདྲ་
དངོས་གནས་ངས་པོ་རྒྱལ་མཚན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།་་་རྗེས་ནས་མུ་མཐུད་དུ་འབྲི་རོགས་ཞེས་བསྐུལ་མ་ཡང་ཞུ་འདོད་བྱུང་།་་་ཐུགས་རྗེ་ཆེ་ཆེ།
ཀྲུང་གོའི་སློབ་གསོ།
དར་ཆ་གསལ་པོས་ཏཱ་ལའི་ཁ་བྲལ་ལ་ངོ་རྒོལ། བློ་བརྟན་འགྱུར་མེད་ཀྱིས་བཅར་རྡུང་དྲག་པོ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་དར་སྤེལ། བརྟན་བརླིང་སྲུང་སྐྱོབ་དང་། ཡུན་རིང་བདེ་འགོད་ཡོང་བར་བྱེད་དགོས་ཟེར།
ལོག་སྨྲ་ཚར་གཅོད། གཏམ་དེ་ཚོ་གུང་ཁྲན་གྱིས་བོད་ནང་ཁ་ན་ན་དང་ལྕེ་དིག་དིག་གི་བར་དུ་བཤད་ཀྱང་ཕན་ནུས་གང་ཡང་མ་ཐོན་པ་རྒྱལ་བ་རིན་པོ་ཆེ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་རྒྱུའི་ཚབ་ལ་ང་ཚོའི་བོད་མི་རྣམས་ཀྱིས་བོད་ལ་རང་དབང་དང་རྒྱལ་བ་རིན་པོ་ཆེ་བོད་ལ་མྱུར་དུ་གདན་ཞུ་བྱེད་དགོས་ཅེས་མི་དམངས་ཀྱི་དགོས་འདུན་ངོ་མ་དེ་བསྟན་ཡོང་དུས་ཁྱེད་ཚོས་དྲག་གནོན་གྱིས་གསོད་རྡུང་བཙན་བཀག་གི་བྱ་བ་ལས་གཞན་ཅི་བྱ་གཏོལ་མེད་དུ་གྱུར་ཡོད། མི་རིགས་མཐུན་སྒྲིལ། བརྟན་བརླིང་སྲུང་སྐྱོབ་དང་ཡུན་རིང་བདེ་འགོད་ཟེར་བ་ཡོང་ས་རེད་དམ། ཁྱེད་ཚོས་གུང་ཁྲན་ཏང་གིས་ང་ཚོའི་བོད་ཀྱི་ས་འོག་གཏེར་ཁ་ཡོངས་རྫོགས་རྔོག་ཁྱེར་བྱས། ས་སྟེང་གི་ཤིང་ནགས་ཚང་མ་བཅད། རང་བྱུང་གི་ཁོར་ཡུག་རྣམས་ཀྱང་འབག་བཙོག་བཟོས། སྐྱབས་གནས་ཀྱི་བླ་ཆེན་ཚང་མ་ཕྱིར་འབུད་བཏང། ལྷ་ལུས་ཀྱི་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་། བསམ་ཡོད་ཀྱི་ཡུལ་མི་ཐམས་ཅད་བཙན་དུ་བཀག བསམ་མེད་ཀྱི་བོད་མི་རྣམས་ལ་དཔོན་མིང་བཏགས། དགོན་པ་དང་ལྷ་ཁང་ཚང་མ་གྱང་རོར་བསྒྱུར། ནང་རྟེན་རྩ་ཆེན་གྱི་དངོས་པོ་རྣམས་རྒྱ་ནག་ཏུ་ཁྱེར།
སྡིག་ཉེས་དེ་དག་གིས་རྐྱེན་པས་བོད་པའི་སེམས་ཀྱི་རྨ་ཁ་ནམ་ཡང་གསོ་ཐབས་མེད་པར་གྱུར་ཟིན་པས་ཁྱེད་ཚོས་ཧམ་པ་དང་དྲག་པོ་ཁོ་ནའི་ལམ་ནས་བོད་མིར་ངོ་རྒོལ་འགོག་ཐབས་ཀྱི་རེ་ངན་བཅངས་ཡོད་ཀྱང་དུས་ནམ་ཡང་འགྲུབ་མི་སྲིད། བོད་མི་རིགས་ཀྱི་སེམས་ཁམས་འདི་མི་རབས་ནས་མི་རབས་རྒྱུད་ནང་བསྟན་གྱིས་ཡོངས་སུ་བཅོས་ཟིན་པའི་རིག་པ་དངས་གསལ་ཡིན་པས་དངུལ་རྔན་དང་རྒྱལ་གཅེས་སློབ་གསོ་ཟེར་བའི་ངན་སྐུལ་གྱིས་ནམ་ཡང་བསླུ་མི་ཐུབ།
ཡེ་རྡོ། ཏཱ་ལའི་ཚོགས་ཁག་གིས་རང་ལུས་མེར་སྲེག་གཏོང་བར་ངན་སྐུལ་བྱས་པའི་སྐོར་ལ་རྒྱལ་ནང་གི་སྤྱི་ཚོགས་ལས་རིགས་ཁག་སོ་སོས་ངོ་རྒོལ་དྲག་པོ་བྱས་པ་རེད་ཟེར།
ལོག་སྨྲ་ཚར་གཅོད། ཁྱེད་ཚོའི་སྤྱི་ཚོགས་ལས་རིགས་ཁག་གི་ལས་མི་ལ་སྲིད་དབང་སྒེར་སྤྱོད་བྱེད་མཁན་གུང་ཁྲན་གྱིས་བཀའ་གང་གནང་ལས་རང་ལ་སྨྲ་བརྗོད་ཀྱི་རང་དབང་མེད་པས་གལ་སྲིད་རང་གི་འདོད་པ་བཤད་ན་གླ་ཕོག་དང་གོ་གནས་ཤོར་འགྲོ་བས་ཁོང་ཚོས་ངོ་རྒོལ་ཡིན་ཁུལ་བྱས་ཀྱང་སེམས་གཏིང་ནས་ཡིན་པར་ཇི་ལྟར་བསྒྲུབ་ཏེ་བསྒྲུབ་མི་ནུས་སོ།
ཕྱི་རྒྱལ་གྱི་སྨྱན་སྦྱོར་ཁག་ཅིག་གིས་ཀྱང་དེར་དོ་སྣང་དང་དོགས་པ་ཟ་བཞིན་ཡོད་པ་དང་། དྲ་དམངས་རྣམས་ཀྱིས་ཏཱ་ལའི་ཚོགས་ཁག་གི་མི་ཆོས་དང་འགལ་བའི་སྡིག་སྤྱོད་ལ་སྐྱོན་བརྗོད་དྲག་པོ་གཏོང་བཞིན་ཡོད། གནོན་ཤུགས་ཆེན་པོ་དང་འཕྲད་པར་བརྟེན། ཟླ་༣ཚེས་༡༠ཉིན་གྱི་རྡ་རམ་ས་ལའི་འདུ་ཚོགས་ཁྲོད། ཏཱ་ལའི་ཡིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་ཟེར།
ལོག་སྨྲ་ཚར་གཅོད། ཁྱེད་ཀྱིས་བྲིས་པའི་ཚིག་དེ་དག་གོ་ལྡོག་ནས་བཤད་ན་དོན་ལ་གནས་པ་ཞིག་ཆགས་འགྲོ་སྟེ། ཕྱི་རྒྱལ་གྱི་སྨྱན་སྦྱོར་ཁག་ཅིག་གིས་ཀྱང་རྒྱ་ནག་གུང་ཁྲན་ཚོགས་པས་སྲིད་དབང་སྒེར་འཛིན་བྱེད་དེ་མི་ལོ་དྲུག་ཅུ་ལྷག་རིང་མི་དམངས་ལ་དྲག་གནོན་བྱེད་བཞིན་པར་དོ་སྣང་དང་སྲིད་བྱུས་ནོར་འཁྲུལ་ཅན་དེ་གསལ་པོར་བཟོ་འདོད་ཡོད་པ་དང་། འཛམ་གླིང་མི་དམངས་དང་དྲ་དམངས་རྣམས་ཀྱིས་གུང་ཁྲན་ཚོགས་ཁག་གི་མི་ཆོས་དང་འགལ་བའི་སྡིག་སྤྱོད་ལ་སྐྱོན་བརྗོད་དྲག་པོ་གཏོང་བཞིན་ཡོད། གནོན་ཤུགས་ཆེན་པོ་དང་འཕྲད་པར་བརྟེན། རྒྱ་ནག་གི་མགོ་ཁྲིད་ཚོས་ཕྱི་ཕྱོགས་སུ་འགྲོ་སྐབས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དང་སྨྲ་བརྗོད་གསར་འགོད་རང་དབང་སོགས་ཀྱི་སྐོར་བྲིས་སྐབས་ངོ་ཚ་ཁ་སྐྱེངས་ཀྱིས་གཡོ་སྒྱུར་མི་བདེན་རྫུན་སྒྲིག་ཁོ་ན་ལས་བདེན་གཏམ་ཚིག་གཅིག་ཀྱང་བཤད་རྒྱུ་མེད་པ་དེ་གང་བྱས་པ་རེད་དམ།
དོན་ངོ་མ་ནི་༸གོང་ས་མཆོག་ནས་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་གང་ཡང་མ་གསུངས་པ་དེས་ང་ཚོའི་བཙན་བྱོལ་བོད་མི་ཚོས་རང་དབང་དམངས་གཙོ་ཚད་ལྡན་ཞིག་ལོངས་སུ་སྤྱོད་བཞིན་པ་དང་མི་དམངས་ཀྱིས་བསྐོས་པའི་དབུ་ཁྲིད་ལ་ཉིད་ཀྱི་སྐུ་དབང་ཡོངས་སུ་རྩིས་སྤྲོད་ཀྱིས་བོད་ཀྱི་གནད་དོན་དེ་བོད་མི་ས་ཡ་དྲུག་གི་གནད་དོན་ལས་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་མིན་པ་དང་དེ་ཡང་མི་རབས་མི་རབས་བར་རྒྱུན་ཆད་མེད་པ་གནས་རྒྱུ་ཡིན་པའི་ལན་བརྡ་གསལ་པོ་ཞིག་གུང་ཁྲན་ཚོགས་པར་སྤྲོད་པ་ཡིན་པར་ཤེས་དགོས།
ཡེ་རྡོ། ཏཱ་ལའི་ཡིས་རྒྱ་གར་རྡ་རམ་ས་ལར་རང་སྲེག་གཏོང་མཁན་རྣམས་ལ་བསྔོ་བ་སྨོན་ལམ་རྒྱག་པའི་ཚོགས་འཚོགས་ཤིང་། མགོ་ཁྲིད་ནས་ཟས་བཅད་ཉིན་གཅིག་བྱས་ཏེ་རང་སྲེག་མཁན་རྣམས་ལ་རྒྱབ་སྐྱོར་བྱེད་པ་མཚོན་པ་རེད་ཟེར།
ལོག་སྨྲ་ཚར་གཅོད། འོ་ན་ང་ཚོས་བོད་མདོ་ཁམས་སྐྱེ་རྒུར་རང་བྱུང་གི་ས་ཡོམ་གྱིས་གོད་ཆག་ཕོག་པའི་སྐབས་དང་དེ་བཞིན་ཐེ་ཝན་དང་ཉིན་ཧོང་ཆི་ལི་སོགས་སུ་རང་བྱུང་གི་འབྱུང་བས་གནོད་འཚེ་ཕོག་དུས་སུའང་༸གོང་ས་མཆོག་དབུར་བཞུག་ཐོག་སྨོན་ལམ་རྒྱ་ཆེན་ཚོགས་ཡོད་པས་དེ་དག་ཀྱང་རང་བྱུང་གི་གནོད་འཚེ་ས་ཡོམ་སོགས་མང་ཙམ་རྒྱོབས་ཤོག་ཅེས་ངན་སྐུལ་བྱས་པར་མཚོན་པ་རེད་ཅེས་ཁྱེད་ཀྱིས་བཤད་ཐུབ་བམ། ང་ཚོ་ནང་པའི་ཆོས་ཉམས་ལེན་བྱེད་མཁན་རྣམས་ནི་ས་ཕྱོགས་གང་དུ་འགྲོ་བ་སུ་དང་གང་ལ་མི་དང་མི་མིན་གྱིས་གནོད་འཚེས་རྐྱེན་པས་དཀའ་སྡུག་མྱོང་སྐབས་བསྔོ་བ་སྨོན་ལམ་བྱེད་རྒྱུ་དེ་ནི་ང་ཚོའི་སྐབས་བབས་ཀྱི་འགན་འཁྲི་ཡིན་པས་དེ་ལ་གལ་སྲིད་ཆབ་སྲིད་ཀྱི་གནད་དོན་བཟོ་བ་དང་ངན་སྐུལ་རེད་ཅེས་འཁྱོག་བཤད་བྱེད་ན་བོད་རྒྱུད་ནང་བསྟན་གྱི་གོ་དོན་མ་རྟོགས་ཅིང་དེ་ལ་མཐོང་ཆུང་བྱས་པ་ཡིན་པ་གསལ་པོར་མཚོན་ཐུབ།
ཡེ་རྡོ། ཏཱ་ལའི་ཐའེ་ཝན་སྐུ་ཚབ་དོན་གཅོད་ཀྱིས་ནང་བསྟན་གྱི་ལྟ་བའི་སྟེང་ནས་བཤད་ན་ཁོང་ཚོའི་བྱ་སྤྱོད་འདི་རིགས་ནི་རང་ལུས་ཞུ་འབུལ་གྱི་བྱ་སྤྱོད་ལ་གཏོགས་ཤིང་། དེ་ནི་ཧ་ཅང་རླབས་ཆེན་དང་གཞན་ཕན་གྱི་བློས་གཏོང་བྱ་སྤྱོད་ཅིག་ཡིན་པས། ངོ་བོའི་སྟེང་ནས་ནང་བསྟན་གྱི་དགོངས་པ་དང་མི་འགལ་ཞིང་། བློས་གཏོང་བསམ་བློ་ཞིག་ཡིན་ཞེས་བཤད་པ་རེད་ཟེར།
ལོག་སྨྲ་ཚར་གཅོད། བོད་མི་ས་ཡ་དྲུག་གི་རང་དབང་བདེ་དོན་དང་འཛམ་གླིང་ཞི་བདེ་ཡི་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་བ་ནི་ཆབ་སྲིད་ནས་བཤད་ན་རྒྱལ་གཅེས་དཔའ་བོ་དཔའ་མོ་དང་ཆོས་ཕྱོགས་ནས་བཤད་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རླབས་ཆེན་གྱི་སྤྱོད་པ་ཞིག་ཡིན་པ་ཤེས་ཡོན་ཅན་སུས་ཀྱང་རྟོགས་ཐུབ། ཆོས་མེད་གུང་ཁྲན་ལ་ཆོས་ཀྱི་གོ་རྟོགས་དང་དེ་ལ་གུས་བཀུར་བརྩི་མཐོང་གང་ཡང་མེད་བཞིན་དུ་ནང་ཆོས་ཀྱི་བྱེད་སྒོ་ཚང་མ་ཆབ་སྲིད་དུ་བོད་སྤྱོད་བྱེད་གང་ཐུབ་བྱས་ཏེ་རང་ལུས་མེར་སྲེག་བྱེད་མཁན་ཚང་མ་དགེ་འདུན་གྱི་འདུལ་ཁྲིམས་དང་ནང་བསྟན་གྱི་བསླབ་བྱ་དང་འགལ་ཚུལ་བརྗོད་ཡོད། དེ་ནི་ནང་ཆོས་ཀྱི་གནད་དོན་མ་རྟོགས་པ་སྟེ་འདུལ་བའི་གཞུང་རྣམས་ལས་གཞན་གནོད་གཞི་དང་བཅས་པ་ལས་ལོག་པའི་འདོད་པའི་གཟུགས་ཅན་ཞིག་འདུལ་ཁྲིམས་ཀྱི་དོན་དུ་གསུངས་པ་ལས་གཞན་དོན་བྱས་པ་འདུལ་ཁྲིམས་སམ་ནང་བསྟན་དང་འགལ་ཚུལ་གསུངས་པའི་ཚིག་གཅིག་ཀྱང་མེད། བདག་ཅག་གི་སྟོན་པས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་སྟག་མོར་ལུས་སྦྱིན་གནང་བ་སོགས་དང་འཕགས་པ་རྟག་ཏུ་ངུ་ཡིས་རང་ལུས་ཤ་རུས་བཙོངས་སྟེ་ཆོས་འཕགས་ལ་བསྙེན་བཀུར་བྱས་པ་སོགས་ཇི་སྙེད་ཅིག་ཡོད་པ་རྣམས་ནང་ཆོས་དང་འགལ་ཚུལ་ཁྱེད་ཚོས་ཇི་ལྟར་བརྗོད་ཐུབ། མདོར་ན་ཁྱེད་ཚོ་གུང་ཁྲན་གྱི་བཀའ་གང་གནང་ཉན་ན་ནང་བསྟན་དང་མཐུན་ལ་དེ་ལ་མི་བརྩི་་ན་ནང་བསྟན་དང་འགལ་ཚུལ་ཞིག་བརྗོད་ཀྱི་འདུག་མོད་བོད་མི་རིགས་ལ་ཆ་མཚོན་ན་མི་ལོ་སྟོང་ཕྲག་གོང་ནས་ནང་བསྟན་ལ་མཁྱེན་རྒྱ་ཕུལ་དུ་བྱུང་བ་ཡོད་པས་ཀླ་ཀློ་གུང་ཁྲན་གྱིས་རྫུན་བཟོས་ལ་སུས་ཀྱང་མགོ་བོ་རྨོངས་མི་སྲིད།
ཡེ་རྡོ། ཏཱ་ལའི་ཚོགས་ཁག་གིས་རང་སྲེག་གཏོང་བར་ཡག་བརྗོད་དང་། དེར་སྐུལ་བའི་གླེང་བརྗོད་ཀྱི་ཁོར་ཡུག་གཏོད་པའི་དམིགས་ཡུལ་ནི་ཉེས་མེད་ཀྱི་ཚེ་སྲོག་དེ་དག་གཏའ་མར་བཞག་ནས། ཀྲུང་གོར་གླིང་ཆེན་ཨ་ཧྥེ་རི་ཁ་དང་ཨེ་ཤ་ཡ་ནུབ་མའི་རྒྱལ་ཁབ་ཁག་ལྟར་སྤྱི་ཚོགས་ཟིང་འཁྲུག་འབྱུང་བའི་རེ་ངན་བཅངས་ཀྱི་ཡོད་པ་རེད་ཟེར།
ལོག་སྨྲ་ཚར་གཅོད། ཀྲུང་གོའི་སྤྱི་ཚོགས་སུ་ཟིང་འཁྲུག་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གི་མགོ་ཁྲིད་ཚོས་གཞུང་དངུལ་ལྐོག་ཟ་བྱས་དྲགས་པ་དང་མི་དམངས་ཀྱི་སྲིད་དབང་བདག་བཟུང་གིས་མཁྲེགས་འཛིན་གྱི་ལྟ་བས་མི་དམངས་ལ་དྲག་གནོན་བྱེད་ཆེ་དྲགས་པ་རྣམས་ཡིན་གྱི་༸གོང་ས་མཆོག་ནས་བྱས་པ་ག་ནས་ཡིན། ལར་ནས་རིང་པོར་མི་ཐོག་པ་རྒྱ་ནག་གུང་ཁྲན་ཚོགས་པའི་ལག་ན་ཡོད་པའི་སྲིད་དབང་དེ་མི་དམངས་ལ་ཤོར་གྱི་ཡིན་པ་ནི་འཛམ་གླིང་གི་མཁས་པ་ཚང་མས་ངེས་ཟིན་པས་ན་ཁྱེད་ཚོས་རྒན་པོ་འཆི་ཁར་སྡུག་སྐད་མང་ཞེས་པའི་དཔེ་ལྟར་སྡུག་སྐད་རྒྱབ་རྒྱུ་ལས་ངོ་གནོང་མི་དགོས་པའི་སྤོབས་པ་ཞིག་ནམ་ཡང་ཡོད་མི་སྲིད།
ཡེ་རྡོ། ཏག་ཏག་ཏཱ་ལའི་ཚོགས་ཁག་གིས་ནུས་ཤུགས་ཡོད་དགུར་བརྟེན་ནས་ངན་སྐུལ་བྱས་པར་བརྟེན། བོད་ཁུལ་གྱི་ས་ཆ་ཉུང་ཤས་ལ་ཟླ་བ་འགའ་ཤས་རིང་རྒྱུན་ཆད་མེད་པར་རང་སྲེག་དོན་རྐྱེན་བྱུང་ནས། ཉེས་མེད་ཀྱི་ན་ཆུང་འགའི་ཚེ་སྲོག་བརླག་པ་རེད། རང་སྲེག་ནི་རྣམ་པ་འགྱུར་བའི་དྲག་སྤྱོད་མ་ཡིན་པར། དེ་ནི་ཏཱ་ལའི་ཚོགས་ཁག་གིས་ཉེས་མེད་ཀྱི་རང་སྲེག་མཁན་རྣམས་ལ་མངོན་སུམ་འཛེམ་མེད་ངང་དྲག་སྤྱོད་སྤེལ་བ་རེད་ཟེར།
ལོག་སྨྲ་ཚར་གཅོད། ང་ཚོས་ཕྱི་ཕྱོགས་ནས་སྐུལ་མ་བྱེད་མི་དགོས་པ་བོད་ནང་ཡོད་པའི་བོད་མི་རྣམས་ནི་རང་མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པས་༡༩༥༩ ལོ་ནས་ད་བར་དགྲ་བོ་རྒྱ་དམར་གྱིས་དྲག་སྤྱོད་སྡུག་བརྩུབ་འོག་མི་བཟོད་པའི་སྡུག་བསྔལ་གྱིས་ཚེ་སྲོག་གི་འགྲོ་སོང་བཏང་ཏེ་ཡར་ལང་གི་འབོད་སྒྲ་ནི་རྒྱུན་ཆད་མྱོང་མེད་ལ་འབྱུང་འགྱུར་ཡང་རང་དབང་གི་སྐྱ་རེངས་གསར་པ་ཞིག་མ་ཤར་གྱི་བར་དུ་རྒྱུན་ཆད་མི་སྲིད། བོད་ནང་གི་བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་དང་གཅེས་པའི་ཚེ་སྲོག་གི་འགྲོ་སོང་བཏང་ཏེ་ཡར་ལང་གི་ངོ་རྒོལ་བྱེད་དགོས་པའི་རྒྱུ་རྐྱེན་ཐུགས་ས་ནི་རྒྱ་དམར་གཞུང་གིས་བོད་ཀྱི་རང་དབང་བཙོན་འཕྲོག་བྱས་པ་དང་མི་རིགས་རིག་གནས་དང་བཅས་པ་རྩ་རླག་ཏུ་བཏང་དང་གཏོང་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་དེ་དང་ཧམ་སེམས་ཅན་གྱི་གཡོ་སྒྱུར་དེ་ཡིན་ལདེ་ལ་ང་ཚོས་སྐུལ་མ་བྱེད་དགོས་པ་མ་ཡིན་ཏེ། གང་ཞིག་གིས་འགྲོ་བའི་སྲོག་ཆགས་སུ་ལའང་ཐུབ་ཚོད་དང་བཙན་པོས་དབང་ཡོད་བཤད་ཚེ་གཞན་གྱིས་སྐུལ་མ་བྱེད་མི་དགོས་སྲོག་ཆགས་དེས་རང་ནུས་གང་ཡོད་ཀྱིས་ཡར་ལན་བྱེད་ཡོང་བ་ནི་སྲོག་ཆགས་ཀུན་ཀྱི་རང་གཤེས་སུ་གྲུབ་པ་ཞིག་ཡིན་པས་
ཁྱེད་ཚོས་བཤད་པ་ནི་སྲོག་ཆགས་རིག་པའི་གཞུང་ལུགས་དང་ཡང་མི་མཐུན་ནོ།