ཨལ་བྷར་ཏྲི-ཁོ་མ་སི་ཡིས་བརྩམས།
དཀོན་མཆོག་རབ་བརྟན་གྱིས་བསྒྱུར།
སློབ་གྲྭའི་དགེ་རྒན་ཞིག་གིས་མི་གཉིས་ཁོའི་ཕྱོགས་སུ་ཡར་འཛེགས་ཡོང་བར་ལྟ་བཞིན་འདུག མི་གཅིག་རྟ་ཐོག་ཏུ་བཞོན་འདུག་ཅིང་གཞན་དེ་རྐང་ཐང་རེད། རི་སྒང་དུ་བརྒྱབས་པའི་སློབ་གྲྭ་ལ་ཕྱོགས་པའི་དེའུ་འབུར་དེ་ཁོ་གཉིས་ཀྱིས་ད་དུང་རྒལ་རྒྱུ་ལྷག་འདུག་ལ། སྡུག་རུས་ཆེན་པོས་མདུན་དུ་འོང་བཞིན་མཆིས་ཀྱང་མི་མེད་ལུང་སྟོང་གི་མཐོ་སྒང་དེའི་མཐའ་ཡས་པའི་ས་སྟོང་ཐོག་གི་རྡོ་ཧྲུག་གསེང་དང་། ཁ་བའི་ནང་དུ་མདུན་སྐྱོད་བྱེད་པའི་མགྱོགས་ཚད་དལ་ལ། རྟའི་རྐང་པ་ཡང་ཡང་ཐོགས་ནས་འགྱེལ་གྲབས་བྱེད། དགེ་རྒན་དེས་ད་དུང་སྒྲ་ཅི་ཡང་མ་གོ་རུང་། རྟའི་སྣ་ཁུང་ནས་དོན་པའི་སྐྱ་ལྷོག་ལྷོག་གི་ཁ་རླངས་མཐོང་ཐུབ། ཁོ་གཉིས་ཀྱི་གཅིག་ལ་མ་མཐར་ཡང་ས་ཁུལ་འདིར་རྒྱུས་མངའ་ལྡན་པ་འདྲ་སྟེ། སློབ་གྲྭར་ཐེན་པའི་རྐང་ལམ་དེ་ཉིན་མང་པོའི་གོང་དུ་ཁ་བ་རྙིང་པའི་རིམ་བརྩེགས་འོག་མནན་ནས་མི་སྣང་བར་གྱུར་རུང་། ཁོ་གཉིས་ཀྱིས་དེ་དེད་ནས་ཡོང་བཞིན་འདུག དགེ་རྒན་གྱིས་ཁོ་གཉིས་རི་སྟེང་དུ་སླེབ་པར་ཆུ་ཚོད་ཕྱེད་ཙམ་འགོར་བའི་ཁོག་རྩིས་བརྒྱབས་པ་དང་། གནམ་གཤིས་གྲང་ངར་ཆེ་བས་ཁོ་རང་སླར་སློབ་གྲྭའི་ནང་དུ་ཨུ་སུའི་སྟོད་ཐུང་ལེན་པར་ལོག་སོང་།
ཁོ་རང་གྲང་ངར་ཆེ་ཞིང་སྟོང་ལྷང་ལྷང་གི་འཛིན་ཁང་བརྒྱུད་དེ་ཕྱིན། ནག་པང་ཐོག་ཏུ་ཚོན་མདོག་མི་གཅིག་པའི་ས་སྙུག་བཞི་ཡིས་བྲིས་པའི་ཧྥ་རན་སིའི་ཆུ་བོ་ཆེན་པོ་བཞི་ནི་དེ་ལྟར་ཉེ་བའི་ཉིན་གསུམ་རིང་སོ་སོའི་འབབ་ཁར་བཞུར་བཞིན་འདུག་སྟེ། ཟླ་ངོ་བརྒྱད་ལ་ཐན་པ་བསྟན་རྗེས། སྤྱི་ཟླ་བཅུ་པའི་ཟླ་དཀྱིལ་ཙམ་ལ་ཆར་པའི་མཐུད་མཚམས་མེད་པར་གློ་བུར་དུ་ཁ་བ་བབས་ཤིང་། ས་མཐོ་དེའི་ཐོག་ཐར་ཐོར་དུ་ཆགས་པའི་གྲོང་ཚོ་དག་གི་ནང་གནས་པའི་མང་རྒྱུ་ཉུང་རྒྱུ་མེད་པའི་སློབ་ཕྲུག་ཉི་ཤུ་བོ་ཡོང་མཚམས་ཆད་སོང་། གནམ་གཤིས་ཇེ་བཟང་དུ འགྲོ་བ་དང་ལྷན་དུ་ཁོ་ཚོ་སླར་སློབ་གྲྭར་ལོག་ངེས། ད་ནི་དྷོ་རོ་ཡིས་ཁོ་རང་ཉིད་ཀྱི་སྡོད་ཁང་སྟེ། འཛིན་ཁང་དང་སྐྱ་འབྲེལ་བའི་ཁང་པ་གཅིག་པུ་དེར་མེ་བསྒངས་སྟེ་ཚ་བོ་བཟོས། འཛིན་ཁང་གི་སྒེའུ་ཁུང་ལྟར་ཁོའི་སྒེའུ་ཁུང་ཡང་ལྷོ་རུ་བཏད་འདུག སློབ་གྲྭ་ནི་མཐོ་སྒང་དེ་ལྷོ་ཡི་ཕྱོགས་ལ་ཐུར་དུ་འབབ་འགོ་རྩོམ་ས་ནས་བརྩིས་ན་ལེ་དབར་འགའི་མཚམས་སུ་ཆགས་འདུག་ཅིང་། གནམ་གཤིས་དྭངས་པའི་ཚེ་མུ་མེན་མདོག་གི་རི་བོའི་བསྟར་ཕྲེང་དང་དེ་དག་གི་བར་ནས་མངོན་པའི་བྱེ་ཐང་མཐོང་ཐུབ།
གང་འཚམ་དྲོས་ནས་ལྷོད་དུ་བབས་པ་ན་དྷོ་རོས་ཐོག་མར་མི་དེ་གཉིས་མཐོང་སའི་སྒེའུ་ཁུང་ལ་ལོག་སྟེ་བལྟས། ད་ནི་ཁོ་གཉིས་མཐོང་ཡུལ་དུ་མ་མཆིས་པར་བལྟས་ན་ཁོ་གཉིས་ཀྱིས་དེའུ་འབུར་དེ་བརྒལ་ཚར་བ་འདྲ། མཚན་མོར་ཁ་བ་འབབ་མཚམས་ཆད་པས་གནམ་ངོ་དེ་ཙམ་རོག་རྒྱུ་མེད་ལ། མག་མོག་གི་གསལ་ཆ་ཞིག་དང་ལྷན་དུ་ནམས་ལངས་ཤིང་སྤྲིན་པའི་ཐོག་བྱེ་ཡང་ད་དུང་ཇེ་གསལ་དུ་མ་གྱུར་སྟབས། ཉིན་གུང་ཆུ་ཚོད་གཉིས་པ་ཙམ་ལ་ཉིན་དེའི་མགོ་གཞི་ནས་འཛུགས་པ་ལྟར་སྣང་། འོན་ཏེ་དེ་ཡང་མུན་ནག་སྟུག་པོའི་ཁྲོད་དུ་ཁ་བ་མཐུག་པོ་བབས་ཤིང་རླུང་འཚུབ་ལྡང་བས་འཛིན་ཁང་གི་གཉིས་ལྡན་སྒོ་”ཐྲག་ཐྲག”ཏུ་བརྡབས་པའི་ཉེ་བའི་ཉིན་གསུམ་གྱི་གནམ་གཤིས་དང་བསྡུར་ན་ཅུང་བཟང་། ཉིན་དེ་དག་གི་རིང་ལ་དྷོ་རོས་ཁེར་རྐྱང་གི་ཆུ་ཚོད་རིང་བོ་སོ་སོའི་ཁང་པའི་ནང་དུ་བསྐྱལ་ཞིང་། བྱ་ཁེབ་ནང་དུ་འགྲོ་དུས་དང་། རྡོ་སུལ་ལེན་དུའམ་བྱ་དེར་སྒུམ་བུ་སྟོར་བར་འགྲོ་དུས་མ་གཏོགས་ཕྱི་ལ་མ་དོན། སྟབས་ལེགས་པ་ཞིག་ལ་སློབ་གྲྭའི་བྱང་ཕྱོགས་སུ་ཆགས་པའི་ཐག་ཉེ་ཤོས་ཀྱི་གྲོང་ཚོ་སྟེ། ཏཱ་ད་ཇི་ནས་སྐྱེལ་འདྲེན་རླངས་འཁོར་ཞིག་ཁངས་ཆེན་བུ་ཡུག་དེ་མ་བབས་གོང་གི་ཉིན་གཉིས་སྔོན་དུ་ཡོང་ནས་ཁོ་ལ་མཁོ་དངོས་དག་བསྐྱལ་བྱུང་བ་དང་། ཆུ་ཚོད་ཞེ་བརྒྱད་ནང་ཚུན་སླར་ལོག་རྒྱུ་རེད།
དེས་མ་ཟད་ཁོ་ལ་དམག་གིས་མཐའ་བསྐོར་ནས་དགོས་མཁོ(ཟ་འབྲུ)སྐྱེལ་འདྲེན་བྱེད་པའི་མཚམས་བཅད་ཀྱང་གདོང་ལེན་བྱེད་སྤྱད་འདང་ངེས་ཡོད་དེ། གཞུང་ཕྱོགས་ནས་ཐན་པའི་གནོད་འཚེ་ཐེབས་པའི་ཁྱིམ་ཚང་དག་གི་སློབ་ཕྲུག་ཚོ་ལ་བགོ་རྒྱུར་གནང་བའི་གྲོ་སྒྱེ་རྣམས་ཁོའི་ཁང་ཆུང་ནང་ཛར་ཛོར་དུ་བཞག་ཡོད། དོན་ངོ་མར་བཤད་ན། ཁོ་ཚོ་ཚང་མ་གནོད་འཚེ་ཐེབས་པའི་མི་ཡིན་ཏེ་ཁོ་ཚོ་ཚང་མ་དབུལ་ཞིང་ཕོངས་པས་རེད། དྷོ་རོ་ཡིས་ཉིན་བཞིན་བྱིས་པ་ཚོར་ཐོབ་སྐལ་རེ་བགོ་འགྲེམས་བྱེད་ངེས་མོད། གནམ་ངོ་སྡུག་པའི་ཉིན་དེ་དག་གི་རིང་ལ་ཁོ་ཚོས་ཐོབ་སྐལ་ལེན་མ་ཐུབ་པ་དེ་ཁོས་ཤེས་ཡོད་ཅིང་། དེ་རིང་ཉིན་གུང་ཁྱིམ་བདག་ཚོའི་ཁྲོད་ནས་གཅིག་ཡོང་སྲིད་པ་དང་ཁོས་ཁྱིམ་བདག་ཚོ་ལ་ཟ་འབྲུ་མཁོ་སྤྲོད་བྱེད་ཆོག འདི་ནི་ཁོ་ཚོའི་ཚེ་སྲོག་གི་རྒྱུན་ཐག་སང་ལོའི་སྟོན་སྡུད་བར་སྲིང་ཐབས་བྱས་པ་ཙམ་ཡིན། ད་ནི་ཧྥ་རན་སི་ནས་ཡོང་བའི་གྲུ་གཟིངས་གྲོ་བླུགས་པ་རྣམས་འབྱོར་བཞིན་ཡོད་པས་དཀའ་ཉེན་ཆེ་ཤོས་ཀྱི་དུས་ཚོད་དེ་ཡོལ་ཟིན། ཡིན་ན་ཡང་དབུལ་ཞིང་ཕོངས་བའི་གནས་སྟངས་དེ་དང་། ཉི་འོད་ཁྲོད་གོས་ཧྲུལ་གྱོན་ནས་འཁྱམ་ཉུལ་བྱེད་བཞིན་པའི་རྣམ་ཤེས་ཀྱི་ཁྱུ་ཚོགས། ཟླ་ནས་ཟླ་ལ་འཚིགས་ཏེ་སོལ་བར་གྱུར་བའི་མཐོ་སྒང་། ད་དུང་ཆུ་རྣམས་རིམ་གྱིས་ཡོངས་སུ་ཐག་ནས་འཁུམས་ཤིང་གས་པའི་ས་གཞི། མི་ཞིག་གི་རྐང་འོག་ཏུ་བརྫིས་ན་”སག་སྒྲ”དང་བཅས་ཐལ་བར་འགྱུར་བའི་རྡོ་རིལ་སོགས་བརྗེད་རྒྱུ་ནི་དེ་འདྲའི་སླ་བོ་ཞིག་ག་ལ་ཡིན། དེ་དུས་ལུག་སྟོང་ཕྲག་མང་པོ་ཤི་བ་མ་ཟད། མཐའ་ན་མི་འགའ་ཤས་ཀྱང་འདི་ན་དང་དེ་ན་གྲོངས་ཤིང་ལ་ལ་སུ་གཅིག་གིས་ཀྱང་མ་ཚོར་བ་བྱུང་།
དབུལ་ཞིང་ཕོངས་པའི་གནས་སྟངས་དེ་ལས་ལྡོག་སྟེ། ལུང་ཁུག་གི་སློབ་གྲྭའི་ཁང་ཧྲུལ་ནང་རྣལ་འབྱོར་བ་ལྟར་འཚོ་བའི་ཁོ་ནི་དཀའ་ཚེགས་ཀྱི་འཚོ་བ་དེ་དང་གང་ཡོད་ཀྱི་མཁོ་དངོས་ཉུ་ངུ་དེས་ཡིད་ཚིམས་ནས་ཡོད་དེ། བཀྲག་རྩི་མ་བྱུགས་པའི་གྱང་དང་། ཁ་ཞེང་ཆུང་བའི་རྐུབ་སྟེགས། ཚོན་མ་བསྐུས་པའི་དཔེ་སྒྲོམ། ད་དུང་ཁྲོམ་པ་དང་། བདུན་རེར་མཁོ་སྤྲོད་བྱས་པའི་བཟའ་བཏུང་ཡོད་སྟབས། ཁོ་ནི་རྒྱལ་པོ་ཞིག་ཡིན་པ་ལྟ་བུའི་སྣང་བ་འཁོར་ཡོང་། ཉེན་བརྡ་དང་ཆར་པའི་སྔོན་འགྲོ་མེད་པར་གློ་བུར་དུ་ཁངས་ཆེན་བབས་བྱུང་ལ། འདི་ནི་ས་ཁུལ་དེའི་གནས་སྟངས་ཡིན་ཏེ་མི་མེད་ཀྱང་(མི་ཚོས་ཕན་ཡང་ཐོགས་ཀྱི་མེད།)གདུག་རྩུབ་ཀྱིས་ཁེངས་ཡོད། ཡིན་ན་ཡང་དྷོ་རོ་ནི་འདིར་སྐྱེས་ཤིང་གཞན་གྱི་ས་ཆ་གང་དུ་སོང་ཡང་རྒྱང་ཕུད་བཏང་བའི་སྣང་བ་སྐྱེ་ཡི་ཡོད།
ཁོ་རང་སྒོ་ཕྱིར་དོན་ནས་སློབ་གྲྭའི་ཁང་ཆུང་མདུན་གྱི་ཁྱམས་སྟེགས་སུ་སོང་། ད་ནི་མི་དེ་གཉིས་གྱེན་དུ་ཕྱོགས་པའི་རི་གསེག་གི་ཕྱེད་ཙམ་ཐོན་ལ། ཁོས་རྟ་ཐོག་གི་མི་དེ་ནི་ཡུན་རིང་ངོ་ཤེས་སུ་གྱུར་པའི་དམག་མི་བགྲེས་སོང་བྷོལ་དྷོ་སི་ཡིན་པ་ངོས་ཟིན། བྷོལ་དྷོ་སི་ཡིས་ལག་ཟུང་རྒྱབ་ཏུ་བཀྱིགས་ཤིང་མགོ་བོ་ཐུར་དུ་དུད་དེ་གཞུག་ན་ཡོང་བཞིན་པའི་ཨ་རབ་(ཨ་རབ་ཀྱི་མི།)ལ་མཐུད་པའི་ཐག་སྣེ་བཟུང་འདུག དམག་མི་དེས་དྷོ་རོ་ལ་འཚམས་འདྲིའི་ལག་གཡུག་ཅིག་བྱས་ཀྱང་ཁོས་ལན་མ་སྟེར། རྒྱུ་མཚན་ནི་ཁོ་རང་ཚོས་གཞི་ལོག་པའི་ཇི་ལ་བྷ་སྔོན་པོ་གྱོན་པ་དང་། བལ་གྱི་ཨུ་སུབ་མཐུག་པོས་བཏུམས་པའི་རྐང་པ་གཉིས་བསིལ་ལྷམ་ནང་དུ་བཅུག་ཅིང་། ཕྲ་ཤིང་ཐུང་བའི་མགོ་དཀྲིས་ཐོད་ལ་བཅིངས་པའི་ཨ་རབ་དེ་སུ་ཡིན་སྐོར་གྱི་་བསམ་གཞིག་ཁྲོད་དུ་ལྷུང་འདུག ཁོ་གཉིས་ཇེ་ཉེར་ཡོང་བཞིན་འདུག་ལ། ཨ་རབ་དེ་མི་བསྣད་པའི་ཆེད་དུ་བྷོ་དྷོ་སི་ཡིས་རྟ་ཁ་ཐེན་ནས་དལ་བོར་མདུན་དུ་འོང་བཞིན་མཆིས།
རྣ་བའི་ཐོས་ཙམ་ལ་ཐོན་པ་ན་བྷོ་དྷོ་སིས་“ཨི་ཨ་མར་ནས་ལེ་དབར་གསུམ་ལ་ཆུ་ཚོད་གཅིག་འགོར་སོང་།”ཞེས་སྐད་བརྒྱབས་པར། དྷོ་རོས་ལན་མ་སྟེར། ཨུ་སུའི་སྟོད་ཐུང་མཐུག་པོའི་ནང་ལ་ཐུང་ཞིང་གྲུ་བཞིར་མངོན་པའི་ཁོས་མི་དེ་གཉིས་ཡར་འགོ་བར་བལྟས་ནས་བསྡད། ཨ་རབ་དེས་མགོ་བོ་ཐེངས་གཅིག་ལ་དགྱེ་མ་སོང་། མི་དེ་གཉིས་ཁྱམས་སྟེེགས་ལ་འབྱོར་དུས་དྷོ་རོས་“དཀའ་ཨེ་ཐལ། ནང་དུ་ཤོག་ལ་མེ་སྲོས།”ཞེས་བརྗོད། བྷོ་དྷོ་སི་ཡིས་ཐག་སྣེ་མི་གློད་པར་དཀའ་ལས་ཁག་མདོག་གིས་རྟ་ལས་བབས་ཤིང་། ཁ་སྤུ་རྩིང་པོའི་འོག་ནས་སློབ་གྲྭའི་དགེ་རྒན་ལ་འཛུམ་ཞིག་བསྟན། དྷོ་རོ་ཡི་་སྨུག་པོར་གྱུར་བའི་དཔྲལ་བའི་འོག་གི་བསམ་གཞིག་ཟབ་མོར་ཚུད་པའི་མིག་ནག་ཆུང་ཟུང་དང་། གཉེར་རིས་ཀྱིས་མཐའ་བསྐོར་བའི་ཁ་དེས་ཁོ་རང་ཡོད་ཚད་ལ་དོ་སྣང་དང་ཤེས་རྒྱ་ཆེ་བའི་མི་ཞིག་ཡིན་མདོག་སྣང་། དྷོ་རོས་སྲབ་མདའ་བླངས་ནས་རྟ་བྱ་ཁེབ་ལ་ཁྲིད་པ་དང་སླར་སློབ་གྲྭའི་ནང་དུ་ཁོ་ལ་སྒུག་བཞིན་བསྡད་ཡོད་པའི་མི་དེ་གཉིས་ཀྱི་སར་ལོག ཁོས་དམག་མི་དང་ཨ་རབ་གཉིས་རང་ཉིད་ཀྱི་སྡོད་ཁང་དུ་ཁྲིད་རྗེས“ང་འཛིན་ཁང་ནང་མེ་སྒོང་་བར་འགྲོ་རྒྱུ་ཡིན་། ང་ཚོ་དེར་སྐྱིད་རྒྱུ་རེད།”ཟེར། ཁོ་སླར་སྡོད་ཁང་དུ་འཛུལ་དུས་བྷོ་དྷོ་སི་འབོལ་སྟེགས་ཐོག་ཏུ་བསྡད་འདུག ཁོས་རང་ཉིད་དང་ཨ་རབ་སྦྲེལ་སྤྱད་ཀྱི་ཐག་པ་དེ་བཤིག་ཡོད་ཅིང་ཨ་རབ་དེ་ཐབ་འགྲམ་ན་ཙོག་འདུག ཁོའི་ལག་པ་ད་དུང་བཀྱིགས་ནས་ཡོད་ལ་མགོ་བོ་འཐུམ་བྱེད་ཀྱི་སྐེ་དཀྲིས་དེ་དཔྲལ་བའི་ཐོག་ཏུ་ཡར་ཐེན་ཏེ་སྒེའུ་ཁུང་གི་ཕྱོགས་སུ་བལྟས་འདུག དྷོ་རོས་ཐོག་མར་ཁོའི་མཐུག་ཅིང་འཇམ་ལ་ཧ་ལམ་མི་ནག་གི་ཁ་དང་མཚུངས་པའི་མཆུ་ཏོ་ཆེན་པོ་དེ་ཁོ་ན་དོ་སྣང་བྱུང་མོད། འོན་ཀྱང་ཁོའི་རྣ་དྲང་མོ་རེད་ལ་མིག་ཟུང་ནག་པོ་དངངས་འཚབ་ཀྱིས་ཁེངས་གདའ། སྐེ་དཀྲིས་དེས་ཁོའི་ཞེ་གྱོང་བའི་དཔྲལ་བ་མངོན་དུ་བཅུག་འདུག་ཅིང་། ཉི་ལྷགས་ཀྱིས་གཙེས་པའི་སྐྱི་ལྤགས་གྲང་ངར་གྱིས་སྐྱ་བོར་བསྒྱུར་ཡོད་པ་མ་ཟད། ཨ་རབ་ཀྱིས་ཁོའི་ཕྱོགས་སུ་འཁོར་ཏེ་ཐད་ཀར་མིག་ནང་དུ་བལྟས་པ་ན། ཁོའི་ངོ་གདོང་ཡོངས་སུ་ངལ་དུབ་དང་གྱེན་ལོག་གི་རྣམ་འགྱུར་ཞིག་གིས་ཁེངས་འདུག་པ་དེས་དྷོ་རོ་ཧང་སང་དུ་བཅུག སློབ་གྲྭའི་དགེ་རྒན་གྱིས“ཁྱོད་གཉིས་ཁང་པ་གཞན་གྱི་ནང་དུ་སོང་དང་། ངས་དག་ཅིའི་ཇ་ཞིག་བཟོ་འོང་”ཞེས་སྨྲས་པར། བྷོ་དྷོ་སིས་“ཐུགས་རྗེ་ཆེ། དེ་འདྲའི་ལས་ཀ་ཞིག་ཨང་། ང་དངོས་གནས་རྒན་ཡོལ་ཞུ་འདོད”ཅེས་བཤད་པ་དང་། སླར་ཡང་བཙོན་པ་ལ་“ར྄ང་། ཤོག”ཅེས་ཨ་རབ་སྐད་ཀྱིས་བཀའ་བཏང་། ཨ་རབ་དེ་ཡར་ལངས་ཤིང་བཀྱིགས་པའི་ལག་པ་མདུན་དུ་བཟུང་ནས་ག་ལེར་འཛིན་ཁང་ནང་དུ་ཕྱིན་སོང་།
དྷོ་རོས་ཇ་དང་ལྷན་དུ་་རྐུབ་སྟེགས་ཤིག་ཀྱང་ཁྱེར་ཕྱིན་མོད། འོན་ཀྱང་བྷོ་དྷོ་སི་ཡིས་ཐག་ཉེ་ཤོས་ཀྱི་སློབ་མ་ཞིག་གི་མདུན་ཅོག་ཁྲི་ལ་བཅོས་ནས་བསྡད་ཚར་འདུག་ལ། ཨ་རབ་དེ་ནི་དགེ་རྒན་གྱི་འཁྲིད་སྟེགས་ལ་ཁེན་ནས་ཙོག་ཅིང་། མདུན་ཅོག་དང་སྒེའུ་ཁུང་བར་དུ་བཙུགས་པའི་ཐབ་ལ་ཁ་གཏད་འདུག ཁོས་ཇ་ཡི་ཤེལ་ཕོར་དེ་བཙོན་པའི་ཕྱོགས་སུ་བསྲིངས་པ་དང་བཀྱིགས་པའི་ལག་པ་མཐོང་བ་ན་ཐེ་ཚོམ་དང་བཅས“ཁོ་ཕལ་ཆེར་བཀྲོལ་ན་འགྲིག་ས་རེད།”ཅེས་སྨྲས། “རེད། དེ་འགྲུལ་བཞུད་ཀྱི་ཆེད་དུ་རེད།” བྷོ་དྷོ་སིས་ལན་སྟེར་བ་དང་རྐང་པའི་ཐོག་ཏུ་ལང་འགོ་བརྩམས། འོན་ཀྱང་དྷོ་རོས་ཤེལ་ཕོར་མར་ཞ་ལའི་ཐོག་ཏུ་བཞག་པ་དང་ཨ་རབ་ཀྱི་འགྲམ་དུ་པུས་བཙུགས་བྱས་སོང། ཨ་རབ་དེས་ཚིག་གཅིག་ཀྱང་མི་སྨྲ་བར་དངངས་འཚབ་ཀྱིས་ཁེངས་པའི་མི་ཟུང་གིས་ཁོ་ལ་བལྟས་ནས་བསྡད། ཁོའི་ལག་པ་བཀྲོལ་ཚར་མ་ཐག སྐྲང་པའི་མཁྲིག་མ་ཕན་ཚུན་ལ་་རེག་རེག་འགའ་བྱས་ཤིང། ཤེལ་ཕོར་ཡར་བླངས་ནས་ཚ་ཞིང་སྲེག་པའི་གཤེར་ཁུ་དེ་ཧུབ་ཆུང་ཆུང་གིས་ཚ་འཐུང་བྱས།
དྷོ་རོས“ཡ། ཁྱོད་གཉིས་གང་ཞིག་ལ་འགྲོ་བཞིན་ཡོད།”ཅེས་དྲིས་པར། བྷོ་དྷོ་སི་ཡིས་ཁ་སྤུ་ཇ་ནས་སྡུད་ཙམ་གྱིས“བུ། འདི་རང་ལ་ཡིན། ”ཞེས་ལན་སྟེར།
“ཅི་འདྲའི་རྒྱུན་ལྡན་མ་ཡིན་པའི་སློབ་མ་གཉིས་རེད་ཨང་། དོ་ནུབ་འདིར་འདུག་རྒྱུ་ཡིན་ནམ།”
“མིན། ང་ཕྱིར་ཨི་ཨ་མར་དུ་ལོག་རྒྱུ་ཡིན། ཁྱོད་ཀྱིས་མི་འདི་ཊིན་གྷ་ཏཱར་སྐྱེལ་དགོས། དེ་གའི་ཉེན་རྟོག་ལས་ཁུངས་ཀྱིས་ཁོ་བསྒུགས་ནས་བསྡད་ཡོད།” བྷོ་དྷོ་སིས་དྷོ་རོ་ལ་ལྟ་བཞིན་བརྩེ་སེམས་ཀྱི་འཛུམ་ཆུང་ཞིག་བསྟན།
“འདི་གཏམ་རྒྱུད་ཅི་ཞིག་རེད། ཁྱོད་ཀྱིས་ང་ལ་ཀུ་རེ་རྩེ་བཞིན་ཡོད་དམ།” སློབ་གྲྭའི་དགེ་རྒན་གྱིས་དྲིས།
“མེད། བུ། འདི་དག་ནི་བཀའ་རེད།”
“བཀའ་ཨེ། ང་རང་་་་་་་་” དྷོ་རོས་ཁོར་སཱག་ཁང་གི་བགྲེས་སོང་དེའི་སེམས་པར་ཕོག་ཐུག་གཏོང་མི་འདོད་སྟབས་ཕྲན་ཙམ་ཐོགས་ཏེ“དེ་ངའི་ལས་ཀ་མ་རེད”ཅེས་བཤད།
“ཨ། དེ་ཅི་ཟེར་རམ། དམག་འཁྲུག་གི་དུས་སྐབས་སུ་མི་དམངས་ཀྱིས་ལས་རིགས་སྣ་ཚོགས་ཚང་མ་བྱེད་དགོས།”
“དེས་ན་ངས་དམག་འཁྲུག་རྒྱག་རྒྱུའི་བརྡ་ཁྱབ་སྒུག་རྒྱུ་ཡིན།”
བྷོ་དྷོ་སིས་མགོ་བོ་ལྕོག་ལྕོག་གཡུགས་བྱུང་།
“འགྲིག་གི་རེད། འོན་ཏེ་བཀའ་ནི་ཡོད་ལ་ཁྱེད་ཀྱང་དེའི་ནང་དུ་ཚུད་ཡོད། གནས་ཚུལ་ཛ་དྲག་ཅན་དུ་འགྱུར་བཞིན་པར་སྣང་ལ། གྱེན་ལོག་ཅིག་ཀྱང་འབྱུང་ཉེར་ཡོད་པའི་གཏམ་འཆལ་འདུག ཕྱོགས་གཅིག་ནས་བཤད་ན་ང་ཚོའང་དམག་ནང་དུ་ཚུད་པ་རེད།”
དྷོ་རོའི་གདོང་ལ་ད་དུང་མཁྲེགས་བཟུང་གི་རྣམ་འགྱུར་གྱིས་ཁེངས།
“བུ་རང་ཉོན་དང་།” བྷོ་དྷོ་སིས་སླར་ཡང་བཤད་རྒྱུར། “ང་རང་ལ་དགའ་པོ་ཡོད། ཁྱོད་ཀྱིས་ངེས་པར་དུ་ཤེས་དགོས་པ་ཞིག་ལ་ཨི་ཨ་མར་དུ་ས་གནས་ཡོངས་ལ་ལྟ་སྲུང་བྱེད་མཁན་ང་ཚོ་མི་བཅུ་གཉིས་ལས་མེད་ཅིང་ང་ལམ་སེང་ཕྱིར་འབྱོར་དགོས། ང་ལ་མི་འདི་ཁྱོད་ཀྱི་སར་བསྐྱལ་ནས་ལམ་སེང་ལོག་ཤོག་ཟེར། ཁོ་དེར་བཀག་ཉར་བེྱད་ཐབས་མི་འདུག། ཁོའི་གྲོང་ཚོ་གྱེན་ལོག་བྱེད་པའི་འགོ་རྩོམ་བཞིན་འདུག་པ་དང་ཁོ་ཚོས་ཁོ་ཕྱིར་ལེན་འདོད་འདུག ཁྱོད་ཀྱིས་ངེས་པར་སང་ཉིན་ས་མ་རུབ་གོང་དུ་མི་འདི་ཊིན་གྷ་ཏཱར་སྐྱེལ་དགོས། ལུས་སྟོབས་རྒྱས་པའི་ཕོ་གསར་ཁྱོད་ལྟ་བུ་ལ་ལེ་དབར་ཉི་ཤུ་ལ་དཀའ་ངལ་ཅི་ཡོད། དེ་རྗེས་ཡོད་ཚད་ཚར་བ་རེད། ཁྱོད་ཕྱིར་སོ་སོའི་སློབ་མ་དང་ལྷིང་འཇགས་ཀྱི་འཚོ་བར་ལོག་ཆོག”
གྱང་རྒྱབ་ཏུ་རྟས་སྣ་ཤུ་རྒྱག་བཞིན་རྨིག་པས་ས་འབྲད་པའི་སྒྲ་ཐོས་ཐུབ་ལ། དྷོ་རོ་ཡིས་སྒེའུ་ཁུང་ཕྱི་ལ་ལྟ་བཞིན་འདུག། གནམ་ངོ་མངོན་གསལ་དོད་པོས་དྭངས་བཞིན་འདུག་ལ་ཁ་བའི་གཡོགས་པའི་མགོ་སྒང་ཐོག་གི་འོད་སྣང་ཇེ་གསལ་དུ་འགྱུར་བཞིན་གདའ། ཁ་བ་ཡོད་ཚད་བཞུ་ཚེ་ཉི་མའི་སྟོབས་ཤུགས་སླར་ཡང་རྒྱས་ཏེ་རྡོ་ཧྲུག་གི་ཞིང་ཁ་འདི་ཡང་བསྐྱར་ཐེངས་གཅིག་སྲེག་ངེས། ད་དུང་ཉིན་ཅི་འདྲའི་མང་པོ་ཞིག་ལ་འགྱུར་བ་མེད་པའི་ནམ་མཁའི་ངོས་ནས་ཉི་འོད་སྐམ་པོ་ཞིག་མར་མིའི་རིགས་དང་འབྲེལ་བ་ཡོད་པ་གཅིག་ཀྱང་མེད་སའི་དབེན་སྟོང་འདིར་འཕྲོས་ཏེ་འཚེ་ངེས་ཨང་།
“མ་གཞི་ཁོས་ཅི་ཞིག་བྱས་པ་རེད།” ཁོས་བྷོ་དྷོ་སིའི་ཕྱོགས་སུ་ཁ་འཁོར་བཞིན་དེ་ལྟར་བཤད་པ་དང་། དམག་མིས་ཁ་མ་གདངས་གོང་དུ་“ཁོས་ཧྥ་རན་སིའི་སྐད་ཤེས་སམ”ཞེས་དྲིས།
“མི་ཤེས། ཚིག་གཅིག་ཀྱང་མི་ཤེས། ང་ཚོས་ཁོ་ཟླ་བ་གཅིག་ལ་བཙལ་བ་ཡིན་རུང་། ཁོ་ཚོས་ཁོ་བསྐུངས་འདུག ཁོས་སྤུན་མཆེད་ཅིག་བསད་རེད།”
“ཁོ་ང་ཚོའི་ཁ་གཏད་རེད་དམ།”
“ངས་བལྟས་ན་མ་རེད། ཡིན་ཡང་ཏན་ཏན་ཞིག་ནམ་ཡང་ཤེས་མི་ཐུབ།”
“ཁོས་ཅིའི་ཕྱིར་བསད་པ་རེད།”
“ཁྱིམ་མིའི་རྩོད་རྙོག་རེད། གཅིག་གིས་གཞན་ལ་འབྲུ་རིགས་ཆད་པ་འདྲ། ཚང་མ་གསལ་པོ་མི་འདུག རྡོག་རྡོག་བཤད་ན་ཁོས་སྤུན་མཆེད་དེ་ཟོར་བ་གཞུས་ནས་བསད་པ་རེད། ལུག་ཅིག་ལྟར་’ཁ་ཧྲགགག’” བྷོ་དྷོ་སིས་རང་ཉིད་ཀྱི་སྐེའི་འཕྲད་དུ་གྲི་འཐེན་པའི་ཚུགས་ག་ཞིག་བསྟན་པ་དང་། དེ་ལ་དོ་སྣང་བྱུང་བའི་ཨ་རབ་ཀྱིས་འཚབ་སྣང་ངང་ཁོ་ལ་བལྟས། དྷོ་རོ་ཡིས་ཨ་རབ་དེ་དང་མི་ཚང་མར་གློ་བུར་གྱི་ཁོང་ཁྲོ་ཞིག་ལངས་བྱུང་། ཁོ་ཚོའི་རུལ་སུངས་ཀྱི་གནག་སེམས་དང་། ཐང་ཆད་རྒྱུ་མེད་པའི་འཁོན་འཛིན། ཁྲག་དྲི་བྲོ་བའི་ཆགས་སྲེད་ལ་ཁོ་ཁོང་ཁྲོ་བཟས་བྱུང་།
ཡིན་ན་ཡང་ཐབ་ཐོག་ཏུ་བསྐྱོན་པའི་ཁོག་ལྡིར་ལས་“སིན་སྒྲའི་”གླུ་དབྱངས་གྲག་བཞིན་མཆིས་ལ། ཁོས་བྷོ་དྷོ་སི་ལ་ཇ་བསྣན་པ་དང་ཅུང་ཙམ་ཐེ་ཚོམ་བྱས་རྗེས་ཡང་བསྐྱར་ཨ་རབ་ལ་ཇ་བླུགས། ཨ་རབ་ཀྱིས་སླར་ཡང་ལྟོགས་རྔམ་ཆེན་པོས་ལག་པ་གནམ་ལ་བཀྱགས་ནས་འཐུང་དུས་ཁོའི་ཇི་ལ་བྷའི་(ཨ་རབ་གྱོན་ཕྱུ་པ།)གོང་ཁ་བྱེ་བས། སློབ་གྲྭའི་དགེ་རྒན་གྱིས་ཁོའི་ཕྲ་ཞིང་ཤ་རྒོད་ཆེ་བའི་བྲང་ཁ་མཐོང་།
“བུ། ཐུགས་རྗེ་ཆེ། ད་ང་ཕྱིར་འགྲོ་རྒྱུ་ཡིན།” བྷོ་དྷོ་སིས་དེ་ལྟར་བཤད་པ་དང་། ཡར་ལངས་ནས་ཨ་རབ་ཀྱི་ཕྱོགས་སུ་ཕར་འགྲོ་ཞོར་གློ་ཁུག་ནས་ཐག་པ་ཐུང་ཐུང་ཞིག་ཕྱིར་བཏོན། དྷོ་རོས“ཁྱོད་ཀྱིས་ཅི་བྱེད་ཀྱིན་ཡོད།”ཅེས་ཁོ་ལ་དྲིས་པར། བྷོ་དྷོ་སིས་ཅུང་ཧ་ལས་པའི་ངང་ཐག་པ་ཁོ་ལ་བསྟན།
“བྱེད་དགོས་མ་རེད།”
དམག་མི་བགྲེས་སོང་ཐེ་ཚོམ་སྐྱེས་པ་དང་“ཁྱོད་ཀྱིས་ཅི་འདོད་བྱོས། ཨ་ཅང་ཅང་། མཚོན་ཆ་ཡོད་རྒྱུ་རེད”ཟེར།
“བོའུ་རིང་ཞིག་ཡོད།”
“གང་ན?”
“སྒམ་ནང་ན།”
“དེ་ཅིས་ཀྱང་ཉལ་ཁྲིའི་ཉེ་སར་ཉར་དགོས།”
“ཅིའི་ཕྱིར། ང་སྐྲག་དགོས་ས་ཅི་ཡང་མེད།”
“བུ། རང་སྨྱོ་བ་རེད། གལ་ཏེ་གྱེན་ལོག་བྱུང་བ་ཡིན་ན་སུ་གཅིག་ལའང་བདེ་འཇགས་མེད། ང་ཚོ་ཚང་མ་གྲུ་གཟིངས་གཅིག་པའི་ནང་དུ་ཡོད།”
“ངས་སོ་སོ་སྲུང་སྐྱོབ་བྱ་ཆོག ང་ལ་ཁོ་ཚོ་ཡོང་བཞིན་པ་མཐོང་བའི་དུས་ཚོད་ཡོད།”
བྷོ་དྷོ་སི་གད་མོ་ཤོར་འགོ་བརྩམས་པ་དང་། དེ་ནས་གློ་བུར་དུ་ཁ་སྤུས་སོ་དཀར་དཀར་བཀག་སོང་། “ཁྱོད་ལ་དུས་ཚོད་ཡོད་ཨེ? འགྲིག་འདུག ངས་བཤད་པའང་ཏག་ཏག་དེ་ཡིན། ཁྱོད་ལ་སྨྱོ་ཞད་ཕྲན་བུ་འདུག་པ་དེ་ལ་བརྟེན་ནས་ང་ཁྱོད་ལ་དགའ་པོ་ཡོད། ངའི་བུའང་དེ་འདྲ་རེད།”
ཁོས་དེ་ལྟར་བཤད་པ་དང་སྦྲགས་རང་འཁོར་ཐུང་མདའ་ཞིག་བླངས་ནས་ཅོག་ཙེའི་ཐོག་ཏུ་བཞག
“འདི་ཉོར། ང་འདི་ནས་ཨི་ཨ་མར་ལ་འགྲོ་བར་མཚོན་ཆ་གཉིས་མི་དགོས།”
མདུན་ཅོག་གི་ཚོན་རྩི་ནག་པོའི་སྟེང་དུ་རང་འཁོར་ཐུང་མདའ་འོད་འཕྲོས་འདུག་པ་དང་། དམག་མི་བགྲེས་སོང་དེ་ཁོའི་ཕྱོགས་སུ་འཁོར་སྐབས་དགེ་རྒན་གྱིས་ཀོ་བ་དང་རྟ་ཡི་དྲི་མ་ཚོར་བྱུང་།
“བྷོ་དྷོ་སི་རང་ཉོན་དང་།” ཁོས་གློ་བུར་དུ་བཤད་རྒྱུར། “འདི་ཡོད་ཚད་ཀྱིས་ང་ཞེ་མེར་ལང་དུ་འཇུག་གི་འདུག ཐོག་མར་ཁྱོད་ཀྱིས་ཁྲིད་པའི་མི་འདི། ཁོ་སྐྱེལ་དུ་འགྲོ་རྒྱུ་མིན། རེད། གལ་སྲིད་ཅིས་ཀྱང་དམག་འཐབ་དགོས་ན་འཐབ་ངེས་མོད། འོན་ཀྱང་འདི་མིན།”
དམག་མི་བགྲེས་སོང་ཁོའི་མདུན་དུ་ལངས་ནས་ངོ་ནག་གེར་ཁོ་ལ་བལྟས་ཤིང་ག་ལེར་བཤད་རྒྱུར། “ཁྱོད་སྨྱོ་འདུག ང་ཡང་འདི་ལ་མི་དགའ། ལས་འདི་བྱས་ནས་ལོ་མང་ཕྱིན་པའི་རྗེས་སུའང་མིའི་ལུས་སྟེང་དུ་ཐག་པ་འཇོག་རྒྱུ་འདིར་གོམས་ལོབས་ཐེབས་མི་ཐུབ་པའི་ཐོག ཐ་ན་ངོ་གནོང་ཡང་སྐྱེ་ཡི་འདུག རེད། ངོ་གནོང་སྐྱེ་ཡི་འདུག འོན་ཏེ་ཁོ་ཚོར་རྒྱལ་ཁ་ཐོབ་ཏུ་འཇུག་ག་ལ་ཉན།”
“ང་ཁོ་སྐྱེལ་བར་འགྲོ་རྒྱུ་མིན།” དྷོ་རོས་སླར་ཡང་སྨྲས།
“བུ། ངས་བསྐྱར་བཤད་བྱེད་ཆོག འདི་བཀའ་རེད།”
“རེད། ངས་གང་ལབ་པ་དེ་ཁོང་ཚོར་བསྐྱར་བཤད་བྱོས། ངས་ཁོ་སྐྱེལ་རྒྱུ་མིན།” བྷོ་དྷོ་སིས་མནོ་བསམ་ཞིབ་མོ་གཏོང་བའི་རྣམ་འགྱུར་མངོན་གསལ་དོད་པོ་ཞིག་བསྟན་ཞིང། ཨ་རབ་དང་ཁོ་གཉིས་ལ་རེས་མོས་ཀྱིས་བལྟས་ནས་མཐར་ཐག་བཅད་བྱུང་།
“མིན། ངས་ཁོང་ཚོར་ཅི་ཡང་བཤད་རྒྱུ་མིན། གལ་སྲིད་ཁྱོད་ཀྱིས་་སྐྱུར་འདོད་ན་སྐྱུར་ཤོག ངས་ཁྱོད་ལ་སྐྱོན་བརྗོད་མི་བྱ། ང་ལ་བཙོན་པ་འདིར་སྐྱེལ་བའི་བཀའ་ཡོད་པ་དང་ངས་དེ་ལྟར་བྱས་ཡོད། ད་ནི་ཁྱོད་ཀྱིས་ངའི་ཆེད་དུ་ཡིག་ཆ་འདིར་མཚན་རྟགས་ཤིག་འགོད་རོགས།”
“དེ་འདྲ་བྱེད་མི་དགོས། ངས་ཁྱོད་ཀྱིས་ཁོ་འདིར་བཞག་པ་དེ་སྙོན་མི་ཡོང་།”
“ཁྱོད་ཀྱིས་ང་ལ་སྡུག་མ་གཏོད། ཁྱོད་ཀྱིས་དྲང་པོ་ཤོད་ངེས་པ་དེ་ངས་ཤེས་ཡོད། ཁྱོད་ས་འདི་ནས་རེད་ལ་སྐྱེས་པ་ཕོ་ཞིག་རེད། འོན་ཀྱང་ཁྱོད་ཀྱིས་ངེས་པར་དུ་མཚན་རྟགས་འགོད་དགོས། དེ་ཁྲིམས་སྲོལ་རེད།”
དྷོ་རོས་རང་གི་ཅོག་ཙེའི་ཤུད་སྒམ་གྱི་ཁ་ཕྱེ་ནས་མུ་མན་གྱི་སྣག་ཚའི་ཤེལ་དམ་གྲུ་བཞི་དང་། ཤིང་གི་སྨྱུ་གུ་འཛིན་སྤྱད་དམར་པོ་དེ་དང་ལྷན་དུ་རྒྱུན་པར་ཡིག་གཟུགས་ཀྱི་མ་དཔེ་འབྲི་བྱེད་དུ་བཀོལ་བའི་“sergeant-more”རྟགས་ཅན་གྱི་སྨྱུ་གུ་དེ་ཕྱིར་བླངས་ཤིང་མཚན་རྟགས་བཀོད། ཉེན་རྟོག་པས་གཟབ་ནན་གྱིས་ཤོག་བུ་ལྟེབ་རྩེག་བརྒྱབས་ཤིང་དངུལ་ཁུག་ནང་དུ་བཅུག་རྗེས། སྒོའི་ཕྱོགས་སུ་སོང་།
“ངས་ཁྱོད་སྐྱེལ་དགོས།” དྷོ་རོས་བརྗོད།
“མི་དགོས། གུས་སྲོལ་བྱེད་པས་ཕན་ཐོགས་མེད། ཁྱོད་ཀྱིས་ང་དམའ་འབེབས་བྱས་ཚར་སོང་།” བྷོ་དྷོ་སིས་སྨྲས།
ཁོས་སྔར་མལ་དུ་གཡོ་འགུལ་མེད་པར་བསྡད་པའི་ཨ་རབ་ལ་བལྟས་ཏེ་མ་འདོད་པའི་སྣ་རྔུབ་ཅིག་བྱས་ཤིང་སྒོའི་ཕྱོགས་སུ་སོང་བ་དང་། “བུ། བདེ་མོ་སྡོད།”ཅེས་སྨྲས་ཤིང་ཕྱིར་དོན་ཞོར་སྒོ་ཐེན་ཏེ་བརྒྱབས། བྷོ་དྷོ་སི་གློ་བུར་དུ་སྒེའུ་ཁུང་གི་ཐད་ནས་དོན་ཙམ་བྱས་རྗེས་མི་མངོན་བར་གྱུར་བ་དང་། ཁ་བས་རྐྱེན་པས་ཁོའི་རྡོག་སྒྲ་དེ་ཙམ་མི་གསལ། གྱང་གི་ཕར་ཕྱོགས་ན་ཡོད་པའི་རྟ་འགུལ་སྐྱོད་བྱས་ཤིང་ཁྱིམ་བྱ་འགའ་ཞེད་སྣང་ངང་འཕུར་མ་ལྡིང་གིས་འདྲོགས་སོང་། ཡུད་ཙམ་གྱི་རྗེས་སུ་བྷོ་དྷོ་སི་སླར་ཡང་སྒེའུ་ཁུང་གི་ཕྱི་ན་མངོན་བྱུང་སྟེ། ཁོས་སྲབ་མདས་རྟ་ཁྲིད་དེ་འགྲོ་བཞིན་གདའ། ཁོས་ཕྱི་བལྟས་མི་བྱེད་པར་དེའུ་འབུར་དེའི་ཕྱོགས་སུ་ཕྱིན་ཞིང་དེ་ནས་ཁོ་རང་སྔོན་དང་རྟ་རྗེས་སུ་བྱས་ཏེ་མིག་གི་མཐོང་ལམ་ནས་ཡལ་སོང་། རྦབ་རྡོ་ཆེན་པོ་ཞིག་མར་འགྲིལ་བཞིན་པའི་སྒྲ་ཐོས་ཐུབ་ལ། དྷོ་རོ་ཕྱིར་བཙོན་པའི་འཁྲིས་སུ་ལོག་པ་དང་བཙོན་པ་དེས་གཡོ་འགུལ་མི་བྱེད་པར་མིག་ཟུང་ཁོ་ལ་ཅེར་ནས་སྡོད།
“སྒུགས་ཨ།” སློབ་གྲྭའི་དགེ་རྒན་གྱིས་ཨ་རབ་སྐད་ནང་དེ་ལྟར་བཤད་དེ་ཁོའི་ཉལ་ཁང་ལ་ཕྱིན། སྒོ་ནས་ཡར་འཛུལ་སྐབས་ཁོ་ལ་བསམ་ཚུལ་གཉིས་པ་ཞིག་སྐྱེས་བྱུང་སྟེ། ཁོ་ཕྱིར་ཅོག་ཙེའི་འགྲམ་དུ་ལོག་སྟེ་རང་འཁོར་མེ་མདའ་དེ་ལག་ཏུ་བླངས་ནས་གློ་ཁུག་ནང་བརྫངས་སོང་། དེ་ནས་ཁོ་ཕྱིར་ལྟས་མེད་པར་ཉལ་ཁང་དུ་ཕྱིན།
དུས་ཡུན་གང་འཚམ་ཞིག་གི་རིང་ལ། ཁོས་འབོལ་སྟེགས་ཐོག་ཏུ་བསྡད་དེ་ནམ་མཁའ་རིམ་གྱིས་འགྱུར་བའི་ངང་ཚུལ་ལ་བལྟས་ཤིང་ལྷིང་འཇགས་ལ་མཉན། དམག་འཁྲུག་རྗེས་ཀྱི་འདི་གའི་ཉིན་ཞག་ཐོག་མ་རྣམས་ལ་ཁུ་སིམ་དེ་ནི་ན་ཟུག་དང་སྐྱོ་སྣང་ཤིན་ཏུ་ཆེ་བར་སྣང་། དང་ཐོག་ཁོས་མཐོ་སྒང་དེ་དང་བྱེ་ཐང་གི་བར་མཚམས་འབྱེ་སའི་རི་འདབས་ཀྱི་གྲོང་སྡེ་ཆུང་ཆུང་དེའི་ནང་དུ་ལས་ཀ་བྱ་འདོད་པའི་སྙན་ཞུ་ཕུལ་ཏེ། གྲོང་སྡེ་དེར་རྡོ་ཡི་གྱང་ཡོད་ལ་བྱང་ཕྱོགས་སུ་ལྗང་མདོག་དང་ནག་པོའི་བཀྲག་མདངས་རྒྱས་ཤིང་ལྷོ་ཕྱོགས་སུ་ཟིང་སྐྱ་དང་མཐིང་མདོག་གིས་བརྒྱན་པ་དེ་ནི་རྟག་བརྟན་གྱི་དབྱར་ཁ་ཞིག་དང་འབྲེལ་བའི་རྟགས་མཚན་ཡིན། འོན་ཀྱང་ཁོ་རང་གྲོང་སྡེ་དེ་ལས་བརྒལ་བའི་བྱང་ཕྱོགས་ཏེ་ཏག་ཏག་མཐོ་སྒང་དེའི་ཐོག་ཏུ་ལས་བགོས་བགྱིས་བྱུང། ཐོག་མར་རྡོ་ཧྲུག་ཁོ་ན་ལས་མེད་པའི་ས་སྟོང་དེར་ཁོས་ཁེར་རྐྱང་དང་ཁུ་སིམ་གྱི་མནར་གཅོད་བཟོད་མ་ཐུབ་པར་སྡུག་བསྔལ་མང་པོ་ཞིག་མྱངས་མྱོང་། སྐབས་སྐབས་སུ་ས་བསློགས་པའི་རྗེས་ཤུལ་ནི་ཞིང་ཁ་བཏབ་པ་དང་མཚུངས་མོད། འོན་ཏེ་དེ་ནི་ཁང་པ་རྩེག་སྤྱད་ལ་བཟང་བའི་རྡོ་རིགས་ཤིག་སྔོག་སླད་བྲུས་པ་ཡིན་ཏེ། རྡོ་ཡི་སྟོན་སྡུད་དེ་ལས་ས་ཆ་འདིར་ཐོན་སྐྱེད་སྣེ་གཅིག་ཀྱང་མ་མཆིས། རྡོ་གསེང་དང་བར་གཤོངས་དག་ན་རིམ་གྱིས་བསགས་ཏེ་ཆགས་པའི་ས་ནི་གྲོང་སྡེའི་མཁོས་ཞན་གྱི་ལྡུམ་རྭར་ས་བཅུད་སྣོན་བྱེད་དུ་གཙང་གཞར་བྱེད་འགྲོ། འདི་ནི་ས་དེའི་གནས་སྟངས་ཡིན་ཏེ་ས་ཁོངས་ཀྱི་བཞི་ཆ་གསུམ་ཙམ་རྡོ་མཁྲེགས་ཀྱིས་ཁེབས་ཡོད། འདིར་གྲོང་སྡེ་ཆགས་ཏེ་དར་ཞིང་རྒྱས་རྗེས་གཏན་དུ་ཡལ་སོང་ལ། མི་ཡོང་ནས་ཕན་ཚུན་བརྩེ་བརྩེ་དུངས་དུངས་ཀྱིས་འཚོ་བའམ་ཡང་ན་ཁྱོ་ཤི་ང་གསོན་གྱིས་འཐབ་རྗེས་ཕྱི་མའི་ཡུལ་དུ་ཕྱིན་སོང་། ཁོ་དང་ཁོའི་མགྲོན་པོས་གཙོས་པའི་བྱེ་ཐང་འདིའི་ཐོག་གི་མི་སུ་གཅིག་བྱེ་ཐང་ལ་གལ་ཆེན་དང་གནད་འགག་མིན་མོད། ཡིན་ན་ཡང་དྷོ་རོས་ཁོ་གཉིས་ཀ་བྱེ་ཐང་འདིའི་ཕྱི་ལ་འཚོ་གནས་མི་ཐུབ་པ་རྟོགས་ཡོད།
ཁོ་ཡར་ལངས་དུས་འཛིན་ཁང་ནས་སྒྲ་ཅི་ཡང་གྲགས་མ་བྱུང་། ཨ་རབ་དེ་ཕལ་ཆེར་བྲོས་ནས་རང་ཉིད་གཅིག་པུ་ཡིན་ཞིང་དཀའ་ཚེགས་ཆེ་བའི་ཐག་གཅོད་ཅི་ཡང་བྱ་དགོས་ས་མ་རེད་སྙམ་པའི་བསམ་པ་དེས་ཁོ་ལ་ལྷད་མ་འདྲེས་པའི་དགའ་སྣང་ཞིག་སྟེར་བ་དང་དེར་ཁོ་རང་ཡ་མཚན་སྐྱེས། ཡིན་ན་ཡང་བཙོན་པ་སྔར་མལ་དུ་བསྡད་འདུག་སྟེ། ཁོ་མདུན་ཅོག་དང་ཐབ་ཁའི་བར་དུ་རྐང་ལག་ཀྱང་ཡག་པོ་ཞིག་མ་བརྐྱངས་པར་བསྡད་འདུག ཁོས་མིག་གཉིས་ཆེས་ཆེར་གདངས་ནས་ཐོག་གཅལ་ལ་ཅེར་ནས་གདའ་ལ། སྡོད་སྟངས་དེས་ཁོའི་མཆུ་ཏོ་མཐུག་པོ་སྔར་བས་མངོན་གསལ་དོད་དུ་བཏང་ཞིང་མཆུ་ཏོ་ཙོག་ཙོག་བྱེད་པའི་རྣམ་འགྱུར་ཞིག་བྱིན་འདུག དྷོ་རོས“ཤོག”ཅེས་བཤད་པ་དང་ཨ་རབ་ཡར་ལངས་ནས་ཁོའི་རྗེས་སུ་འབྲངས། ཉལ་ཁང་ནང་དུ་ཐོན་པ་ན་དགེ་རྒན་གྱིས་སྒེའུ་ཁུང་འོག་གི་ཅོག་ཙེའི་འཁྲིས་སུ་བཞག་པའི་རྐུབ་སྟེགས་ལ་མཛུབ་བརྡ་བསྟན། ཨ་རབ་ཀྱིས་མིག་ཟུང་ཁོ་ལ་སྦྱར་བ་ལྟར་ལྟ་བཞིན་མར་བསྡད།
“ཁྱོད་ལྟོགས་ཀྱི་འདུག་གམ”
“འདུག” བཙོན་པས་སྨྲས།
དྷོ་རོས་མི་གཉིས་འདུག་ཆོག་པའི་ཅོག་ཙེ་བསྒྲིགས་པ་དང་། གྲོ་དང་སྣུམ་བླངས་ནས་ཚལ་སླང་ནང་དུ་བག་ལེབ་བཅོས་པ་མ་ཟད། སྟབས་བདེའི་རླངས་ཐབ་ཆུང་ཆུང་དེའི་ཐོག་མེ་སྦར། བག་ལེབ་ཐབ་ཐོག་ཏུ་འཚིག་བཞིན་པའི་སྐབས་སུ་དྷོ་རོ་ཕྱི་ཡི་བྱ་ཁེབ་དུ་ཕྱིན་ནས་ཕྱུར་བ་དང་། སྒོ་ང་། འོ་ཕྱེ་ ཁམ་བུ་བཅས་བླངས། བག་ལེབ་ཚོས་པ་ན་ཁོས་དེ་སྒེའུ་ཁུང་གི་མ་ཐེམ་སྟེང་དུ་བཞག་སྟེ་འཇམ་ཆད་དུ་བཅུག་ཅིང་། འོ་ཕྱེའི་ནང་དུ་ཆུ་བླུགས་ནས་སྐོལ་བ་དང་སྒོ་ང་བཅག་སྟེ་བརྔོ་བ་སོགས་བྱས། ཁོས་དེ་ལྟར་གཡོ་འགུལ་བྱེད་ཕྱོགས་གཅིག་ལ་ལག་པ་གློ་ཁུག་གཡས་པའི་ནང་བཅུག་པའི་རང་འཁོར་ཐུང་མདར་ཐོགས་སོང་། ཁོས་ཕོར་པ་མར་ཅོག་ཙེའི་ཐོག་ཏུ་བཞག་རྗེས་འཛིན་ཁང་དུ་ཕྱིན་ནས་ཐུང་མདའ་ཁོའི་ཅོག་ཙེའི་ཤོད་སྒམ་ནང་དུ་བླུགས། ཁོ་སླར་ཁང་པའི་ནང་དུ་ལོག་དུས་ས་རུབ་བཞིན་འདུག་པས་གློག་སྦར་བ་དང་ཨ་རབ་ལ“ཟོ” ཞེས་བཤད་དེ་ཟ་མ་དྲངས། ཨ་རབ་ཀྱིས་བག་ལེབ་ཀྱི་དུམ་བུ་ཆུང་ཆུང་ཞིག་བཀོག་སྟེ་འདོད་རྔམ་ཆེན་པོའི་ངང་ཁ་ནང་དུ་ཁྱེར་བ་དང་། དེ་ནས་ཅུང་ཙམ་ལྡད་མཚམས་བཞག་བྱུང་།
“དེ་ན་རང་?” ཁོས་དྲིས་བྱུང་།
“ཁྱོད་ཀྱི་རྗེས་ལ་ངས་ཀྱང་ཟ་རྒྱུ་ཡིན།”
མཆུ་ཏོ་མཐུག་པོ་དེ་ཅུང་ཙམ་གདངས་བྱུང་། ཨ་རབ་ཀྱིས་ཐེ་ཚོམ་ཞིག་བྱས་པ་དང་དེ་ནས་སེམས་ཐག་གཙང་བཅད་ཀྱིས་བག་ལེབ་རྔམ་ལྡད་བྱས།
ཟ་མ་བཟས་ཚར་བ་དང་ཨ་རབ་ཀྱིས་སློབ་གྲྭའི་དགེ་རྒན་ལ་བལྟས།
“ཁྱོད་ཁྲིམས་དཔོན་ཡིན་ནམ།”
“མིན། ངས་ཁྱོད་སང་ཉིན་བར་དུ་ཉར་བ་ཙམ་ཡིན།”
“ཁྱོད་ཀྱིས་ཅིའི་ཕྱིར་ང་དང་ལྷན་དུ་ཟས་ཟ་ཡི་ཡོད།”
“ང་ལྟོགས་སོང་།”
ཨ་རབ་ཁུ་སིམ་གྱུར་བ་དང་དྷོ་རོ་ཡར་ལངས་ནས་ཕྱི་ལ་དོན། ཁོས་བྱ་ཁེབ་ནས་ལྟེབ་རྩེག་ཅན་གྱི་ཉལ་ཁྲི་ཞིག་ཁྱེར་ནས་ལོག་བྱུང་བ་དང་། ཉལ་ཁྲི་དེ་མདུན་ཅོག་དང་ཐབ་ཁའི་བར་ཏེ་ཁོ་རང་ཉིད་ཀྱི་ཉལ་ཁྲིའི་འཕྲེད་དུ་བརྒྱབས་པ་མ་ཟད། ཁང་པའི་གྲུ་ཟུར་ན་ཡར་བསླངས་ཏེ་ཡིག་ཆ་འཇོག་ས་བྱས་པའི་འདྲུད་སྒམ་ནང་ནས་ཀྰམ་པ་ལིང་གཉིས་ཕྱིར་བཏོན་ཏེ་ཉལ་ཁྲིའི་སྟེང་དུ་བཞག་ནས་ཉལ་ཆོག་ཆོག་བཟོས། དེ་ནས་ཁོས་ཅུང་ཙམ་ལ་འགུལ་མཚམས་བཞག་ཅིང་རང་ཉིད་བེད་མེད་ཡིན་པའི་སྣང་བ་ཞིག་སྐྱེས་པ་དང་སོ་སོའི་ཉལ་ཁྲིའི་ཐོག་མར་བསྔད། ད་ནི་ལས་དགོས་པ་དང་གྲ་སྒྲིག་བྱ་དགོས་པ་ཅི་ཡང་མ་མཆིས་པས་ཁོས་ཅིས་ཀྱང་ཨ་རབ་ལ་ཞིབ་ལྟ་ཐེངས་ཤིག་བྱེད་དགོས་པའི་སྣང་བ་སྐྱེས། དེ་བས་ཁོའི་ངོ་གདོང་ལ་ཞེ་སྡང་གི་མེ་ལྕེ་འབར་བཞིན་ཡོད་པའི་འཆར་སྣང་སྐྱེ་བཞིན་ཨ་རབ་ལ་བལྟས་མོད། འོན་ཀྱང་དེ་འདྲ་ཞིག་མ་རེད་དེ། ཁོས་གནག་ཅིང་འོད་འཚེར་འཚེར་བྱེད་པའི་མིག་ཟུང་དང་སྲོག་ཆགས་ཀྱི་ཁ་དང་འདྲ་བའི་མཆུ་ཏོ་ཞིག་ལས་ཅི་ཡང་མཐོང་མི་ཐུབ།
“ཅིའི་ཕྱིར་ཁྱོད་ཀྱིས་ཁོ་བསད་པ་ཡིན།” དྷོ་རོས་དེ་ལྟར་དྲིས་པ་ན་སྐད་གདངས་ལ་ཁྱབ་པའི་ཞེ་སྡང་དེས་ཁོ་རང་ཉིད་ཀྱང་ཧང་སང་དུ་བཅུག་བྱུང་།
ཨ་རབ་ཀྱིས་ཁོའི་ངོ་ལ་མི་བལྟ་བར་གཞན་དུ་འཁོར།
“ཁོ་བྲོས་ཕྱིན་པ་དང་ངས་ཁོའི་རྗེས་དེད་པ་ཡིན།”
ཨ་རབ་ཀྱིས་མིག་ཟུང་ཡར་ཕྱོགས་ནས་ཡང་བསྐྱར་དྷོ་རོ་ལ་ལྟ་དུས། ཁོའི་མིག་ནང་དུ་བཟོད་དཀའ་བའི་ན་ཟུག་གི་དྲི་བས་གང་ཡོད་པ་མཐོང་། “ད་ནི་ཁོ་ཚོས་ང་ལ་ཅི་ཞིག་བྱ་ངེས་རེད།”
“ཁྱོད་ཞེད་ཀྱི་འདུག་གམ”
ཁོས་གཟུགས་པོ་སྒོང་ཙམ་བྱས་ཤིང་མིག་གཞན་དུ་འཁོར་སོང་།
“ཁྱོད་འགྱོད་སེམས་སྐྱེ་ཡི་འདུག་གམ”
ཨ་རབ་ཀྱིས་ཁ་གདངས་ནས་ཁོ་ལ་ཅེར་འདུག་ཅིང་། ཁོས་དྲི་བ་དེའི་དོན་མ་རྟོགས་པ་གསལ་བོ་རེད། དྷོ་རོའི་སུན་སྣང་ཇེ་ཆེར་ཕྱིན་པ་དང་སྦྲགས། ཉལ་ཁྲི་གཉིས་ཀྱི་བར་དུ་བཙིར་བའི་རང་ཉིད་ཀྱི་གཟུགས་ཁོག་ཆེན་པོ་དེ་ཚོར་ནས་དོགས་མི་བདེ་བའི་སྣང་བ་ཞིག་ངང་གིས་སྐྱེས། དྷོ་རོས་ངང་རྒྱུད་ཟད་ཐུང་བའི་ངང“དེར་མར་ཉོལ། དེ་ཁྱོད་ཀྱི་ཉལ་ཁྲི་ཡིན”ཞེས་སྨྲས།
ཨ་རབ་ཀྱིས་གཡོ་འགུལ་མ་བྱས་པར་བསྡད། མཚམས་ཤིག་ལ་ཁོས་“ཁྱོད་ཀྱིས་ང་ལ་ཤོད་དང་།”ཞེས་བཤད།
དགེ་རྒན་གྱིས་ཁོ་ལ་བལྟས།
“དམག་མི་དེ་སང་ཉིན་ཕྱིར་ལོག་ཡོང་གི་རེད་དམ།”
“ངས་མི་ཤེས།”
“ཁྱོད་ང་ཚོ་དང་ལྷན་དུ་ཡོང་གི་ཡིན་ནམ།”
“ངས་མི་ཤེས། དེ་དྲིས་ནས་ཅི་བྱེད།”
བཙོན་པ་ཡར་ལངས་ནས་ཀྰམ་པ་ལིང་གི་སྟེང་དུ་ལོག་ཏེ་རྐང་པ་སྒེའུ་ཁུང་གི་ཕྱོགས་སུ་བཏད་དེ་རྐང་རིང་ལག་རྐྱང་ཞིག་བྱས། གློག་གི་ཤེལ་ཏོག་ལས་མཆེད་པའི་འོད་ཐད་ཀར་ཁོའི་མིག་ནང་དུ་འཕྲོས་འདུག་པ་དང་དེ་ནས་ཁོས་མིག་ཟུང་དུས་གཅིག་ཏུ་བཙུམས་སོང་།
“དེ་དྲིས་ནས་ཅི་བྱེད།” དྷོ་རོས་བསྐྱར་འདྲི་བྱས་པ་དང་ཉལ་ཁྲིའི་གམ་ན་ལངས་ནས་བསྡད། ཨ་རབ་ཀྱིས་ཤིན་ཏུ་གསལ་བའི་གློག་འོད་འོག་མིག་གདངས་ཏེ་རྡེབ་འཚུམ་མི་བྱེད་པར་ཁོ་ལ་བལྟས་བསྡད།
མཐར་ཁོས“ཁྱོད་ང་ཚོ་དང་ལྷན་དུ་ཡོང་རོགས”ཞེས་བརྗོད།
མཚན་དཀྱིལ་དུ་ཐོན་ཡང་དྷོ་རོ་ད་རུང་གཉིད་ཁུགས་མེད། དོ་ནུབ་ཁོས་གྱོན་ཆས་ཆ་ཚང་ཕུད་རྗེས་ཉལ་ཆས་ནང་དུ་འཛུལ་བ་ཡིན་ལ། རྒྱུན་པར་ཁོ་དེ་ལྟར་གཅེར་བུར་ཉལ་གྱི་ཡོད། འོན་ཀྱང་ཁོས་གློ་བུར་དུ་རང་ཉིད་ཀྱི་ལུས་ཐོག་ན་ཅི་ཡང་མེད་པ་ཚོར་དུས་ཐེ་ཚོམ་ཞིག་སྐྱེས་བྱུང་། ཁོས་རང་ཉིད་ལ་ཚུར་རྒོལ་གྱི་གནོད་འཚེ་ཐེབས་ཆོག་ཆོག་ཡིན་པ་ཚོར་ཞིང་གྱོན་ཆས་རང་སོར་ཕྱིར་གྱོན་པའི་འདུན་པ་ཞིག་འཁོར། དེ་ནས་ཁོས་ཕྲག་པ་འགུལ་ཙམ་བྱས་ཏེ་བསྐྱུར། ཡང་གཅིག་བཤད་ན་ཁོ་རང་སྔོན་ལྟར་བྱིས་པ་མིན་པ་དང་་གལ་སྲིད་གནས་ཚུལ་འདྲ་ལྷག་པ་ཡིན་ན་ཁོས་འཐབ་ཡ་དུམ་བུ་གཉིས་སུ་གཏོང་ཐུབ། ཁོས་སོ་སོའི་ཉལ་ཁྲིའི་ཐོག་ནས་ཨ་རབ་ལ་བལྟས་པ་ན། གློག་འོད་འོག་ཏུ་ཁོས་མིག་ཟུང་བཙུམས་ཏེ་གཡོ་འགུལ་མེད་པར་གན་རྐྱལ་དུ་ལོག་ནས་ཉལ་གདའ། དྷོ་རོས་གློག་བསད་པ་ན་མུན་ནག་གློག་བུར་དུ་ཇེ་མཐུག་ཏུ་ཕྱིན་ནས་དཀག་པ་ལྟར་སྣང། རིམ་གྱིས་མཚན་མོ་ལ་སླར་ཡང་ཚེ་སྲོག་ཞུགས་ཏེ་སྒེའུ་ཁུང་ནས་མཐོང་བའི་སྐར་མས་དབེན་པའི་ནམ་མཁའ་དལ་བུར་གཡོ་བཞིན་མཆིས། མི་རིང་བར་སློབ་གྲྭའི་དགེ་རྒན་གྱིས་རྐང་པའི་འགྲམ་དུ་ལོག་པའི་གཟུགས་པོ་དེ་མཐོང་ཐུབ་པ་བྱུང་། ཨ་རབ་ཀྱིས་ད་དུང་གཡོ་འགུལ་ཅི་ཡང་མ་བྱས་རུང་ཁོའི་མིག་ཟུང་ཕྱེ་ནས་ཡོད་པ་ལྟར་སྣང་། སློབ་ཁང་གི་མཐའ་འཁོར་ན་རླུང་བུ་འཇམ་པོ་ཞིག་ཤུག་ཤུག་ཏུ་ལྡང་བཞིན་མཆིས་ལ། ཕལ་ཆེར་དེས་སྤྲིན་པ་དག་རྒྱང་དུ་དེད་ནས་ཉི་མ་སླར་ཡང་ཤར་སྲིད།
མཚན་མོའི་རིང་ལ་རླུང་ཤུགས་ཇེ་ཆེར་ཕྱིན་སོང་། ཁྱིམ་བྱ་རྣམས་འཕུར་མ་ལྡིང་བྱེད་པའི་སྒྲ་ཕྲན་བུ་ཞིག་གྲགས་རྗེས་ཁུ་སིམ་མེར་གྱུར་བ་དང་། ཨ་རབ་ཀྱིས་གཞོགས་བསློགས་ནས་རྒྱབ་ཁོ་ལ་བཏད་དེ་ཉལ་བ་ན་དྷོ་རོས་ཁོས་འཁུན་ཞིག་བྱིན་པ་ཚོར། དེ་ནས་ཁོས་མགྲོན་པོའི་དབུགས་ཀྱི་རྒྱུ་བ་ཇེ་མཐོ་དང་རྒྱུན་ལྡན་དུ་གྱུར་བ་ལ་ཉན། ཁོ་ཤིན་ཏུ་ཉེ་བའི་དབུགས་ཀྱི་རྒྱུ་བ་དེ་ལ་ཉན་བཞིན་གཉིད་ཁུག་མི་ཐུབ་པར་བསམ་གཞིག་གི་དྲྭ་བར་ཚུད། ལོ་གཅིག་ཙམ་གྱི་རིང་ལ་ཁོ་ཁེར་རྐྱང་དུ་ཉལ་སའི་ཁང་མིག་འདིའི་ནང་དོ་ནུབ་ཀྱི་རོགས་པ་འདིས་ཁོ་ལ་སུན་སྣང་བྱིན་བྱུང་ལ། ད་དུང་ཁོ་ལ་ཆེས་རྒྱུས་མངའ་ཆེ་བའི་སྤུན་ཟླའི་མཛའ་འབྲེལ་ལྟ་བུ་ཞིག་ཁོའི་སྟེང་དུ་བཙན་གྱིས་འཕངས་བྱུང་རུང་ད་ལྟའི་གནས་བབས་འདིའི་འོག་ཏུ་ཁོས་དང་ལེན་མ་ཐུབ་པ་དེས་ཁོའི་ཡིད་སུན་དུ་བཅུག་བྱུང་། ཁང་མིག་གཅིག་མཉམ་དུ་སྤྱོད་པའི་མི་ཚོའི་བར་ན་ཁྱད་མཚར་བའི་མཛའ་མཐུན་ཞིག་ཆགས་ངེས་ཏེ། དམག་མི་དང་བཙོན་པ་ཚོས་གོ་ཁྲབ་དང་གྱོན་ཆས་ལྷན་དུ་མི་འདྲ་བའི་ཆ་དང་མི་མཐུན་པའི་ལྟ་ཚུལ་སོགས་ལྷན་དུ་ཕུད་པ་བཞིན་རྨི་ལམ་དང་ངལ་དུབ་ཀྱི་གནའ་བོའི་སྤྱི་ཚོགས་ནང་དུ་དགོང་ལྟར་གྲོགས་སྒྲིག་བྱེད་ཀྱིན་ཡོད། འོན་ཀྱང་དྷོ་རོས་རང་ཉིད་བསྒུལ་ཏེ་བསམ་གཞིག་གི་མཚམས་བཞག ཁོ་དེ་འདྲ་བའི་བསམ་གཞིག་ལ་དགའ་པོ་མ་བྱུང་བ་དང་གཉིད་ཉལ་རྒྱུ་ནི་གལ་འགངས་ཆེ།
ཡིན་ན་ཡང་ཕྲན་ཙམ་གྱི་རྗེས་སུ་ཨ་རབ་འགུལ་ཙམ་བྱེད་དུས་སློབ་གྲྭའི་དགེ་རྒན་ད་དུང་ཡང་གཉིད་ཁུག་མེད། བཙོན་པས་འཕག་ཐེངས་གཉིས་པ་བྱེད་སྐབས་ཁོའི་ལུས་པོ་དམ་པོར་གྱུར་ནས་དོགས་ཟོན་བྱས། ཨ་རབ་ནི་ཧ་ལམ་གཉིད་ལང་བརྒྱབས་པ་བཞིན་ལག་པ་གཉིས་ཉལ་ཁྲིའི་ཐོག་བཙུགས་ཏེ་ག་ལེར་ཡར་དགྱེ་དགྱེ་བྱས་པ་མ་ཟད། ཉལ་ཁྲིའི་ཐོག་ཏུ་སྟོད་ལངས་བྱས་ཏེ་དྷོ་རོའི་ཕྱོགས་སུ་མི་འཁོར་བར་འགུལ་མེད་དུ་སྡོད་ཚུལ་ལ་བལྟས་ན་ཕལ་ཆེར་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་ཉན་བཞིན་པ་དང་མཚུངས། དྷོ་རོས་འགུལ་ཙམ་ཡང་མ་བྱས། ཁོས་རང་འཁོར་ཐུང་མདའ་དེ་ད་དུང་ཡང་ཁོའི་མདུན་ཅོག་གི་ཤོད་སྒམ་ནང་དུ་ཡོད་པ་དྲན་བྱུང་། ད་ནི་སྐད་ཅིག་ཉིད་ལ་ལག་འགུལ་ན་དགའ་རུང་དྷོ་རོས་མུ་མཐུད་བཙོན་པར་ལྟ་སྲུང་བྱས་ནས་བསྡད། བཙོན་པས་སྔར་ལྟར་ག་ལེར་རྐང་པ་ས་ཐོག་ཏུ་བཞག་ཏེ་ཡང་བསྐྱར་སྒུག་ཙམ་བྱས་པ་དང་དེ་ནས་དལ་བུར་ཡར་ལངས་མགོ་བརྩམས། དྷོ་རོས་སྐད་རྒྱག་ལ་ཁད་དུ་ཡོད་སྐབས་ཨ་རབ་ཀྱིས་གོམ་པ་སྤོ་མགོ་བརྩམས་ཤིང་ཁོའི་འགྲོ་སྟངས་དེ་ཅུང་རྒྱུན་ལྡན་ཡིན་རུང་ཤིན་ཏུ་ཁུ་སིམ། ཁོ་ཁང་པའི་མཐའ་ཡི་མཛོད་ལ་བཏད་པའི་སྒོ་དེའི་ཕྱོགས་སུ་འགྲོ་བཞིན་འདུག ཁོས་སྒོ་གཏན་དོགས་ཟོན་གྱིས་བཀྱགས་ནས་ཕྱི་ལ་ཐོན་ཞོར་སྒོ་ཕྱིར་ཐེན་རུང་ཡོངས་སུ་བརྒྱབས་མ་སོང་། དྷོ་རོས་འགུལ་ཙམ་ཡང་མ་བྱས་པ་དང། སེམས་སུ“ཁོ་འབྲོ་བཞིན་འདུག སྙིགས་ལུད་ཡག་པོ་ཞིག་དོར་ཐུབ་སོང་”སྙམ་ཡང་། ད་དུང་ཡང་བག་ཟོན་གྱིས་ཉན་ནས་བསྡད། ཁྱིམ་བྱ་འཕུར་ལྡིང་བྱེད་པའི་སྒྲ་མེད་ཚུལ་ལ་བརྟགས་ན་མགྲོན་པོ་དེ་ས་མཐོའི་སྟེང་དུ་སླེབས་ཚར་བ་འདྲ། གསལ་ལ་མི་གསལ་བའི་ཆུ་སྒྲ་ཞིག་དྷོ་རོའི་རྣ་བར་ལྷུང་བ་དང་། ཁོས་དེ་ཅི་ཞིག་ཡིན་པ་ཨ་རབ་ཡང་བསྐྱར་སྒོ་འགྲམ་དུ་ལངས་ནས་གཟབ་གཟབ་ཀྱིས་སྒོ་བརྒྱབས་རྗེས། ཁུ་སིམ་སིམ་ངང་ཕྱིར་ཉལ་ཁྲི་ལ་ལོག་དུས་བར་དུ་མ་རྟོགས། དེ་རྗེས་དྷོ་རོས་རྒྱབ་ཁོ་ལ་བསློགས་ཏེ་གཉིད་དུ་ཡུར་སོང་བ་དང་། ད་དུང་ཡང་གཉིད་གསེང་དུ་ཁོས་ཁང་བའི་མཐའ་འཁོར་དུ་དོགས་ཟོན་ཆེ་བའི་རྡོག་སྒྲ་ཐོས་པའི་ཚོར་སྣང་བྱུང་རུང་། ཁོས་“ངས་རྨི་ལམ་གཏོང་བཞིན་འདུག ངས་རྨི་ལམ་གཏོང་བཞིན་འདུག”ཅེས་བཟློས་ནས་མུ་མཐུད་གཉིད་དུ་ཡུར།
ཁོ་གཉིད་ལས་སད་དུས་ནམ་མཁའ་དྭངས་ལ། གྲང་ཞིང་གཙང་བའི་མཁའ་རླུང་ཞིག་སྒེའུ་ཁུང་གི་གསེང་ནས་ནང་དུ་འཛུལ་བཞིན་གདའ། ཨ་རབ་ནི་ལུས་པོ་ཀྰམ་པ་ལིང་འོག་ཏུ་ཉིས་གུག་བྱས་ཤིང་ཁ་གདངས་ནས་ལྷོད་ཤིག་གེར་གཉིད་འདུག འོན་ཀྱང་དྷོ་རོས་ཁོ་སྤྲུག་སྤྲུག་བྱས་ཏེ་གཉིད་དཀྲོག་པ་ན། ཁོས་ཞེད་སྣང་ཆེན་པོས་དྷོ་རོ་ལ་ཅེར་མགོ་བརྩམས་པའི་ཚུལ་ནི་ཁོས་དེ་སྔོན་གཏན་ནས་དྷོ་རོ་མཐོང་མྱོང་མེད་པ་དང་མཚུངས་ཤིང། དེ་ནི་ཆེས་འཇིགས་སྐྲག་དང་བྲེད་སྣང་གིས་ཁེངས་པའི་རྣམ་འགྱུར་ཞིག་ཡིན་སྟབས་དགེ་རྒན་ཡང་ཕྱིར་ནུར་བྱས་ཏེ”སྐྲག་མི་དགོས། ང་ཡིན། ཁྱོད་ཀྱིས་ངེས་པར་དུ་ཟ་མ་བཟའ་དགོས།”ཞེས་སྨྲ་དགོས་བྱུང་། ཁོའི་ངོ་གདོང་སླར་ཇེ་ལྷོད་དུ་གྱུར་ཡང་སྟོང་སང་སང་དང་སྤྲོ་སྣང་གིས་དབེན་པའི་རྣམ་འགྱུར་ཞིག་གིས་ཁེངས་འདུག
འཚིག་ཇ་བསྐོལ་ཏེ་གྲ་སྒྲིག་བྱས་ཟིན་པ་དང། ཁོ་གཉིས་ལྟེབ་རྩེག་ཅན་གྱི་ཉལ་ཁྲིའི་སྟེང་ན་ལྷན་དུ་བསྡད་དེ་བག་ལེབ་ལྡད་ཞོར་འཚིག་ཇ་བཏུངས། དེ་ནས་དྷོ་རོས་ཨ་རབ་བྱ་ཁེབ་འོག་ཏུ་ཁྲིད་དེ་ཁོ་རང་ཁྲུས་རྒྱག་སའི་ཆུ་ཀ་ལ་བསྟན་པ་དང། ཁོ་རང་ཉིད་ཕྱིར་ཁང་པའི་ནང་དུ་ལོག་སྟེ་ཀྰམ་པ་ལིང་དང་ཉལ་ཁྲི་བལྟབས་པའི་ཐོག། སོ་སོའི་ཉལ་ཆས་ཀྱང་བསལ་ནས་ཁང་ཆུང་གཙང་སྦྲ་བཟོས། དེ་རྗེས་ཁོ་འཛིན་ཁང་བརྒྱུད་དེ་ཕྱི་ཡི་ཁྱམས་སྟེགས་ཐོག་ཏུ་ཐོན་པ་ན། ཉི་མ་སྔོ་ཞིང་དྭངས་པའི་མཁའ་དབྱིངས་ན་སྔ་མོ་ནས་ཡར་འཕག་བཞིན་མཆིས་པ་དང་གསལ་ཞིང་འཇམ་པའི་ཉི་འོད་སྟོང་ཞིང་དབེན་པའི་མཐོ་སྒང་དུ་འཕྲོས་འདུག གདོང་མགོར་ཆགས་པའི་ཁ་བ་རྣམས་ཁྲལ་ལེ་ཁྲོལ་ལེར་བཞུ་བཞིན་འདུག་ལ་རྡོ་ཧྲུག་དག་ཡང་བསྐྱར་ཐོན་ལ་ཉེ། མཐོ་སྒང་གི་གྲུ་ཟུར་ན་ཨོང་འཛུགས་བཅས་ཏེ་བསྡད་པའི་དགེ་རྒན་གྱིས་མཐའ་ཡས་པའི་དབེན་སྟོང་ལ་རྒྱང་ལྟ་བྱས། ཁོས་བྷོ་དྷོ་སི་དྲན་བྱུང་། ཁོས་བྷོ་དྷོ་སི་ལ་འབྲེལ་འདྲིས་བྱེད་མི་འདོད་པ་ལྟར་རྒྱང་དུ་བཏང་བས་ཁོའི་སེམས་པར་རྨ་ཁ་བཏད་སོང་། ཁོས་ད་དུང་ཡང་ཉེན་རྟོག་པ་བགྲེས་སོང་དེའི་འབྲལ་ཁའི་སྐད་ཆ་ཐོས་ཐུབ་པ་དང་། རྒྱུ་མཚན་ཅི་ཡིན་མི་ཤེས་པར་སེམས་པ་སྟོང་ལྷང་ལྷང་དང་ནུས་མེད་ཡིན་པའི་ཚོར་སྣང་ཡ་མཚན་ཅན་ཞིག་གིས་ཁེངས། སྐབས་དེར་སློབ་ཁང་གི་ཕྱོགས་གཞན་ནས་བཙོན་པས་ལུད་པ་ལུས་བྱུང་། དྷོ་རོས་ཧ་ལམ་མི་འདོད་པའི་ངང་ཁོ་ལ་ཉན་པ་དང་དེ་ནས་ཁོང་ཁྲོ་དྲག་པོ་ལངས་ཏེ་རྡོ་ཞིག་འཕངས་པ་དེ་བར་སྣང་དུ་ཤུ་སྒྲ་གྲག་བཞིན་ཁ་བའི་ནང་དུ་ཟུག་སོང་། མི་དེའི་བླུན་རྨོངས་ཀྱི་ནག་ཉེས་ཀྱིས་ཁོ་ཞེ་མེར་དུ་བཅུག་རུང་ཁོ་རྩིས་སྤྲོད་བྱེད་རྒྱུ་དེ་ནི་གཟི་བརྗིད་ལས་ལྡོག་འདུག དེའི་སྐོར་ལ་བསམ་མནོ་གཏོང་བ་ཙམ་གྱིས་ཁོ་ལ་ངོ་ཚའི་ཁོང་ཁྲོ་སྐྱེ་རུ་བཅུག་པ་དང་། ཁོས་ཨ་རབ་དེ་ཁོའི་སར་གཏོང་ཡོང་མཁན་གྱི་རང་ཉིད་ཀྱི་མི་དམངས་ལ་དམོད་མོ་བྱས་པ་དང་སྦྲགས། གསོད་ཕོད་ཀྱང་བྲོས་མ་ཐུབ་པའི་ཨ་རབ་ལ་ཡང་བྱས། དྷོ་རོ་ཡར་ལངས་ནས་ཁྱམས་སྟེགས་ཐོག་ཏུ་་གཡས་འགྲོ་གཡོན་འགྲོའི་སྐོར་བ་འགའ་ཤས་བྱས་ཏེ་འགུལ་མེད་ངང་ཅུང་ཙམ་བསྒུགས་རྗེས། ཕྱིར་ཁང་པའི་ནང་དུ་ལོག་སོང་།
ཨ་རབ་ནི་བྱ་ཁེབ་གི་ཨར་འདམ་ལས་གྲུབ་པའི་ཞྭ་ལའི་ཐོག་ཏུ་ཁེན་ནས་མཛུབ་མོ་གཉིས་ཀྱིས་སོ་འཁྲུད་བཞིན་འདུག དྷོ་རོས་ཁོ་ལ་བལྟས་ཏེ“ཤོག”ཅེས་སྨྲས་པ་དང་ཁོ་རང་སྔོན་དུ་ཕྱིར་ཁང་པའི་ནང་དུ་ལོག ཁོས་རི་དྭགས་རྔོན་དུས་གོན་པའི་སྟོད་གོས་ཤིག་ཁོའི་ཨུ་སུའི་སྟོད་ཐུང་དེའི་ཐོག་ཏུ་གྱོན་ཞིང་གོམ་འགྲུད་བྱེད་སྤྱད་ཀྱི་ལྷམ་མགོ་རྐང་པར་གོན་རྗེས། ཨ་རབ་ཀྱིས་མགོ་དཀྲིས་དང་བསིལ་ལྷམ་གྱོན་མ་ཚར་བར་དུ་ལངས་ནས་བསྒུགས། ཁོ་གཉིས་འཛིན་ཁང་དུ་ཕྱིན་པ་དང་དགེ་རྒན་གྱིས་སྒོ་ལ་ལག་པ་བཏད་དེ་“སྔོན་ལ་སོང་”ཞེས་སྨྲས་པར་ཕོ་སར་དེས་འགུལ་ཙམ་ཡང་མ་བྱས་པར་ལངས་འདུག དྷོ་རོས“ང་ཡོང་གི་ཡིན།”ཞེས་སྨྲས་པ་ན་ཨ་རབ་གཞི་ནས་ཕྱི་ལ་དོན་སོང་། དྷོ་རོ་སླར་ཕྱིར་ཁང་པའི་ནང་དུ་ལོག་སྟེ་བག་ལེབ་སྐམ་པོ་དང་། ཁམ་བུ། ཀ་ར་བཅས་ཀྱི་ཐུམ་སྒྲིལ་ཞིག་བཟོས། འཛིན་ཁང་ནས་ཕྱི་ལ་མ་དོན་གོང་དུ་སྐར་ཆ་གཅིག་ཙམ་ལ་ཐེ་ཚོམ་ངང་མདུན་ཅོག་མདུན་དུ་ལངས་པ་དང་དེ་ནས་སྒོ་ཐེམ་བརྒལ་ནས་སྒོ་ལ་ཟྭ་བརྒྱབས་ཤིང་ངག་ནས“ལས་སྟངས་དེ་རེད།”ཅེས་སྨྲས། ཁོ་ཤར་ཕྱོགས་སུ་འགྲོ་མགོ་བརྩམགས་ཤིང་བཙོན་པས་རྗེས་སུ་བསྙེགས། འོན་ཀྱང་སློབ་ཁང་དང་ཐག་མི་རིང་བའི་ས་ན་ཐོན་དུས་ཁོས་རྒྱབ་ཕྱོགས་ནས་སྒྲ་ཕྲ་མོ་ཞིག་ཐོས་པའི་སྣང་བ་བྱུང་ཞིང་། སླར་རྐང་རྗེས་དེད་དེ་ཕྱིར་སོང་ནས་ཁང་པའི་མཐའ་འཁོར་ན་བརྟག་དུས་དེར་མི་གཅིག་ཀྱང་མ་མཆིས། ཨ་རབ་ཀྱིས་ཅི་ཡིན་དོན་མི་རྟོགས་པ་ལྟར་ཁོ་ལ་བལྟས་ནས་འདུག དྷོ་རོས་“འགྲོ”ཞེས་སྨྲས་ཏེ་ལམ་དུ་ཆས།
ཁོ་གཉིས་ཆུ་ཚོད་གཅིག་ལ་གོམ་པ་བརྒྱབས་ཏེ་ཕྱིན་པ་དང་བྲག་གདོང་རྣོ་བོ་ཞིག་གི་གཞོགས་སུ་ངལ་གསོས། ཁ་བ་མགྱོགས་མྱུར་གྱིས་བཞུ་བཞིན་མཆིས་ལ། ཉི་མས་སྐད་ཅིག་ཉིད་ལ་འདམ་ཆུའི་ལྟེང་ཀ་རྣམས་འཇིབ་སྟེ་མཐོ་སྒང་དེ་གཙང་བཟོ་བྱེད་ཀྱིན་འདུག་པ་མ་ཟད། མཐོ་སྒང་དེའང་རིམ་གྱིས་སྐམ་པོར་གྱུར་ནས་མཁའ་རླུང་ལྟར་གཡོ་བཞིན་གདའ། ཁོ་གཉིས་སླར་ཡང་འགྲོ་མགོ་བརྩམས་པ་ན་རྐང་མཐིལ་རྡོ་ཡི་ཐང་སྟིང་དུ་བརྡར་བའི་“ཙིར་སྒྲ”གྲགས་ཤིང་། བྱ་ཞིག་ཡང་ཡང་ཁོ་གཉིས་ཀྱི་མདུན་གྱི་མཁའ་དབྱིངས་སུ་འཕུར་ཏེ་སྐད་སྙན་བསྒྲགས། དྷོ་རོས་ཞོགས་པའི་ཉི་འོད་སོས་པོ་ཤུགས་ཀྱིས་བརྔུབས་པ་དང་། རང་ལ་རྒྱུས་མངའ་ཆེ་ཞིང་མུ་མཐའ་བྲལ་བའི་ཐང་སྟོང་དེའི་མདུན་དུ་དགའ་བདེ་ཚོར་སྣང་ཞིག་སྐྱེས་བྱུང་སྟེ། ད་ལྟ་དེ་ནི་ནམ་མཁའ་སྔོན་པོའི་རྒྱ་ཕིབས་འོག་ཏུ་སེར་ཤིག་གེར་སྣང་། ཁོ་གཉིས་སླར་ཡང་ཆུ་ཚོད་གཅིག་ལ་གོམ་པ་བརྒྱབས་ཏེ་ལྷོ་ཡི་ཕྱོགས་སུ་མར་བབས་པ་ན་སྙི་ཞིང་ཉིལ་སླ་བའི་བྲག་གི་དེའུ་འབུར་ཞིག་གི་སྒང་དུ་ཐོན། དེ་ནས་མཐོ་སྒང་དེ་ཤར་ལྷོའི་ཕྱོགས་སུ་ཐུར་དུ་བབས་ནས་ཕྲ་ཞིང་རིང་བའི་ལྗོན་ཤིང་ཐར་ཐོར་སྐྱེས་པའི་ཐང་སྟོང་དམའ་མོ་ཞིག་ལ་ཐུག་འདུག་པ་དང་། ལྷོ་ཕྱོགས་ན་འབུར་དུ་དོན་པའི་བྲག་རྡོ་དེ་དག་གིས་ཡུལ་ལྗོངས་ཀྱི་བཀོད་པར་རྙོག་ཟིང་གི་རྣམ་པ་ཞིག་བསྣན་འདུག
དྷོ་རོས་ཕྱོགས་གཉིས་ལ་མིག་བཤེར་བྱས་པ་དང་། གནམ་སའི་འདྲེས་མཚམས་ཀྱི་ནམ་མཁའ་མ་གཏོགས་ཅི་ཡང་མི་འདུག་སྟེ། མི་མཐེ་བོང་ཙམ་ཞིག་ཀྱང་མཐོང་བའི་ཡུལ་དུ་མ་མཆིས། ཁོ་ཨ་རབ་ཀྱི་ཕྱོགས་སུ་འཁོར་བ་ན་ཁོས་རང་ཉིད་ལ་ཅེར་རེར་ལྟ་བཞིན་འདུག དྷོ་རོས་ཐུམ་སྒྲིལ་དེ་ཁོ་ལ་བསྲིངས་ཏེ“འདི་ཁྱེར”ཞེས་སྨྲས། “ནང་དུ་ཁམ་བུ་དང་། བག་ལེབ། ཁ་ར་ཡོད། འདིས་ཁྱོད་ལ་ཉིན་གཉིས་རིང་འདང་ངེས། ད་དུང་འདིར་སྒོར་མོ་སྟོང་གཅིག་ཡོད།” ཨ་རབ་ཀྱིས་སྒོར་མོ་དང་ཐུམ་སྒྲིལ་དེ་བླངས་རུང་ཁོས་རང་ལ་སྟེར་བའི་ཅ་དངོས་དེས་ཅི་ཞིག་བྱ་དགོས་པ་མ་རྟོགས་བ་ལྟར་ཐུམ་སྒྲིལ་དང་སྒོར་མོ་བཟུང་བའི་ལག་པ་བྲང་ཁའི་ཐད་དུ་ཉར་ནས་བསྡད། “ད་ནི་ཁྱོད་ཀྱིས་ལྟོས་ཨ”དགེ་རྒན་གྱིས་ཤར་ཕྱོགས་སུ་མཛུབ་མོ་འཛུགས་བཞིན་བཤད་རྒྱུར། “དེ་ན་་ཊིན་གྷ་ཏཱ་རུ་འགྲོ་སའི་ལམ་ཡོད་ལ་ཆུ་ཚོད་གཉིས་ཀྱི་གོམ་ལམ་རེད། ཊིན་གྷ་ཏཱ་རུ་ཁྱོད་ཀྱིས་སྲིད་གཞུང་དང་ཉེན་རྟོག་པ་རྙེད་ངེས། ཁོ་ཚོས་ཁྱོད་བསྒུགས་ནས་བསྡད་ཡོད།” ཨ་རབ་ཀྱིས་ཤར་ཕྱོགས་སུ་བལྟས་པ་དང་ཁོས་ད་དུང་ཡང་ཐུམ་སྒྲིལ་དང་སྒོར་མོ་དེ་བྲང་ཁར་སྦྱར་ནས་བཟུང་འདུག དྷོ་རོས་ཨ་རབ་ཀྱི་གྲུ་མོ་ནས་བཟུང་སྟེ་ཅུང་བཙན་ཤེད་ཀྱིས་ཁོ་ལྷོ་རུ་བསྐོར་བ་ན། ཁོ་གཉིས་ལངས་སའི་དེའུ་འབུར་དེའི་ཞབས་ན་གསལ་ལ་མི་གསལ་བའི་ལམ་ཞིག་མཐོང་ཐུབ། “དེ་ནི་མཐོ་སྒང་འདི་ཕྲད་དུ་རྒལ་སའི་རྐང་ལམ་རེད། འདི་ནས་ཉིན་གཅིག་ལ་གོམ་པ་བརྒྱབས་ན་རྩ་ཐང་དང་འབྲོག་པ་ཐོག་མ་་དང་འཕྲད་ངེས། ཁོང་ཚོའི་ལུགས་སྲོལ་བཞིན་ཁོ་ཚོས་ཁྱོད་ནང་དུ་ཁྲིད་དེ་གནས་ཚང་གཡོར་ངེས་རེད” ཨ་རབ་དྷོ་རོའི་ཕྱོགས་སུ་འཁོར་བ་དང་ཁོའི་རྣམ་འགྱུར་ཁྲོད་དུ་འཇིགས་སྣང་གིས་ཁེངས་འདུག དྷོ་རོས་མགོ་བོ་གཡུགས་ཏེ་ན་རེ། “ཉོན་ཨ།མིན། སྐད་ཆ་བཤད་མི་དགོས། ད་ནི་ངས་ཁྱོད་རང་སྐྱུར་རྒྱུ་ཡིན།” དྷོ་རོས་ཁོ་ལ་རྒྱབ་བསྟན་ནས་སློབ་གྲྭའི་ཕྱོགས་སུ་གོམ་པ་ཆེན་པོ་གཉིས་སྤོས་རྗེས། སོམ་ཉིའི་ངང་འགུལ་ཙམ་ཡང་མི་བྱེད་པར་ལངས་པའི་ཨ་རབ་ལ་བལྟས་ཏེ་སླར་ཡང་འགྲོ་མགོ་བརྩམས་། སྐར་མ་འགའ་ལ་ཁོས་ས་འཁྱག་སྟེང་གི་སོ་སོའི་རྡོག་སྒྲ་ལས་ཅི་ཡང་མ་ཐོས་ལ་ཕྱིར་ལྟས་ཀྱང་མ་བྱས། འོན་ཏེ་ཡུད་ཙམ་གྱི་རྗེས་སུ་ཁོ་ཕྱིར་འཁོར་བ་ན། ཨ་རབ་ད་དུང་ཡང་དེའུ་འབུར་དེའི་སྒང་དུ་ལངས་འདུག ཁོས་ལག་པ་ཕྲག་པ་གཡས་གཡོན་ནས་བསྣར་ཏེ་དགེ་རྒན་ལ་བལྟས་འདུག དྷོ་རོའི་མིད་པ་ནས་ཅི་ཞིག་ཡར་ཐོན་བཞིན་པའི་ཚོར་སྣང་བྱུང་རུང་། ཁོས་བཙན་གྱིས་ཕྱིར་མིད་དེ་ལག་གཡུག་ཕྲན་བུ་ཞིག་བྱས་ནས་སླར་ལམ་དུ་ཆས། ཁོས་སླར་ཡང་འགྲོ་མཚམས་བཞག་སྟེ་ཕྱིར་ལྟས་བྱེད་དུས་བར་ཐག་གང་འཚམ་བརྒལ་ཟིན་པ་དང་། ད་ནི་དེའི་འབུར་ཐོག་ཏུ་མི་གཅིག་ཀྱང་མ་མཆིས།
དྷོ་རོ་སུམ་ཉིའི་ངང་ཕྲན་ཙམ་ལངས་ནས་བསྡད། ད་ནི་ཉི་མ་ནམ་མཁའི་དཀྱིལ་དུ་གང་འཚམ་འཕགས་འདུག་པ་དང་ཉི་འོད་ཐད་ཀར་ཁོའི་མགོ་ཐོག་ཏུ་ཕོག་པའི་མགོ་རྩོམ་བཞིན་འདུག དགེ་རྒན་གྱིས་རང་གི་རྐང་རྗེས་དེེད་དེ་སླར་དེའུ་འབུར་གྱི་ཕྱོགས་སུ་ལོག ཐོག་མར་ཅུང་ཐེ་ཚོམ་ངང་དང་དེ་ནས་ཐག་གཅོད་གཙང་བཅད་ཀྱིས་ལོག ཁོ་དེའུ་འབུར་གྱི་མཚམས་སུ་སླེབས་དུས་ལུས་ཡོངས་རྔུལ་ཆུས་བརླན་འདུག་ལ། མགྱོགས་ཚད་ཅི་ཡོད་ཀྱིས་དེའུ་འབུར་དེ་འཛེགས་ཏེ་རྩེ་མོར་འབྱོར་བ་ན་དབུགས་ཀྱང་ཧལ་ཧལ་དུ་གྱུར། ལྷོ་ཕྱོགས་ན་ཡོད་པའི་བྲག་རྡོ་དེ་ནམ་མཁའ་སྔོན་པོའི་ཐད་དུ་ཀེར་རེར་ལངས་ནས་འདུག འོན་ཀྱང་ཤར་ཕྱོགས་སུ་ཡོད་པའི་ཐང་གཞུང་དེ་ནས་སྐྱ་སུབ་སུབ་ཀྱི་རླངས་པ་ཞིག་ལང་བཞིན་མཆིས། སེམས་ཕམ་པ་ཞིག་ལ་དྷོ་རོས་རླངས་ཞག་སྲབ་མོ་དེའི་ཁྲོད་ནས་ཨ་རབ་ཀྱིས་བཙོན་ཁང་ལ་ཟུགས་པའི་ལམ་བུ་དེེད་དེ་འགྲོ་བཞིན་པ་མཐོང།
ཅུང་ཙམ་གྱི་རྗེས་སུ་སློབ་གྲྭའི་དགེ་རྒན་དེ་འཛིན་ཁང་གི་སྒེའུ་ཁུང་མདུན་དུ་ལངས་ནས་གསལ་ཞིང་འཇམ་པའི་ཉི་འོད་མཐོ་སྒང་ཧྲིལ་པོའི་ཐོག་ཏུ་འཕྲོས་པར་ལྟ་བཞིན་འདུག་རུང་ཁོས་དེ་ཧ་ལམ་མཐོང་མི་ཐུབ། ཁོའི་རྒྱབ་ཀྱི་ནག་པང་ཐོག་ཏུ་བྲིས་པའི་གྱ་གྱུར་རྒྱུ་བའི་ཧྥ་རན་སིའི་གཙང་པོ་བཞིའི་བར་གསེང་ན་ཧ་ཅང་བཙོག་པའི་ཚིག་འབྲུ་འགའ་ས་སྨྱུག་གིས་ཕར་ཐེན་ཚུར་ཐེན་བྱས་འདུག་པ་ནི་འདི་ལྟར་ཏེ། “ཁྱོད་ཀྱིས་ང་ཚོའི་སྤུན་ཟླ་རྩིས་སྤྲོད་བྱས་སོང་བས། སྐྱིན་ཚབ་འཇལ་དགོས།” དྷོ་རོ་དེ་ལྟར་ལངས་ཏེ་་ནམ་མཁའ་ལ་བལྟས་ཤིང་དེ་ནས་མཐོ་སྒང་དང་དེའི་རྒྱབ་ཀྱི་མི་མངོན་ཡང་ཤར་རེར་རྒྱ་མཚོ་ཆེན་པོར་ཐུག་པའི་ས་གཞི་ལ་རྒྱང་ལྟ་བྱས། ཁོས་ཤིན་ཏུ་བརྩེ་ཞིང་དུངས་བའི་ཡུལ་ལྗོངས་ཆེན་པོ་འདིའི་ནང་དུ་ཁོ་རང་ཁེར་རྐྱང་དུ་ལུས་འདུག།།།
༢༠༡༥།༡༡།༡༦ཉིན།
རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།
ཨལ་བྷར་ཏྲི-ཁོ་མ་སི་(Albert Camus)ནི། ༡༩༡༣ལོར་ཨལ་ཇི་རི་ཡ(Algeria)ན་ཞིང་ལས་བྱེད་མཁན་ཞིག་གི་བུ་རུ་འཁྲུངས་ཤིང་། ཁོང་གིས་བརྩམས་སྒྲུང་ཕལ་ཆེ་བའི་འབྲི་གཞི་དེ་ཨལ་ཇི་རི་ཡ་བཞག་ཡོད། ཁོང་གི་ཨ་ཕ་འཛམ་གླིང་དམག་ཆེན་དང་པོའི་ནང་རྐྱེན་ལམ་དུ་ཤོར་ཞིང། ཁོང་དབུལ་ཕོངས་ཀྱིས་གཟིར་བའི་ཁོར་ཡུག་ནང་འཚར་ལོང་བྱུང་། ཁོང་གི་རིག་སྟོབས་ལ་བརྟེན་ནས་ཁོང་ལ་གཞུང་གི་སློབ་འབྲེང་གི་སློབ་ཡོན་ཐོབ་པ་དང་། ཁོང་ཨལ་ཇི་རི་ཡ་སློབ་ཆེན་དུ་ཞུགས་དུས། མཚན་ཉིད་རིག་པ་བ་ཞིག་བྱས་ནས་མི་ཚེའི་བྱ་གཞག་གི་མགོ་བརྩམས། ཁོ་མ་སི་ནི། འཚོ་སྡོད་རིང་ལུགས་པ་(existentailism)ཞེས་པའི་མཚན་ཉིད་རིག་པའི་དཔུང་ཁག་ཆེན་པོ་དེའི་གལ་འགངས་ཆེ་ཤོས་ཀྱི་བསམ་བློ་བ་དང་རྩོམ་པ་པོ་རྣམས་ཀྱི་ཁྲོད་ནས་གཅིག་ཡིན་སྟབས། དེང་རབས་ཀྱི་བསམ་བློར་ཤུགས་རྐྱེན་གཏིང་ཟབ་བཞག་ཡོད། ཁོང་ལ་ཁ་གསལ་ཞིང་གོ་བདེ་བའི་སྲོལ་རྒྱུན་ལྷུག་རྩོམ་འབྲི་བའི་ནུས་རྩལ་ལྡན་པས། ཁོང་གིས་མི་ཚེ་དང་དེང་རབས་མི་ལ་བཟུང་བའི་ལྟ་བ་རྣམས་ལྷུག་རྩོམ་དང་། ཟློས་གར། སྒྲུང་རིང་། སྒྲུང་ཐུང་བཅས་ཀྱི་ནང་བརྗོད་ཡོད། ཁོང་གིས་བརྩམས་པའི་<<སི་སི་ཧྥིན་གྱི་ལྷ་སྒྲུང་།>>ནི་ཁོང་གི་ཐོག་མའི་ལྟ་གྲུབ་ཡིན་པ་མ་ཟད། ཁོང་གི་ཕུལ་བྱུང་སྒྲུང་རིང་སྟེ<<མི་རྒྱུས་མེད>>ཀྱི་འགྲེལ་བཤད་ལེགས་པོ་ཞིག་ཀྱང་ཡིན། ཁོང་གིས་དམག་འཁྲུག་སྔོན་དུ་བརྩམས་པའི་སྒྲུང་རིང<<ནད་ཡམས>>ཞེས་པ་ལ་བརྟེན་ནས་ཨ་རི་བ་ཚོས་ཐོག་མར་ཁོང་ལ་དོ་སྣང་སྤྲད་ལ། ཁོང་གི་བརྩམས་ཆོས་གསར་ཤོས་ཏེ<<བཙན་བྱོལ་དང་ཉམས་གུད།>>དང་། <<ཞིང་ཁམས།>>གཉིས་ཀྱིས་རྒྱལ་སྤྱིའི་དོ་སྣང་བཀུག་ཡོད། ༡༩༥༧ལོར་ཁོ་མ་སི་ལ་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་ཐོབ་དུས། ཁོང་་དགུང་ལོ་བཞི་བཅུའི་སྟོད་དུ་ཡོད་ཅིང་། གཟེངས་རྟགས་འདི་འཐོབ་མཁན་གྱི་རྩོམ་པ་པོ་དགུང་ལོ་ཆེས་ཆུང་ཤོས་ཁྲོད་ཀྱི་གཅིག་ཡིན།།