གསར་འགྱུར་གཏོང་མཁན། ཚངས་དབྱངས་རྒྱ་མཚོ།
ཕྱི་ཚེས་བཅོ་བརྒྱད་ཉིན་མགོ་ལོག་པདྨ་རྫོང་འབོ་སྤ་ཡུལ་ཚོའི་ཨ་ནག་རྡོར་རྒྱམ་ཕ་བུ་གཉིས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག
དེ་ཡང་གནས་ཚུལ་ཡོངས་ཁུངས་ནས་བརྗོད་དོན། ཁོང་ཕ་བུ་གཉིས་དོན་དག་གང་ཡང་མེད་པར་ཕྱི་ཚེས་ ༡༨ ཉིན་འཛིན་བཟུང་བྱས་ཏེ་ཉིན་གཉིས་ཀྱི་རིང་གཅར་རྡུང་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟེ་དེ་རིང་ཨ་ནག་རྡོར་རྒྱམ་ཕྱིར་མངག་ཡོད་ཀྱང་། ཁོང་ཉེན་རྟོགས་པ་དག་གིས་བཙོན་ཁང་གི་ཕྱིར་ཁྱེར་ཡོང་སྐབས་ཁོ་ཤི་མིན་གསོན་མིན་ཞིག་ཏུ་གྱུར་འདུག་ལ། མི་ངོ་མི་ཤེས་པར་མ་ཟད། ཁ་ཡང་གྲགས་ཐུབ་གྱིན་མི་འདུག་ཟེར། ད་དུང་ཁོས་བཤད་རྒྱུར། ཨ་ནག་རྡོར་རྒྱམ་གྱི་བུ་(གྲྭ་བ་ཡིན་འདུག)ད་སྐབས་བཙོན་ཁང་དུ་ཡོད་ལ། འབྲེལ་ཡོད་ལས་བྱེད་ཅིག་གིས་བརྗོད་ན་ཁོ་ཡང་གཅར་རྡུང་བྱས་ཏེ་རྨས་སྐྱོན་ཚབ་ཆེན་ཐེབ་འདུག་ལ། ད་སྐབས་ཁ་གྲགས་མི་ཐུབ་པའི་གནས་སྟངས་རེད་ཅེས་བརྗོད་བྱུང་ཟེར།
ཡང་གནས་ཚུལ་ཡོངས་ཁུངས་ནས་བརྗོད་ན། མགོ་ལོག་པདྨ་རྫོང་ཡར་ཐང་ཡུལ་ཚོ་འམ་དབང་རོལ་ཚོ་བ་ནས་ཉེ་སྔོན་ཕྱི་ཟླ་༡ཚེས་༢༤ཉིན་འཛིན་བཟུང་བྱས་པའི་བོད་མི་དྲུག་ལས་གཅིག་བཙོན་གྲོལ་བཏང་བ་དང་། དེ་ནས་གཞན་ལྔ་ལ་དུས་བཀག་བཙུན་འཇུག་གི་ཁྲིམས་ཆད་བཏང་འདུག་ཟེར།
དེ་ཡང་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༡༣ ཉིན་མགོ་ལོག་ཁུལ་མི་མང་ཁྲིམས་ཁང་ནས། མགོ་ལོག་པདྨ་རྫོང་ཡར་ཐང་ཡུལ་ཚོ་འམ་དབང་རོལ་ཚོ་བའི་རང་ལོ་ ༢༨ སོན་པ་ཚེ་བརྟན་ལགས་ལ་ལོ་ངོ་གསུམ་གྱི་དུས་བཀག་བཙོན་འཇུག་དང་། ཁོང་གི་གཅུང་པོ་རང་ལོ་ ༢༥ སོན་པ་དབང་དར་ལགས་ལོ་ངོ་གཉིས་ཀྱི་དུས་བཀག་ཁྲིམས་ཆད་བཏང་འདུག དེ་བཞིན་དུ་རང་ལོ་ ༡༧ ལ་སོན་པ་པ་བླུས་ལོ་ངོ་གཅིག་གི་དུས་བཀག་ཁྲིམས་ཆད་དང་། རང་ལོ་ ༢༠ སོན་པ་དཔལ་རྒྱལ་ལ་ལོ་ངོ་གཅིག་དང་ཕྱེད་ཀའི་དུས་བཀག་ཁྲིམས་ཆད། རང་ལོ་ ༢༦ སོན་པའི་དམ་ཚིག་ལ་ལོ་ངོ་གཉིས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད་འདུག ད་སྐབས་ཁོ་ཚོ་མགོ་ལོག་ཁུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག
གོང་འཁོད་ཚེ་བརྟན་སོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༤ ཉིན་མགོ་ལོག་པདྨ་རྫོང་ཐོག་ཏུ་༧གོང་ས་མཆོག་གི་སྐུ་པར་ལག་ཏུ་བཟུང་ནས་སྐད་འབོད་བྱས་ཡོད་འདུག་ལ། སྐབས་དེར་རྫོང་ཉེན་རྟོག་པ་དང་། དམག་མི་ཕོན་ཆེན་འབྱོར་ནས་ཁོང་ཚོ་འཛིན་བཟུང་བྱས་ཡོད་པར་མ་ཟད། སྐབས་དེར་ཁོང་ཚོར་གཅར་རྡུང་ཚད་ལས་བརྒལ་བ་བཏང་བར་བརྟེན་ཉེ་འཁོར་གྱི་བོད་པ་དག་གི་སེམས་ཀྱིས་མ་བཟོད་པར་གྲྭ་བ་དེ་དག་ཉེན་རྟོག་པའི་ལག་ནས་འཕྲོག་རྩིས་བྱས་ཀྱང་། ཉེན་རྟོག་པ་དང་དམག་མི་ཧ་ཅང་མང་བའི་དབང་གིས་འཕྲོག་ཐུབ་མེད་པ་མ་ཟད། མང་ཚོགས་ལ་རྡུང་རྡེག་ཚབས་ཆེན་ཐེབས་ཏེ་མི་མང་པོར་རྨས་སྐྱོན་ཕོག་གནས་ཚུལ་བྱུང་ཡོད་འདུག
རྒྱ་དམར་ཚང་གི་བྱེད་སྟང་ལ་ལྟོས་དང་མི་སྤྱོད་ལས་འདས་པའི་ནར་གཅོད་བྱས་་་་་་ཨ་ཁ་ཁ་སེམས་པ་སྐྱོ་བོ་འདུག་