རང་རྟོན།
ཟས་བཅད་གནང་ནས་ཉིན་༢༨འགོར་བར་བྲིས།
ཤ་མེད་རུས་པར་ཐུག་ཀྱང་།།
རྒྱུ་མ་སྒལ་ངོར་འབྱར་ཡང་།།
ཉམ་ཆུང་མི་ཞིག་ཡིན་ན།།
བྷན་(Ban Ki Moon)གྱིས་མཐོང་ས་མ་རེད།།
གོམ་གསུམ་སྤོ་རྒྱུ་མེད་རུང་།།
དབུགས་རྒྱུན་ལྷག་མར་གྱུར་རུང་།།
སྐྱབས་བཅོལ་མི་ཞིག་ཡིན་ན།།
བྷན་གྱིས་ལྟ་ས་མ་རེད།།
སྒོ་ཁར་ལོ་ཟླར་ཉལ་ཡང་།།
མགོ་བོ་ས་ལ་བཞག་ཀྱང་།།
གདོང་དམར་བོད་པ་ཡིན་ན།།
འདྲ་མཉམ་ཡིན་ས་མ་རེད།།
འདྲ་མཉམ་དར་ཆ་ཕྱར་ཡང་།།
ཚེ་སྲོག་གཏའ་མར་བཞག་ཀྱང་།།
ཞི་བདེའི་ངོ་རྒོལ་ཡིན་ན།།
རིན་ཐང་ཡོད་ས་མ་རེད།།
སྦྲ་ནག་རླུང་གིས་གཙབས་ཀྱང་།།
སྒོ་ཕྱུགས་སྟོངས་ལ་ཉེ་ཡང་།།
འབྱོར་ལྡན་མི་ཞིག་མིན་ན།།
ཞལ་མཇལ་ཐོབ་ས་མ་རེད།།
མི་ཡི་སྡུག་བསྔལ་ཞུས་ཀྱང་།།
རང་དབང་ཐོབ་ཐང་གླེང་ཡང་།།
དཔལ་འབྱོར་འགུགས་ཤུགས་མེད་ན།།
ངོ་སོ་ལོན་ས་མ་རེད།།
སྙན་ཞུ་ག་ཚོད་བསྐུར་ཡང་།།
དངོས་ཡོད་མིག་ལ་བཤམས་ཀྱང་།།
ཐོབ་དང་གོ་ས་མེད་ན།།
ཁ་ཡ་བྱེད་ས་མ་རེད།།
བོད་ཡུལ་མེ་ལ་ཐིམ་ཡང་།།
གཞོབ་དྲི་མཁའ་ལ་ཁྱབ་ཀྱང་།།
རྒྱལ་ཚོགས་རྐུབ་སྟེགས་མེད་ན།།
ཐག་གཅོད་བྱེད་ས་མ་རེད།།
མཚོན་གྱིས་རྐང་ལག་གཏུབས་ཀྱང་།།
རྒྱུ་འབྱོར་བཙན་གྱིས་འཕྲོགས་ཀྱང་།།
དམག་ཤུགས་འཇིགས་སྐུལ་མེད་ན།།
གླེང་རིན་ཡོད་ས་མ་རེད།།
གཏེར་ཁ་འཕྲུལ་གྱིས་བརྐོས་ཀྱང་།།
རི་ཐང་བྱེ་མས་འགམས་ཀྱང་།།
བོད་ཡུལ་ལུང་བ་ཡིན་ན།།
སྲུང་སྐྱོབ་ཡོད་ས་མ་རེད།།
ཕ་ས་དམག་སར་བསྒྱུར་ཡང་།།
ཕུ་ནུ་ས་མཐར་སྤྱུགས་ཀྱང་།།
ཚོང་གི་སྒོ་མོ་མེད་ན།།
ཆིབས་བསྒྱུར་བསྐྱངས་ས་མ་རེད།།
༢༠༡༢-༣-༢༡ ཉིན་ལ།
མེ་ཡིས་རི་རབ་སྲེག་ནས།།
དུ་བས་གནམ་མཁར་སྒྲིབ་ཀྱང་།།
བདག་མེད་བོད་པའི་ལུང་པར།།
བལྟ་མཁན་ཡོད་ས་མ་རེད།།
丽丽原上草,一岁一枯荣,野火烧不尽,春风吹又生。ཟེར་བ་དེའི་དོན་དང་ལྡན་པ་བྱེད་དགོས་ལ་སྔ་རབས་པས་བྱས་པ་དེ་རེད་འདུག
སྡུག་གཏམ་སྡུག་གི་ཞིང་ཁམས་ལ།།
སྨྲེ་ངག་བརྒྱ་ཡི་དབྱངས་རྟ་ཡོད།།
བཙན་གནོན་སྟོང་གི་ནར་གཅོད་འདུག།
མེ་མདའ་འབུམ་གྱི་རྫིག་མཉམ་ཡོད།།
མཉམ་འབྲེལ་རྒྱལ་ཚོགས་གཉིད་ལས་སད།།
ང་ཚོ་བོད་པའི་དོན་ལ་སོམ།།
ཟླ་གཅིག་འགོར་བའི་ཟས་བཅད་ཚོས།།
བོད་མིའི་ཆེད་དུ་ལུས་ཟུངས་ཟད།།
འཕངས་པ་མེད་པའི་རྒྱལ་ཚོགས་མི།།
མིག་གི་མདུན་ལ་གནས་གྱུར་ཀྱང་།།
བོད་མིའི་རེ་འདུན་རྒྱང་དུ་འཕངས།།
ངག་གི་འདྲ་མཉམ་དོན་མེད་གྱུར།།
རྒྱ་ནག་དམར་པོའི་དབང་སྡུད་ཀྱིས།།
ཁྱེད་ཚོའི་འགྲིན་པ་འགག་པར་གྱུར།།
མི་རིགས་ཞིག་གི་ང་རོ་ལ།།
བདེན་པའི་ཚིག་གི་མ་རྒྱན་ན།།
སྙིང་རུས་ཅན་གྱི་བོད་མི་ཚོས།།
བདེན་ཁ་ནམ་ཡང་འབྱིན་མི་སྲིད།།
ཨ་རོག་ཁ་བའི་བུ་རྒྱུད།
ཉམ་ཆུང་འདུག་གཏང་ཤེས་ན།
བཙན་པས་ཟ་སྟོབ་བཀའ་བས།
དོན་མེད་བྱ་བ་མ་བཙོན།
མི་ཚེ་ཁྲོག་བརླག་མ་གཏོང།
རེ་བ་མི་ལ་མ་བྱས།
དེ་ཡི་རང་གཞན་གཉིན་ཕུང།
ལས་དང་སློབ་སྦྱང་བཙོན་ཞིག།
རང་ས་རང་གི་འཛིན་ཅིང།
རང་གི་རིགས་གཞུང་ནོར་བུ།
ཡང་ཡང་བཅས་སྤྱང་གྱིས་ཤིག།