རྩོམ་པ་པོ་ཤེས་རབ་དར་རྒྱས།
༼རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་འཕྲིན་དུ་མ་ཟུར་ཙམ་གླེང་བ༽ཞེས་པ་ནས་ཟུར་འདོན་ཞུས་པ་ཡིན།
“མང་གཙོ་”ནས་“དམངས་གཙོ”ར་བསྒྱུར་བའི་ཚུལ།
དེ་ལ་འདིར་ཐོག་མར། བོད་ལུགས་སུ་དགུང་གྲངས་བཅུ་དྲུག་དང་ཕྱི་ལུགས་ལྟར་ན་བཅོ་ལྔར་ཕེབས་མཚམས་ལུགས་གཉིས་ཀྱི་འགན་དབང་དངོས་སུ་བཞེས་སྐབས། རྨ་བརྒྱ་བུག་སྟོང་དུ་གྱུར་པའི་བོད་ཀྱི་སྣོད་བཅུད་བསྟན་སྲིད་དང་བཅས་པ་རྒྱ་ལག་ཏུ་འཆོར་མགོ་ཚུགས་པའི་ཚུལ་དང་། མགོན་པོ་མཆོག་ནས། “ལྷ་སར་དྲག་གནོན་བྱས་རྗེས་མའོ་ཙེ་ཏུང་གིས་པེ་ཅིན་ནས་ཏཱ་ལའི་བླ་མར་ཅི་བྱས་རྩད་གཅོད་བྱས་པར། དེའི་ལན་དུ་ཏཱ་ལའི་བླ་མ་བྲོས་ནས་ཤོར་འདུག་ཅེས་བཤད་པར་བརྟེན། མའོ་ནས། འོ་ན། ང་ཚོའི་དམག་ལ་རྒྱལ་ཁ་ཐོབ་མེད་པར་ཕམ་པ་རེད་ཅེས་བཤད་པའི་གནས་ཚུལ་ཞིག་འདུག །”ཅེས་བཀའ་སྩལ་བའི་དོན།
བོད་ས་བཙན་གནོན་གྱི་གནས་བབ་ལ་གཞིགས་ཏེ་ཕྱི་ཡུལ་དུ་བོད་ཀྱི་སྲིད་ལུགས་རྒྱ་ཆེར་བསྐྱངས་ཤིང་རིམ་གྱིས་རྒྱལ་སྤྱིའི་གནས་བབ་ཅན་དུ་འཁྲིད་པར་མཛད་པ། མཐར་སྲིད་ལུགས་ཀྱི་འགན་དབང་རྩིས་སྤྲོད་ཀྱིས་དགའ་ལྡན་ཕོ་བྲང་གི་གཞུང་སྲིད་མཇུག་བསྒྲིལ་བར་མཛད་པ་བཅས་འདིར་དྲན་ཡུལ་དུ་འཇོག་རྒྱུ་གལ་ཆེ།
༡། བཤད་བྱ་དངོས།
བཤད་པར་བྱ་བ་དངོས་ནི། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐབས་སྣ་ཚོགས་ཀྱིས་བོད་ཀྱི་སྲིད་ལུགས་མང་གཙོ་ནས་དམངས་གཙོར་བསྒྱུར་བར་མཛད་པའི་ཚུལ་དེ་ཡིན་ལ། གནད་དོན་འདི་ད་ལྟའི་བར་སུས་ཀྱང་གསལ་བར་མ་གསུངས་ཤིང་མ་བཤད་ལ། ཡི་གེར་འཁོད་པའང་མཐོང་ཐོས་སུ་མ་གྱུར་པས་གསར་བཤད་དུ་འགྱུར་ངེས་ཡིན། དེ་ལྟ་ནའང་། མགོན་པོ་མཆོག་ནས་སྩལ་བའི་བཀའ་སློབ་ཕྱོགས་བསྒྲིགས་ཕྱག་དེབ་བཅུ་གཅིག་ཏུ་གསལ་བས་མཚོན་པའི་སྔ་ཕྱིའི་བཀའ་སློབ་ཁག་དང་། སྤྱི་ལོ་ 1961 ལོའི་རྩ་ཁྲིམས་སྙིང་དོན་དང་། 1963 ལོའི་རྩ་ཁྲིམས་ཀྱི་ཟིན་བྲིས་རྒྱས་པ། གསུམ་བཅུ་དུས་དྲན་གྱི་གསུང་བཤད། གྲོས་ཚོགས་ལ་སྩལ་བའི་གསུང་འཕྲིན་སོགས་མཇལ་ཞིང་། སྤྱི་འཐུས་ལྷན་ཚོགས་ཀྱིས་བཏོན་པའི་བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ་སོགས་བཀླགས་ཏེ་གུང་བསྒྲིགས་པ་ན། ད་གཟོད་ལོ་རྒྱུས་ཀྱི་འབབ་ས་དངོས་དེ། ཐག་གཅོད་མང་མོས་ལ་བརྟེན་པའི་མང་གཙོ་དང་། གཞུང་སྲིད་དམངས་ལ་དབང་བའི་དམངས་གཙོ་གཉིས་ཀྱི་སྟེང་དུ་བབས་འདུག་ཨང་སྙམ་པའི་ཚོར་བ་ཞིག་དབང་མེད་དུ་འབྱུང་ལ། དེ་དང་ལྷན་ཅིག་ཚུལ་དེ་ལྟར་དུ་བསམ་པའི་གདེང་དང་ཤོད་པའི་སྤོབས་པ་གཉིས་ཀ་དབང་མེད་དུ་བསྐྱེད་པར་ཡང་ཐེ་ཚོམ་མེད།
༢། བརྗོད་དོན་སྙིང་པོ།
<<བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ་>>ལས། “སྤྱི་ཚོགས་ཀྱི་ཐག་གཅོད་མང་མོས་ལ་བརྟེན་པའི་མང་གཙོའི་ལམ་སྲོལ་འདི་ཉིད་དུས་སྐབས་འདིར་ལེགས་ཤོས་སུ་སྣང་བས་”ཞེས་པ་ལྟར། སྤྱི་ལོ་ 1960 ནས་བོད་ཀྱི་སྲིད་ལུགས་“མང་གཙོ”ར་བསྒྱུར་བར་མཛད་པ་དང་། ༸གོང་ས་མཆོག་ནས་སྤྱི་ལོ་ 2011 ལོའི་ཆོ་འཕྲུལ་སྨོན་ལམ་སྐབས། “ད་དངོས་གནས་དམངས་གཙོ་མཚན་ཉིད་ཚང་བའམ་དམངས་གཙོའི་ངོ་བོ་ཡོངས་སུ་རྫོགས་པ་ཞིག་སྔ་འཕྱི་མ་གཏོགས་བྱེད་དགོས་པ་རེད་”ཅེས་བཀའ་སྩལ་བ་ལྟར། ལོ་དེ་གའི་ནང་སྲིད་ཕྱོགས་ཀྱི་འགན་དབང་ཡོངས་རྫོགས་དམངས་ཀྱིས་བདམས་པའི་མགོ་ཁྲིད་ལ་གནང་སྟེ་ཡང་དག་པའི་དམངས་གཙོ་དབུ་བརྙེས་པར་མཛད་པ་དེ་ཉིད་ཡིན། གཟུ་བོའི་བློ་ཅན་དག་ལ་ཞུ་བའི་སྤོབས་པ་ཅི་ཡང་མེད་ཀྱང་། ཀླན་ཀ་ཉིད་གྲོགས་སུ་སྟེན་པ་དག་ལ་ཞུ་བར་བྱ་བ་གཅིག་ཉིད་ཡོད་པ་ནི། འཆད་པར་འགྱུར་བའི་དམངས་དང་མང་གི་དོན་ནམ་དེ་དག་གི་སྤྱོད་སྒོ་སོགས་ནི། རྩོད་པ་བསྐྱར་གླེང་བྱེད་པ་ལྷུར་བླངས་པ་མིན་པར་གང་བརྗོད་པར་འདོད་པའི་དོན་ལ་ངེས་པ་ལྷག་པོར་སྐྱེད་པའི་ཡན་ལག་ཙམ་དུ་དམིགས་པ་དེ་ཡིན།
༣། འཕེལ་རིམ།
འདིར་འཕེལ་རིམ་དང་འབྲེལ་ཏེ་ཟུར་ཙམ་གླེང་བར་བྱ་སྟེ། དེ་ཡང་མགོན་པོ་མཆོག་ནས། “ཐོག་མར་ངོས་རང་བོད་ལ་ཡོད་པའི་སྐབས་ནས་རྭ་སྒྲེང་རྒྱལ་ཐོག་དང་། དེ་ནས་སྟག་བྲག་རིན་པོ་ཆེ་རྒྱལ་ཐོག་སྐབས་ངོས་ལ། གསར་འགྱུར་ཤོད་མཁན་ནི་གད་པའི་གྲས་རྣམས་རེད། རྒྱལ་པོས་དྲང་པོ་མ་བྱས་པ་དང་། འོག་གི་ཕྱག་མཛོད་དེ་དག་གིས་མགོ་འདྲེན་བཏང་བའི་ལོ་རྒྱུས་མང་པོ་ཤོད་ཀྱིན་འདུག །ཁྲིམས་ཀྱི་དབང་བསྒྱུར་དང་མང་གཙོའི་སྟེང་དུ་མ་ཕྱིན་པར་མི་རེ་དབང་འཛིན་པ་ཆགས་ཡོད། རྭ་སྒྲེང་རིན་པོ་ཆེ་བླ་མ་བསམ་གྱིས་མི་ཁྱབ་པ་རེད། [རྒྱལ་བ་]སྐུ་གོང་མས་ངེས་པ་རྙེད་པའི་ཐོག་ནས་ངོས་འཛིན་གནང་བ་ཞིག་རེད་འདུག །དེ་བཞིན་སྟག་བྲག་རིན་པོ་ཆེ་ཡང་བསམ་གྱིས་མི་ཁྱབ་པ་རེད། ངོས་ཀྱིས་ཆོས་མང་པོ་ཞུས་ཡོད། འོན་ཀྱང་། འགྲོ་སྟངས་དེ་དག་ལ་ནོར་འཁྲུལ་ཡོད་པར་ངོས་ཀྱིས་དེ་དུས་ནས་ཤེས་ཀྱིན་ཡོད།” ཅེས་སོགས་གསུངས་པ་ནི་གཞུང་སྲིད་བཅོས་བསྒྱུར་མཛད་པའི་རྐྱེན་རྩ་ཐོག་མ་ལྟ་བུ་སྟེ་དེ་ལས་ཤེས་ཐུབ་པ་ནི། དགུང་ན་མ་སོན་གོང་ནས་དམངས་གཙོར་བསྒྱུར་བའི་དགོངས་བཞེད་འཁྲུངས་ཟིན་པ་དེ་ཡིན།
སྤྱི་ལོ་ 1952 ལོར་བོད་དུ་ལེགས་བཅོས་ལས་ཁུངས་གསར་འཛུགས་དང་། སྤྱི་ལོ་ 1954 ལོར་ལེགས་བཅོས་ལས་གཞི་རྒྱ་བསྐྱེད་ཀྱིས་<<སྤྱི་སྒྲིགས་རྩ་འཛིན་>>ཞེས་པ་དོན་ཚན་ལྔ་ཅན་གསར་བཟོ་ལག་བསྟར་དང་། ལོ་དེ་གའི་ལོ་མཇུག་ཙམ་ལ་གྱོད་ཞིབ་ལས་ཁུངས་གསར་འཛུགས་བསྐྱངས། སྤྱི་ལོ་ 1959 ཟླ་བ་ 4 ཚེས་ 25 ཉིན་བཞུགས་སྒར་རྙིང་པ་མ་སུ་རིར་ལྷན་ཁང་ཁག་གསར་འཛུགས་གཏན་འབེབས་གནང་སྟེ། ལོ་དེ་གའི་ཟླ་བ་ 6 ཚེས་ 15 ཉིན་སློབ་ཕྲུག་ཚོར་“ལུགས་གཉིས་ནི་ཆོས་ཀྱི་ལུགས་དང་སྲིད་ཀྱི་ལུགས་གཉིས་ལ་ཟེར། ཟུང་འབྲེལ་ནི་ཆོས་སྲིད་ཀྱི་ལུགས་གཉིས་པོ་དེ་ཡ་མ་བྲལ་བར་འཛིན་སྐྱོང་བྱེད་པའི་དོན་ཡིན།” ཞེས་སོགས་བཀའ་སྩལ་བ་ལྟར། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྲིད་གཉིས་ལྡན་གྱི་སྲོལ་ཀ་སྙིང་པོར་མཛད་དེ། སྤྱི་ལོ་ 1960 ཟླ་བ་ 9 ཚེས་ 2 ཉིན་དམངས་གཙོའི་ཆ་ལག་ཅི་མང་འབུར་དོད་དུ་གསལ་བའི་སྲིད་གཞུང་གསར་པ་དབུ་བརྙེས་པར་མཛད། དེ་ནི་བོད་ཀྱི་སྲིད་ལུགས་དངོས་སུ་“མང་གཙོ”འི་ལམ་དུ་བསྒྱུར་བའི་དུས་སྐབས་ཐོག་མ་དེ་ཡིན། འདི་ནི་<<བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ་>>རུ། “ཕ་བརྒྱུད་བུ་འཛིན་གྱི་ལམ་ལུགས་དོར་ཏེ་ཆོས་སྲིད་གཉིས་ལྡན་གྱི་བོད་(དམངས་)མང་གཙོའི་གཞུང་ཡོངས་སུ་དབུ་བརྙེས་པའོ།།” ཞེས་གུག་རྟགས་སུ་དམངས་བཅུག་སྟེ་བྲིས་འདུག་པ་དེ་ཡིན།
སྤྱི་ལོ་ 1961 ལོའི་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་བསྡུས་དང་སྤྱི་ལོ་ 1963 ལོའི་རྩ་ཁྲིམས་ཀྱི་ཟིན་བྲིས་རྒྱས་པ། སྤྱི་ལོ་ 1969 ལོའི་གསུམ་བཅུ་དུས་དྲན་གྱི་གསུང་བཤད་སོགས་ཏེ་མདོར་ན། གཞུང་འབྲེལ་གྱི་ཡིག་ཆ་དང་བཀའ་སློབ་དུ་མར་མགོན་པོ་མཆོག་གི་སྐུ་དབང་ལ་འགྱུར་ལྡོག་ངེས་པར་དུ་འགྲོ་སྲིད་པ་དང་འགྲོ་དགོས་པའི་ཚུལ་སོགས་དངོས་བརྒྱུད་ཅི་རིགས་ནས་བཀའ་སྩལ། དེ་ནི་“མང་གཙོ་”ནས་“དམངས་གཙོ”ལམ་དུ་འཁྲིད་པའི་བརྒྱུད་རིམ་གྱི་སྟོད་ཆ་དང་། སྤྱི་ལོ་ 1977 ཟླ་བ་ 3 ཚེས་ 21 ཉིན་བོད་གཞུང་གི་ལོ་འཁོར་ལས་བསྡོམས་ཐེངས་བརྒྱད་པའི་སྟེང་། “གལ་སྲིད་ངོས་ཀྱི་རོགས་པར་མི་ཞིག་བསྐོ་རྒྱུ་བྱས་པ་ཡིན་ན། རྒྱལ་བ་རིན་པོ་ཆེ་གཉིས་པ་ཐོན་ཏེ་རྐང་འགན་འཁུར་མཁན་དེ། གཅིག་བྱས་ན། འོས་བསྡུ་མང་ཉུང་གི་ཐོག་ནས་ཡོང་མཁན་ཞིག་བྱུང་བ་ཡིན་ན། འདྲ་ཆགས་པོ་ཞིག་མི་ཡོང་ངམ་སྙམ་པ་དེ་འདྲའི་བསམ་བློ་འཁོར་བྱུང་།” ཞེས་སོགས་ཕྱག་རོགས་སུ་སྲིད་བློན་ལྟ་བུ་ཞིག་དགོས་པའི་ཚུལ་བཀའ་སྩལ་བ་དང་། དེ་ནས་ཀྱང་མུ་མཐུད་དེ་ལྟ་བུའི་བཀའ་གསུང་ཡོངས་ཁྱབ་ཏུ་སྩལ་བ་ནི། ཡང་དག་པའི་དམངས་གཙོའི་ལམ་དུ་འཁྲིད་པར་མཛད་པའི་བར་གྱི་ཆ་ཡིན་ཞེས་བརྗོད་ཆོག།།
སྤྱི་ལོ་ 1991 ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་སོགས་ཀྱིས་གང་ཅིར་བཅོས་སྒྱུར་གཏོང་ཚབས་ཆེར་བསྐྱེད་གནང་སྟེ། སྤྱི་ལོ་ 1996 ཟླ་བ་ 2 ཚེས་ 2 ཉིན་སྤྱི་འཐུས་གྲོས་ཚོགས་སུ། “ཆེ་སའི་ཐོག་ལ་རྒྱལ་བ་རིན་པོ་ཆེའི་མིང་གི་རྗེས་འབྲེལ་གྱི་ཐོག་ནས་སྐབས་བབ་ཡོད་པ་རྣམས་ངོས་ཀྱིས་མི་བྱེད་རང་བྱེད་རེད། དེ་མིན་སྒྲིག་འཛུགས་ཀྱི་ཐོག་ནས་ལས་འགན་ཇི་ཙམ་མང་བ་ཁྱེར་ན། ངོས་གནས་བཟོས་བདེ་བ་ཡོང་བ་དང་། གཉིས་ནས་མང་གཙོའི་འགྲོ་སྟངས་ཀྱི་ཐོག་ནས་མང་ཚོགས་རང་ནས་ནུས་པ་བཏོན། སྒྲིག་འཛུགས་ཀྱི་ཐོག་ནས་ལས་འགན་ཆ་ཚང་འཁྱེར་རྒྱུ་བྱུང་ན་དགེ་མཚན་ཆེ་བ་ཡོད།” ཅེས་སོགས་གསུངས་ཏེ་བསྒྱུར་བཅོས་ཀྱི་ཐབས་ལམ་སྣ་ཚོགས་སྟོན་པར་མཛད་མཐར། སྤྱི་ལོ་ 2001 ལོར་བཀའ་བློན་ཁྲི་པ་མི་དམངས་ཀྱིས་འདེམས་པའི་ལམ་སྲོལ་མཛད་ཅིང་མགོན་པོ་མཆོག་“ཕྱེད་བགྲེས་ཡོལ་”དུ་ཕེབས་པའི་ཚུལ་ཡོངས་བསྒྲགས་གནང་བ་ནི། དམངས་གཙོའི་ལམ་དུ་འཁྲིད་པར་མཛད་པའི་དུས་སྐབས་ཆེས་གནད་ཅན་ཞིག་སྟེ་སྨད་ཀྱི་ཆར་ངོས་འཛིན་ཞུས་ཆོག །
དེ་ལྟར་བོད་གངས་ཅན་ལྗོངས་སུ་མི་ལོ་དགུའི་རིང་ཕྱི་ནང་གི་མཛད་དཀའ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་མུར་ཆོས་སྲིད་ཀྱི་མཛད་པ་རྒྱ་ཆེར་བསྐྱངས་ཤིང་། བཙན་བྱོལ་དུ་མི་ལོ་ལྔ་བཅུ་ང་གཉིས་ཙམ་གྱི་རིང་ཉིན་མཚན་ཁོར་མོ་ཡུག་ཏུ་སྐུ་ངལ་འཛེམ་མེད་ཀྱིས་བོད་གངས་ཅན་པ་རྣམས་བདེ་ནས་བདེ་བ་དང་བརྟན་ནས་བརྟན་པར་འཁྲིད་པའི་ཐབས་ཚུལ་སྣ་ཚོགས་བདག་གིར་བཞེས་མཐར། སྤྱི་ལོ་ 2011 ལོར་སྲིད་ཕྱོགས་ཀྱི་སྐུ་དབང་མ་ལུས་པ་དམངས་ཀྱིས་བདམས་པའི་དབུ་ཁྲིད་ལ་རྩིས་སྤྲོད་གནང་སྟེ། མི་ལོ་སུམ་བརྒྱ་བདུན་ཅུའི་རིང་གི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ལོ་རྒྱུས་ཆེན་པོར་ཐུགས་སྤོབས་དང་གཟི་བརྗིད་ཀྱིས་རྫོགས་ཚིག་བྲིས་ཤིང་། “ཡང་དག་པའི་དམངས་གཙོ”འི་ལོ་རྒྱུས་ཀྱི་ལེའུ་ཆེན་པོར་ཀླན་ཀ་བྲལ་བའི་དབུ་ཁྱུད་གསར་པ་ཞིག་འགོད་པར་མཛད་པ་ནི། སྐྱེ་བོ་སྤྱི་དང་ཁྱད་པར་དུ་འཛམ་གླིང་གི་སྲིད་ཀྱི་སྣེ་མོར་བཞེངས་པའི་སྲིད་དོན་པར་བསྙད་པ་དག་གིས་ཅི་བདེར་བྱར་མི་ཕོད་པའི་མཛད་པ་རླབས་ཆེན་ཞིག་སྟེ། དེ་ནི་ཡང་དག་པའི་དམངས་གཙོ་དངོས་སུ་དབུ་བརྙེས་པར་མཛད་པའི་དུས་སྐབས་ཁྱད་པར་ཅན་དེ་ཡིན། མདོར་ན། སྤྱི་ལོ་ 1960 ཟླ་བ་ 9 ཚེས་ 2 ནས་གཞུང་སྲིད་ཀྱི་སྐུ་དབང་ཡོངས་སུ་རྩིས་སྤྲོད་མ་གནང་བའི་བར་གྱི་སྲིད་ལུགས་ནི་བོད་ཀྱི་“མང་གཙོ་”དང་། སྤྱི་ལོ་ 2011 ཟླ་བ་ 8 ཚེས་ 8 ཉིན་སྐུ་དབང་རྩིས་སྤྲོད་དང་དམངས་ཀྱིས་བོད་མིའི་མགོ་ཁྲིད་ཐད་ཀར་འདེམས་པའི་ལམ་སྲོལ་བཏོད་པ་ནི་“དམངས་གཙོ་”ཡང་དག་པའི་ལུགས་སུ་བསྒྱུར་བའི་མཛད་པར་ངོས་འཛིན་ཞུ་དགོས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ལོ་རྒྱུས་ཉམས་ཞིབ་པ་རྣམས་དང་། རང་དབང་གི་ལོ་རྒྱུས་ཉམས་ཞིབ་པར་འབོད་པ་དག་གིས་ཀྱང་འཕེལ་རིམ་འདི་ལྟ་བུ་ལ་སྤྱན་རས་ལན་གཅིག་གཡོ་དགོས་པར་མཐོང་ངོ་།།
༤། མང་གཙོ་དང་དམངས་གཙོའི་ལམ་ལུགས།
གོང་དུ་བཤད་པའི་ལོ་རྒྱུས་ཀྱི་གནད་དོན་ལ་ངེས་ཤེས་འབྱུང་སླད་འདིར་གཡོལ་དུ་མི་རུང་བ་ཞིག་མིག་སྔར་ལྷག་པ་ནི། མང་གཙོ་དང་དམངས་གཙོའི་ལམ་ལུགས་གཉིས་ཅུང་ཟད་བཤད་རྒྱུ་དེ་རེད། ལར་ནས་དམངས་གཙོའི་ལམ་ལུགས་ལ་མང་གཙོ་ཡོད་དགོས་པ་སྨོས་མེད་ཡིན་ཡང་། མང་གཙོ་ལ་དམངས་གཙོ་ཡོད་པའི་ངེས་པ་མེད་པ་དང་། མང་གི་ལྡོག་ཕྱོགས་ཉུང་བ་དང་དམངས་ཀྱི་ལྡོག་ཕྱོགས་མཐོ་རིམ་པ་ཡིན་པའི་རྩ་བའི་གནས་ལུགས་འདི་རྟོགས་ན། འདིར་བཤད་པའི་དོན་ལ་བློ་དོགས་སྐྱེ་བའི་གནས་མེད། གང་ལྟར། མང་གཙོ་ནི་ཆེས་ཕལ་པའི་ཚུལ་གྱིས་བརྗོད་ན་“མང་ཁ་ཉུང་ལེན་”ཞེས་སྔར་ནས་བོད་མིར་ཤོད་སྲོལ་ཡོད་པ་དེ་ཡིན། དེ་ཡང་གཞུང་སྲིད་ལ་ཤུགས་རྐྱེན་སྟེར་བའི་ཐག་གཅོད་དང་གཏན་འབེབས་ཀྱི་རིགས་མཐའ་དག་ལ་སྤྱི་མོས་མ་བྱུང་ཚེ་ངེས་པར་དུ་མང་མོས་ལ་བརྟེན་དགོས་པས། ཉུང་བའི་མོས་འདུན་དེ་ཕལ་པའམ་ནུས་མེད་དུ་འགྱུར་བ་ཡིན། དེས་ན། མང་གཙོ་ལ་གཙོ་ཕལ་གྱི་རྣམ་པ་ཤིན་ཏུ་གསལ་དགོས་པ་ཆོས་ཉིད་ཡིན།
གཉིས་པ་དམངས་གཙོ་ཞེས་པ་ལ་འདི་ལྟར་ཤེས་པར་བྱ་སྟེ། སྲིད་ལུགས་གང་ཞིག་ཐོག་མར་དམངས་གཙོར་སྒྱུར་སྐབས་མཐོ་རིམ་དབང་འཛིན་པའི་མོས་འདུན་དང་དབང་ཤུགས་སོགས་ནུས་མེད་དམ་ཕལ་པར་བཞག་པ་དང་། དམངས་ཀྱི་འདོད་འདུན་ནམ་དགོས་དོན་དེ་གཙོ་བོར་བཞག་པས་གཙོ་ཕལ་གྱི་རྣམ་པ་ཡོད་པའི་ཞིབ་ཆ་འདོན་རུང་ཡང་། བསྒྱུར་བཅོས་ཟིན་པའི་ཉིན་མོ་དེ་ནས་སྔར་གྱི་མཐོ་རིམ་པ་རྣམས་ཀྱང་དམངས་ཀྱི་ཁོངས་སུ་བཅུག་ཟིན་པས་གཙོ་ཕལ་གྱི་རྣམ་གཞག་མེད། དུས་དེ་ནས་བཟུང་། མིའི་སེམས་ཁོང་གི་བག་ཆགས་དང་འདུ་ཤེས་འཛིན་སྟངས་ཇི་ལྟར་ཡིན་ཡང་། སྲིད་དོན་གྱི་ལྟ་བའི་ཐད་ནས་གྲལ་རིམ་གྱི་དབྱེ་བ་གཙང་སེལ་བྱས་ཟིན་པར་ངོས་འཛིན་བྱ་དགོས་ལ། ངོས་འཛིན་འདི་ནི་དམངས་གཙོ་ཡང་དག་པ་ཞིག་ཡོང་མིན་གྱི་འགག་རྩ་ཆེ་ས་ཞིག་ཀྱང་ཡིན། གང་ལྟར། གོང་དུ་བརྗོད་པའི་ཚུལ་དེ་དག་དཔྱིས་ཕྱིན་པར་ཤེས་དགོས་ན་ཕྱིར་ལྟས་ཐུང་ངུ་ཞིག་མི་བྱེད་ཀ་མེད་ཡིན་པས། འདིར་དམངས་གཙོའི་སྐད་དོད་“Democracy”ཞེས་པ་དེ་སླར་ཡང་གླེང་དགོས་བྱུང་། དེ་ཡང་ལོ་རྒྱུས་ཀྱི་འཕེལ་འགྱུར་དང་གནས་བབ་ཐ་དད་པ་སོགས་ཀྱི་དབང་གིས་ཐ་སྙད་དེའི་བསྟན་དོན་ལ་བརྐྱང་བསྐུམ་ཅུང་ཟད་རེ་འབྱུང་ཡང་། རྩ་བ་ཡར་དེད་ན་གྷི་རེའེ་ཟི་(Greece)ཡི་སྐད་དུ་“demokratia”ཞེས་པར་ཐུག་པར་བཤད་ཅིང་། དོན་ནི་“demos” ཞེས་པ་དམངས་དང་། kratia(kratos)ཞེས་པ་དབང་ཆ་དང་དབང་སྒྱུར་གཉིས་ཀར་གོ་བས། དབྱིན་སྐད་དུ་“rule of the people”ཞེས་པ་སྟེ་“དམངས་ཀྱི་དབང་སྒྱུར་ལམ་སྲོལ་”ཞེས་པའི་དོན་དུ་བཤད། དེའི་ཁ་གཏད་ནི། “aristokratia”ཞེས་པ་སྟེ། “aristos”ནི་ལེགས་ཤོས་ཏེ་མཐོ་རིམ་པའམ་དམར་རྗེན་དུ་བཤད་ན་སྐུ་དྲག་ལ་གོ་ཞིང་། “kratia”ཞེས་པ་གོང་ལྟར་ཡིན་པས་དོན་ནི་“rule of an elite”ཞེས་པ་སྟེ་“མཐོ་རིམ་དབང་སྒྱུར་ལམ་ལུགས་”ལ་བཤད། དེས་ན། དམངས་གཙོ་ནི་སྲིད་ལུགས་ཀྱི་ངོ་བོའམ་རྩ་དོན་ཏེ་གཞུང་དེ་ཉིད་དམངས་ལ་དབང་བའམ་དམངས་ཀྱི་དགོས་མཁོ་གཙོ་བོར་འཇོག་པ་དང། མང་(majority)གཙོ་བོ་ནི་ལམ་ལུགས་དེའི་ནང་དུ་ལག་ལེན་བྱེད་ཕྱོགས་གལ་གནད་ཆེ་ཤོས་ཏེ་མང་བའི་འདོད་འདུན་གཙོ་བོར་འཇོག་པ་དེ་རེད། བསྡུས་ཏེ་བརྗོད་ན། དང་པོ་ནི་སྲིད་ལུགས་ཀྱི་ངོ་བོའམ་རྩ་དོན་དང་། གཉིས་པ་ནི་རྩ་དོན་དེ་ཉིད་ལག་བསྟར་བྱེད་ཕྱོགས་ཏེ། འོས་བསྡུའི་ལམ་སྲོལ་གྱི་སྟེང་ནས་དམངས་གཙོའི་ངོ་བོ་སྲུང་སྐྱོབ་བྱེད་པའི་རྒྱུ་མཚན་ཡང་དེ་རེད།
༥། མང་དང་དམངས་ཀྱི་གོ་དོན།
མཚམས་འདིར་གཡོལ་དུ་མི་རུང་བ་གཞན་ཞིག་ཡོད་པ་ནི། མང་དང་དམངས་ཀྱི་གོ་དོན་གསལ་ཙམ་བཤད་རྒྱུ་དེ་རེད། བརྡ་སྤྲོད་རིག་པའི་སྟེང་ནས་བཤད་ན། “མང་”ནི་དངོས་པོ་གང་ཞིག་གི་འབོར་ཚད་སྟོན་བྱེད་དེ་རྒྱན་ཚིག་གམ་ཁྱད་ཆོས་བརྗོད་པའི་ཚིག་གི་ཁོངས་སུ་གཏོགས་ལ། “དམངས་”ནི་ཡུལ་མི་བྱིངས་འདུས་པའི་ཚོགས་པའམ་སྤྱི་སྟོན་པའི་མིང་རྐྱང་ངམ་ཁྱད་གཞི་ཙམ་བརྗོད་པའི་ཚིག་ཡིན། དེས་ན། དམངས་ཞེས་པ་དོན་གྱིས་ཇི་ལྟར་བྱུང་ངམ་སྙམ་ན། དེ་ཡང་བོད་ཀྱི་ཐ་སྙད་བཟོ་སྟངས་ལ་ཐབས་དང་སྒོ་དུ་མ་ཡོད་པའི་འགྲོས་ཤིག་ལས་བྱུང་བ་སྟེ། དཔེར་ན། གང་གིས་གང་ཞིག་འཇིགས་པའི་གནས་ལས་སྐྱོབ་པར་བྱེད་པ་ལ་“སྐྱབས་”ཞེས་དུས་ཀྱི་ཁྱད་པར་གསལ་བའི་བྱ་ཚིག་གཞན་གང་དང་ཡང་མ་འདྲེས་པར་མིང་རྐྱང་དུ་བཟོས་པ་ལྟ་བུ་ཡིན། འདིར་བཤད་པའི་“དམངས་”ཀྱང་འགྲོས་དེ་ལྟར་དུ་མང་བ་སྤྱིར་བཏང་བ་སྟོན་པ་“མང་”དང་། ཆེས་མང་བ་སྟོན་པ་“མངས་”ཞེས་པའི་རྒྱན་ཚིག་གཉིས་དང་མ་འདྲེས་པར་མིང་རྐྱང་དུ་གཏན་ལ་ཕབ། དེ་ཡང་ཡར་དེད་ན་སྐྱབས་ཞེས་པ་བྱ་ཚིག་“སྐྱོབ་”དང་འབྲེལ་ཞིང་། དམངས་ནི་རྒྱན་ཚིག་“མང་”ལ་ཐུག་ཡོད།
གོང་གསལ་བརྡ་སྤྲོད་ཀྱི་ལུགས་ལ་ངེས་པ་ཅུང་ཟད་བསྐྱེད་སླད་དཔེར་བརྗོད་གཞན་དུ་མ་ཞིག་འདིར་དཀྱུས་གཅིག་ཏུ་བཀོད་ན། ལམ་རྒྱགས་དང་རྒྱགས་ཕྱེ་ཟེར་བ་ལྟར་ལྟོ་བ་འགྲང་བ་སྟེ་རྒྱག་པར་བྱེད་པ་ལ་“རྒྱགས་”དང་། གང་ལ་བརྟེན་ནས་ཅི་ཞིག་རྟོགས་པར་བྱེད་པ་ལ་“རྟགས།” གང་གིས་ཅི་ཞིག་འཆིང་བར་བྱེད་པ་ལ་“ཆིངས་”དང་། འཆོས་པར་བྱེད་པ་ལ་“ཆོས་”ཞེས་དང་། དེ་བཞིན་དུ་ཁེ་སྤོགས་སྒྲུབ་པའི་བྱ་བའི་མིང་(བཙོང་། འཚོང་། བཙོངས། ཚོངས་)“ཚོང་།” འདེགས་པའམ་འགྱོག་པར་བྱེད་པའི་དངོས་པོའི་མིང་(འགྱོག །འགྱོག །བཀྱགས། ཁྱོགས།)“ཁྱོགས།” བྱིན་གྱིས་རློབ་པ་སྟེ་མཐུ་ནུས་ཀྱིས་སྒྱུར་བར་བྱེད་པའི་དོན་གྱི་(བརླབ། རློབ། བརླབས། རློབས།)“བྱིན་རླབས།” འཚག་པར་བྱེད་པའི་(བཙག།།འཚག །བཙགས། ཚོགས།)“ཆུ་ཚགས།” དཀྲུག་པའམ་སྲུབ་པར་བྱེད་པའི་(བསྲུབ། སྲུབ། བསྲུབས། སྲུབས)“ཡིད་སྲུབས།” འགྲིག་པའམ་སྒྲིག་པར་བྱེད་པའི་(བསྒྲིག །སྒྲིག །བསྒྲིགས། སྒྲིགས།)“ཁྲིམས་སྒྲིགས།” སྙོམ་པར་བྱེད་པའི་(བསྙམ། སྙོམ། བསྙམས། སྙོམས།)“བཏང་སྙོམས་”ལྟ་བུ་སྟེ། མིང་རྐྱང་འདི་དག་ལས་འགའ་ཞིག་མཁས་པ་རྣམས་ཀྱིས་སྐུལ་ཚིག་གིས་གྲུབ་ཅེས་པ་ཙམ་ལས་མ་གསུངས་ཀྱང་། དོན་གྱིས་དུས་སྟོན་པའི་ལས་ཚིག་གཞན་དང་མི་ནོར་བའི་སླད་དེ། བྱ་ཚིག་འགོག་གམ་འགེགས་ལས་བྱུང་བའི་གེགས་ཞེས་པའི་མིང་རྐྱང་ལ་བསམས་ནའང་ཤིན་ཏུ་གསལ། ད་དུང་རྟགས་མཚན་ལ་“ལྟས་”དང། བཟའ་བྱ་ལ་“ཟས་”ཟེར་བ་ལྟ་བུ་ཡོད་པ་ཡང་གོང་དུ་བཤད་པའི་འགྲོས་དེ་ལྟར་དུ་བྱས་པར་བསམ་དགོས་ཏེ། དེ་གཉིས་ཀྱང་ཡར་དེད་ན་བྱ་ཚིག་“ལྟ་”དང་“ཟ་”གཉིས་ལ་ཐུག་ཡོད། གཞན་ཡང་དཔེར་བརྗོད་དུ་མིང་རྐྱང་སྟེ། (བཏག།།འཐག།།བཏགས། འཐོགས་ལས་བྱུང་བ་)ཐགས། (དཔར། དཔར། དཔར། དཔོར་ལས་བྱུང་བ་)པར། (བཅིབ། འཆིབ། བཅིབས། ཆིབས་ལས་བྱུང་བ་)ཆིབས་པ་སོགས་མང་དུ་ཡོད། གང་ལྟར། མིང་རྐྱང་གྲུབ་སྟངས་ཀྱི་འགྲོས་འདི་ལྟ་བུ་མཁས་པའི་གསུང་སྒྲོས་ཐན་ཐུན་རེ་གོ་མྱོང་ཙམ་ལས་བརྡ་སྤྲོད་ཀྱི་གཞུང་དུ་ཞིབ་རྒྱས་སུ་བྲིས་པ་ད་བར་མིག་ལམ་དུ་མ་མངོན་པ་ནི་ཁོ་བོ་མཐོང་རྒྱ་ཆུངས་པས་ཡིན་སྲིད། འདི་ལས་འཕྲོས་པའི་བརྗོད་པར་བྱ་བ་མང་དུ་ཡོད་ཀྱང་སྐབས་དོན་ལས་འདའ་མི་རུང་བས་རེ་ཞིག་བཞག་གོ།
སྤྱི་ཚོགས་ཀྱི་ངོས་ཐད་ནས་གླེང་ན། ལམ་ལུགས་རྙིང་པ་རྣམས་སུ། དམངས་ནི་རྒྱལ་པོ་དང་གཙོ་བོའམ་རྗེ་བོ་སོགས་མཐོ་རིམ་པར་བརྗོད་པའི་ལྡོག་ཕྱོགས་ཏེ་དབང་བསྒྱུར་རམ་བསྐྱང་བྱའི་ཡུལ་ལ་གོ་བ་སྨོས་མེད་ཡིན། རྒྱུ་མཚན་དེའི་དབང་གིས། བྱང་ཆུབ་ལམ་གྱི་སྒྲོན་མ་དང་ལམ་རིམ་ཆེ་འབྲིང་སོགས་སུ། “ངེས་དོན་རྙེད་ནས་སྤྱོད་པ་དེ་དག་ལ་འཇུག་པ་ནི་རྒྱལ་པོ་དམངས་སུ་བབ་པའམ་གླང་པོ་རྙེད་ནས་གླང་པོའི་རྗེས་ཚོལ་བ་དང་འདྲ་བར་སྨྲའོ།།” ཞེས་པ་ལྟར་བསྟན་བཅོས་རྣམས་སུ་རྒྱལ་པོ་དང་དམངས་ཀྱི་ཐ་སྙད་ཡང་ཡང་འབྱུང་ལ། གཞན་དུའང་། རྒྱལ་པོ་དོ་ཧ་དང་། བཙུན་མོ་དོ་ཧ། དམངས་དོ་ཧ་ཞེས་གྲགས་པ་ལྟར། རྒྱལ་བཙུན་དམངས་གསུམ་མམ་རྒྱལ་བློན་དམངས་གསུམ་སོགས་ཀྱི་ཐ་སྙད་བོད་ཀྱི་སྐད་དུ་སྔར་ནས་གྲགས་ཤིང་ཁྱབ་གདལ་དུ་གྱུར་ཡོད། གཞན་ཡང་། ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས། “བྲག་རྩེར་ནོལ་ཐབས་བཀྱེ་བའི་ཚེ། འཇང་མང་པོ་བཀུམ་ནས། སྤྱན་ཆེན་པོ་ཉིང་རིམ་དང་། སྣ་ལ་གཐོགས་པ་དང་། དམངས་ཡན་ཆད་སུམ་བརྒྱའ་རྩ་བཅུ་གཉྀས་བཟུང་ནས།” ཞེས་དང་། རྒྱལ་བ་ན་རིམ་གྱི་རྣམ་ཐར་དུའང་“མི་དམངས་ལ་ཕྱག་དབང་གནང་བ་”ཞེས་དང་། “དབུས་གཙང་དམངས་མ་”ཞེས་སམ། “ཚོགས་པ་དམངས་”དང་“སོག་དམངས།” “འདུས་ཚོགས་དམངས།” “འགོ་དམངས།” “དཔོན་དམངས་”ཞེས་སོགས་མང་དུ་འབྱུང་བ་ལྟར་འཕགས་བོད་ཀྱི་ཡི་གེ་གསར་རྙིང་དག་ན་བགྲང་གིས་མི་ལང་བར་དྲང་དུ་ཡོད། འདི་དག་ནི་རིགས་བཞིའི་དམངས་རིགས་ཀྱི་དོན་དུ་འགྱུར་བའི་དམངས་མིན་ལ། ངན་པའི་དོན་ཅན་གྱི་དམངས་ནི་དེ་བས་ཀྱང་མིན།
༦། བོད་ཀྱི་སྲིད་ཁྲི་ལས་ཕབ་པའི་དམངས།
འོ་ན། དམངས་ཞེས་པ་དམན་པའི་དོན་ཅན་ཡིན་པས་ད་ལྟ་བཙན་བྱོལ་གྱི་ཡིག་ཆ་རྣམས་སུ་མང་ཁོ་ན་བྲིས་ཏེ། དམངས་ལ་རྒྱ་གར་གྱི་རིགས་བརྗོད་པའི་སྐབས་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་ལྟ་བུ་ཙམ་ལས་གོ་གནས་དང་ནུས་པ་ཅི་ཡང་མེད་པར་བྱས་འདུག་པ་ལ་ཁྱོད་ཅི་ཟེར་ཞེ་ན། སྔོན་དེ་ལ་མི་འཐད་པ་ཙམ་ལས་གཞན་ཅི་ཡང་རྨོངས་བློར་འཆར་མ་ཐུབ་པ་བདེན་ཡང་། སྐུ་དབང་རྩིས་སྤྲོད་དང་འབྲེལ་བའི་བཀའ་སློབ་དང་། སྔོན་གྱི་བཀའ་སློབ་གཞན་སོགས་ལ་བསམ་གཞིག་བསྐྱར་མ་བྱེད་སྐབས། ད་གདོད་དེ་ལ་དགོངས་གཞི་དགོས་པ་ཁྱད་པར་བ་ཞིག་འདུག་ཨང་སྙམ་པའི་ངེས་ཤེས་རྙེད་ཅིང། མཁས་པ་དག་གིས་གཏན་འབེབས་གནང་བའི་ཆ་ལ་ཡང་ཡི་རང་དང་སྨོན་པ་ལྷན་གཅིག་ཏུ་ཤོར། དེ་ཡང་གཟིགས་རྒྱ་དང་མཁྱེན་རྟོགས་ལ་མུ་མེད་པའི་མཁས་པའི་ཐུགས་ལ་འདིར་བཤད་པའི་དམངས་ཀྱི་དོན་དང་སྤྱོད་སྒོ་སོགས་མ་ཆུད་པ་ག་ལ་ཡིན་ཏེ། བཙན་བྱོལ་བོད་ཀྱི་“མང་གཙོ”འི་གནས་བབ་ཉིད་ལ་ནན་ཏན་དང་གཙོ་འདོན་གནང་སླད། རེ་ཞིག་“དམངས་”སྲིད་ཁྲི་ལས་ཕབ་སྟེ་“མང་”ལ་གོ་གནས་འཕར་མ་འགའ་གསོལ་དགོས་པར་གཟིགས་པ་འདྲ་སྙམ།
ད་ནི་དམངས་ཀྱི་གོ་གནས་སླར་གསོ་བྱེད་པའི་དུས་ལ་བབས་ཟིན་པས། དམངས་རིགས་ཞེས་པའི་ཐ་སྙད་ལ་ཡང་ལན་གཅིག་བལྟ་རྒྱུ་དེ་གལ་ཆེ་སྙམ། དེ་ལ་རྒྱ་གར་དུ་“ཆེས་སྔ་མོའི་དུས་ཤིག་ན། ཨརྱན་སྟེ་རྗེ་བོའི་རིགས་ཁ་དོག་དཀར་པོ་ཅན་ཞིག་དང་། དས་སྟེ་འཁོལ་པོའི་རིགས་ཁ་དོག་ནག་པོ་ཅན་གཉིས་ཁོ་ན་མཆིས་ཤིང་། དེའི་ཕྱིར་རིགས་ཀྱི་སྐད་དོད་ལ་ལརྞ་ཞེས་བརྗོད་པ་ཡིན་ཅིང། དེ་ཡང་ཁ་དོག་བྱ་བ་ཡིན་པས། རིགས་གཉིས་ཀ་ཁ་དོག་གི་སྒོ་ནས་དབྱེ་འབྱེད་པ་ཡིན་”ཞེས་སོགས་རྗེ་འཁོལ་གྱི་རིགས་གཉིས་བྱུང་ཚུལ་དང་། དེ་ནས་རིམ་གྱིས་ལས་རིགས་ཀྱི་སྟེང་ནས་རིགས་བཞི་བྱུང་བའི་ཚུལ་སོགས་གཏམ་རྒྱུད་གསེར་ཐང་དུ་གསལ། གང་ལྟར། འདིར་དམངས་རིགས་ཞེས་པ་ནི་རྒྱ་གར་བས་དམན་པར་བརྩིས་པའི་ལས་གང་ཞིག་བྱེད་མཁན་གྱི་སྡེ་ཁག་བྱེ་བྲག་པ་ཞིག་ལ་བཏགས་པའི་ཐ་སྙད་རང་ག་བ་ཞིག་སྟེ། ཐ་སྙད་དེའི་རང་སྟེང་ན་དམན་པའམ་ངན་པའི་དོན་མེད། གསལ་པོར་བཤད་ན། མི་སྡེ་ཆེན་པོ་དེ་དམན་པར་འཇོག་བྱེད་ནི་“དམངས་”ཞེས་པའི་ཚིག་དང་དེ་འཇུག་པའི་གཞི་གང་ཟག་གི་སྟེང་ནས་འཚོལ་རྒྱུ་མ་ཡིན་པར་ལས་ཀའི་རིགས་ཉིད་ཀྱི་སྟེང་ནས་ཤོད་དགོས་པའི་ཚུལ་ཤེས་ན། ད་གཟོད་ཀླན་ཀ་མང་པོ་ཞིག་རང་བཞིན་གྱིས་འགག་འགྲོ་བས་འདི་ལྟར། བཞི་བརྒྱ་པ་ལས། “འཚོ་བའི་ཐབས་སོ་ཅོག་ལ་ཡང། །འཇིག་རྟེན་ན་ནི་རིགས་ཞེས་བསྙད། །དེས་ན་སེམས་ཅན་ཐམས་ཅད་ལ། །རིགས་ལས་དབྱེ་བ་ཡོད་མ་ཡིན།།” ཞེས་པ་ལྟར་རྒྱལ་ཚབ་དར་མ་རིན་ཆེན་གྱི་དེའི་སྔ་འགྲེལ་དུ་ཡང་། “ཞིང་རྨོ་བ་ལ་སོགས་ལས་ངན་པ་ལ་སྦྱོར་བ་དེ་དག་ནི་དམངས་རིགས་ཞེས་གྲགས་”ཞེས་གསལ། མཁས་གྲུབ་རྗེས་ཀྱང་དུས་འཁོར་ཁམས་ལེའི་འགྲེལ་པར། “ཞིང་ལ་སོགས་པ་དམན་པའི་ལས་བྱེད་པས་དམངས་རིགས་” ཞེས་ལས་ཀའི་སྟེང་ནས་རིགས་སུ་འབྱེད་ཚུལ་བསྟན་ཡོད། ཆོས་རྗེ་བུའི་དུས་འཁོར་ཁམས་ལེའི་མཆན་འགྲེལ་ལས། “རབ་ཏུ་བྱུང་ཞིང་རིག་བྱེད་སྒྲོག་པའི་རིགས་བྲམ་ཟེ་དང་། ་་་ དཔའ་ཞིང་ཡུལ་འཁོར་སྐྱོང་བ་རྒྱལ་རིགས་དང། ཚོང་ལ་སོགས་པ་ནོར་ཕུན་སུམ་ཚོགས་པ་རྗེའུ་རིགས་དང། ཞིང་ལ་སོགས་པ་དམན་པའི་ལས་བྱེད་པ་དམངས་རིགས་ཏེ་རིགས་བཞི།” ཞེས་གསུངས། ཞིང་ལ་སོགས་པ་ཞེས་པའི་སོགས་ཁོངས་ནས་འདོན་རྒྱུ་ལ་ཡང་། རྗེ་བློ་གྲོས་ཆོས་སྐྱོང་གི་དུས་འཁོར་དབང་ལེའི་འགྲེལ་པར། “རིགས་བཞིའི་ནང་ནས་དམངས་རིགས་ལ་ལས་ཀྱི་སྒོ་ནས་རྣམ་པ་བཞིར་དབྱེ་སྟེ། ས་གཞི་རྨོ་བ་དང་། བ་ལང་སྐྱོང་བ་དང་། འཇིམ་པའི་ལས་བྱེད་པ་དང་། ཁྱིམ་ལ་སོགས་པའི་གནས་ཀྱི་ཤིང་གི་ལས་བྱེད་པའོ།།” ཞེས་གསུངས། སླད་ཀྱི་བྲམ་ཟེ་དག་གིས་ཁོ་པ་ཅག་ཚངས་པའི་ཁ་དང་། དམངས་རིགས་རྣམས་རྐང་མཐིལ་ནས་བྱུང་བ་སོགས་རྟོག་བཟོའི་བཤད་པ་དག་ནི་ཕྱིས་ཀྱི་མཁས་པ་དག་བཙན་གཏམ་ཁོ་ནར་འདོད་དོ།།
དམངས་ཞེས་པའི་བོད་ཚིག་རང་སྟེང་ན་“དམན་པ”འམ་“ངན་པ”འི་དོན་མེད་པར་འདོད་ན། ཅིའི་ཕྱིར་རིགས་དམན་དུ་བརྩིས་པའི་མི་སྡེ་ཆེན་པོ་དེར་དམངས་རིགས་སུ་བཏགས་སམ་ཟེར་ན། གོང་དུ་བཤད་པའི་བརྡ་སྤྲོད་ཀྱི་འགྲོས་དེ་མ་ཤེས་ན་དོགས་པ་འདི་ལྟ་བུ་འབྱུང་བར་ཐེ་ཚོམ་མེད། གང་ལྟར། རིགས་དེའི་ཁོངས་སུ་ངོ་གྲངས་མང་བ་འདུས་པའི་ཕྱིར་བྱིངས་འདུས་པའི་ཆའམ་མང་འདུས་ཀྱི་སྤྱི་དེ་ལ་དེ་ལྟར་དུ་བཏགས་པར་གདོན་མི་ཟ་བས། ཚིག་གི་དོན་དང་བསྙེག་སའི་དོན་ནམ་སྟོན་བྱེད་དང་བསྟན་དོན་གཉིས་ནམ་དུ་ཡང་གཅིག་ཏུ་བསྲེ་མི་རུང་། གལ་ཏེ་དམངས་ལ་དམན་པའི་དོན་ཡོད་དུ་ཆུག་ཀྱང་། མིང་གཅིག་དོན་དུ་མར་འཇུག་ཏུ་རུང་བའི་ཚུལ་ཡིད་ལ་བཞག་ན། ང་ཚོས་མུ་མཐུད་མགྲིན་གཅིག་ལག་གཅིག་ལྟ་བུས་མང་དང་དམངས་ལ་དབྱེ་འབྱེད་ཕྱོགས་རིས་དེ་ལྟ་བུ་ཞིག་བྱེད་དགོས་དོན་ཡེ་ནས་མེད།
འདིར་གསལ་བཤད་ཞུ་རྒྱུ་ཞིག་ལ། སྤྱིར་གང་ཟག་དང་བྱ་དངོས་ལ་མཐོ་དམའ་སོགས་ཡོད་པ་ལྟར། “དཔོན་དམངས་”ཞེས་པ་ལྟ་བུ་ཞིག་བརྗོད་ཚེ། གོ་གནས་དང་དབང་ཐང་སོགས་ཀྱི་ཆ་ནས་དཔོན་མཐོ་བ་དང་དམངས་དམའ་བར་བསྙོན་དུ་མི་རུང་ཡང་། དེ་ལ་བཟང་ངན་གྱི་དོན་ཡོད་པར་བརྗོད་མི་རུང་། མཐོ་དམའ་ནི་གནས་རིམ་གྱི་ཁྱད་པར་བརྗོད་པའི་ཚིག་ཡིན་ལ། བཟང་ངན་ནི་ལེགས་ཉེས་བརྗོད་པའི་ཚིག་ཡིན། མཐོ་དམའ་ལ་མཐོང་ཆུང་གི་རྣམ་པ་མེད་ཅིང་བཟང་ངན་ལ་དེ་ཡོད་པའི་ཞིབ་ཆ་ཡང་ཤེས་དགོས། དེ་མཚུངས། བླ་སློབ་དང་ཕ་བུ་སོགས་ལ་ཡང་རིགས་བསྒྲེས་ཏེ་བསམ་པར་བྱའོ།།
༧། མང་ལ་སྐུ་དབང་འཕར་མ་ཕུལ་བའི་རྒྱུ་མཚན།
ད་ནི། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཡིག་ཆ་རྣམས་སུ་སྤྱི་ལོ་ 1991 གོང་དུ་མི་དམངས་དང་དམངས་གཙོ་སོགས་སུ་བྲིས་ཀྱང་། དེ་ནས་ཐམས་ཅད་མང་དུ་བསྒྱུར་བའི་དགོས་པ་གསལ་ཙམ་བཤད་ན། དེ་ནི་༸གོང་ས་རྒྱལ་བའི་དབང་པོ་མཆོག་བོད་ཀྱི་དབུ་ཁྲིད་དུ་གཏན་ཆགས་པར་བཞུགས་པའི་མུར། གཤམ་འོག་གི་སྲིད་ལུགས་དེ་གཞན་གྱིས་བཤད་པའི་“Democracy”ཡི་ལམ་ལུགས་དང་ཆ་འདྲ་བ་ཞིག་ཡོང་བར་རེ་སྟེ། “Majority”སྟེ་གྲངས་“མང་བ་”གཙོ་གནད་དུ་གྱུར་པའི་ལམ་ལུགས་དམིགས་བསལ་བ་ཞིག་འཛིན་པའི་ཆེད་རེད། གནས་སྟངས་དེའི་འོག་ནས་དམངས་གཙོ་ཞེས་བརྗོད་ཚེ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་འགྲན་རྩོད་དང་འོས་འདེམས་བརྒྱུད་དམངས་ཀྱིས་བདམས་ཏེ་དབུ་ཁྲིད་དུ་ཕེབས་པ་མིན་པས་དམངས་གཙོ་དངོས་མིན་ལ། མང་གཙོ་ཞེས་མ་བརྗོད་ན། སྤྱི་འཐུས་སོགས་མང་མོས་འོས་འདེམས་ཀྱིས་ཐོན་ཞིང་། གྲོས་ཚོགས་ཀྱིས་ཁྲིམས་སྒྲིགས་གཏན་འབེབས་སོགས་ཐག་གཅོད་ཆེ་བའི་རིགས་རྣམས་ཀྱང་སྤྱི་མོས་སམ་མང་མོས་ཁོ་ནར་བརྟེན་པ་ཡིན་པས་མི་འགྲིག །དེས་ན། “དམངས་གཙོ་”ཞེས་བརྗོད་མ་བདེ་བར་“མང་གཙོ་”ཞེས་བརྗོད་པར་འདོད་ལ། དོན་གྱི་ཆ་ནས་ཀྱང་དེ་ལ་ནོར་འཛོལ་སྤུ་རྩེ་ཙམ་ཡང་བྱུང་མེད། དེ་ཡང་སྤྱི་ལོ་ 1961 ཡས་མས་ནས་ 2011 ལོའི་བར་རྒྱལ་བ་དོན་གྱི་བདག་པོས་ཨུ་ཚུགས་བསྐྱར་ནན་ཇི་ལྟར་གནང་ཡང་། བོད་མི་ཚོས་མགོན་པོ་མཆོག་གི་སྐུ་དབང་མཚན་གནས་ལ་འགྱུར་བ་ཅུང་ཟད་ཀྱང་གཏོང་མ་འདོད་པ་དང། ༸གོང་ས་མཆོག་དབུ་ཁྲིད་དུ་བཞུགས་པ་ཙམ་གྱིས་རང་ཅག་གི་སྲིད་གཞུང་དེ་“Democracy”ཡི་གཞུང་ལྟ་བུ་ཞིག་མིན་པའི་བསམ་བློ་ཡང་ཕལ་ཆེར་འཁོར་མྱོང་མེད། ཡང་གཅིག་བཤད་ན། ༸གོང་ས་མཆོག་བོད་ཀྱི་དབུ་ཁྲིད་དུ་བཞུགས་པ་ནི་བོད་མི་བྱིངས་ཀྱི་འདོད་འདུན་དང་པོ་དེ་ཡིན་ལ། གཤམ་འོག་གི་སྲིད་ལུགས་བྱེད་སྒོ་ཐམས་ཅད་དམངས་གཙོའི་ལུགས་ཉིད་ལས་འདས་མེད།
༨། ཐག་གཅོད་མང་མོས་ལ་བརྟེན་པའི་མང་གཙོ།
ཐག་གཅོད་མང་མོས་ལ་བརྟེན་པའི་མང་གཙོ་ཁས་ལེན་ངོས་འཛིན་གནང་བ་ལ། མང་དང་དམངས་ཀྱི་འགྱུར་མཚམས་དང་དེ་འབྲེལ་གྱི་རྩ་ཁྲིམས་དགོངས་དོན་ལ་བལྟ་རྒྱུ་ལས་ཚིག་ཉོག་སྤུངས་པས་ཕན་པ་ཆེར་མེད། དེས་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཏོན་པའི་<<བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ་>>ཞེས་པའི་དེབ་ཕྲེང་གཉིས་པ་ལས། “འཇིག་རྟེན་འདིར་ཆབ་སྲིད་ཀྱི་ལྟ་བ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ལྟོས་ས་ལྟོས་འཇོག་གི་ལེགས་ཉེས་ཙམ་ལས་སྐྱོན་གྱི་ཆ་ཐམས་ཅད་དང་བྲལ་བ་ཞིག་མེད་མོད། འོན་ཀྱང། སྐྱེ་འགྲོ་ཐམས་ཅད་ཀྱི་ཚེ་འདིའི་བདེ་སྐྱིད་ཕྲན་ཚེགས་ནས་བཟུང་སྡུག་བསྔལ་རྒྱུ་བཅས་ཟད་པའི་ཐར་པ་མཆོག་གི་བར་སྐྱེ་རྒུའི་ལེགས་ཚོགས་ཀྱི་གཞི་རྩ་ཉག་གཅིག་ནི། གང་ཟག་བྱེ་བྲག་པ་སོ་སོའི་སྒོ་གསུམ་གྱི་རང་དབང་དང། ཕན་ཚུན་འཚེ་མེད་ཞི་བདེར་འཚོ་བའི་བྱམས་བརྩེའི་གཞི་རྩ་ལ་ཐུག་པ་ནི་སྨོས་མེད་དང། དེའི་སླད་སྤྱི་ཚོགས་ཀྱི་ཐག་གཅོད་མང་མོས་ལ་བརྟེན་པའི་མང་གཙོའི་(སྐབས་འདི་ནས་བཟུང་བཅའ་ཁྲིམས་ནང་‘དམངས་’ཞེས་པའི་ཐ་སྙད་‘མང་དུ་’བསྒྱུར་ཡོད་པས་དཔེ་དེབ་འདིའི་ནང་དུའང་མཚམས་འདི་ནས་བཟུང་ལུང་འདྲེན་ཡིག་ཆས་མཚོན་པའི་སྐབས་བབ་གསལ་བརྗོད་སོགས་ཅི་རིགས་སྐབས་‘མང་’ལྟར་བྲིས་ཡོད།)ལམ་སྲོལ་འདི་ཉིད་དུས་སྐབས་འདིར་ལེགས་ཤོས་སུ་སྣང་བས། རིས་མེད་ཆོས་ལུགས་རྣམས་ཀྱིས་བསྟན་པའི་འཚེ་མེད་བྱམས་བརྩེའི་ལམ་དང། འདྲ་མཉམ། རང་དབང་ལ་བརྟེན་པའི་མང་གཙོའི་སྲིད་ལུགས་ཀྱི་གྲུབ་མཐའ་དེ་བཅའ་ཁྲིམས་འདིའི་གཞི་རྩའི་ལྟ་བར་བཟུང་ཡོད།” ཅེས་གུག་རྟགས་སུ་དམངས་དང་མང་གི་འགྱུར་མཚམས་གསལ་བཤད་དང་བཅས་བཀོད་པ་ལྟར་གྱི་དགོངས་དོན་བློ་ཡུལ་དུ་འཇོག་དགོས་སྙམ། གོང་དུ་གསུངས་པའི་བཅའ་ཁྲིམས་ནི་སྤྱི་ལོ་ 1991 ཟླ་བ་ 6 ནང་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བ་དེ་རེད།
༩། གཞུང་སྲིད་དམངས་ལ་དབང་བའི་དམངས་གཙོ།
སྤྱིའི་འགྲོ་ལུགས་ལ། སྐྱེ་བོ་སུ་ཞིག་གིས་རང་རང་གི་མཚན་གནས་རྗེས་འབྲེལ་དང་ཁྱིམ་རྒྱུད་དབང་ཤུགས་སོགས་ལ་བརྟེན་ནས་གཞུང་འཛིན་པའམ་མཐར་ཐུག་པའི་དབང་ཆ་འཛིན་པ་དེ་དམངས་གཙོའི་འགལ་ཕྱོགས་གཙོ་བོ་ཡིན་པར་ཀླན་ཀ་ཕལ་ཆེར་མེད། དེའི་དབང་གིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། (སྔ་ཕྱིའི་ལུང་ཁུངས་དག་ན་མང་ཞེས་བྲིས་པ་རྣམས་སོར་འཇོག་བྱས་ཡོད།) “རྩ་བའི་ང་ཚོའི་མང་གཙོ་ཡག་པོ་ཞིག་ཡོང་དགོས་ན། མི་གཅིག་གིས་མཐར་ཐུག་གི་དབང་ཆ་ཡོངས་རྫོགས་འཛིན་པ་འདི་འགྲིག་གིན་མེད་སྟབས། རྩ་ཁྲིམས་ཟིན་བྲིས་དེའི་ནང་རྒྱལ་བ་རིན་པོ་ཆེའི་དབང་ཆ་དེ་མི་མང་གི་འཐུས་མི་སུམ་ཆ་གཉིས་ཀྱིས་མོས་མཐུན་ཐག་གཅོད་ཀྱི་འོག་ནས་བསྒྱུར་བཅོས་གཏོང་རྒྱུ་ཡོད་པ་ཞིག་བཀོད་ཡོད། དེ་ནི་མང་གཙོའི་ངོ་བོ་མཚོན་པའི་ཆ་རྐྱེན་གཙོ་བོ་ཞིག་ཡིན།” ཞེས་དང། “མ་འོངས་པའི་བོད་ནི་དེ་སྔོན་ངོས་ནས་བཤད་ཟིན་པ་ལྟར་མི་མང་གིས་འོས་བསྡུ་བྱས་ཏེ་གཞུང་གི་འགོ་ཁྲིད་བསྐོ་དགོས་ཞེས་ཐག་བཅད་ནས་ཡོངས་བསྒྲགས་བྱས་ཡོད། དེ་ནི་རྩ་དོན་གཅིག་ཡིན། དེའི་སྐོར་ངོས་ནས་བསྐྱར་དུ་འགྲེལ་བཤད་རྒྱག་དགོས་དོན་མི་འདུག་རུང་། དེ་ལྟར་བྱས་ན། མང་གཙོའི་ངོ་བོ་ཡོངས་སུ་རྫོགས་པ་ཞིག་ཚང་གིན་ཡོད་པར་མ་ཟད། ཕྱོགས་གཞན་དག་མང་པོ་ནས་དགེ་མཚན་ཡོད་པ་ཞིག་ཀྱང་ཡིན།” ཞེས་གསུངས། ཡང་མགོན་པོ་མཆོག་ནས། “རྒྱལ་བ་རིན་པོ་ཆེས་བླ་བྲང་ཞིག་གི་ངོ་བོའི་ཐོག་ནས་དབང་ཆ་བཟུང་ན་མང་གཙོའི་ལམ་དུ་འགྲོ་མི་ཐུབ། ཇི་ལྟར་ཡིན་ཞེ་ན། མང་གཙོ་ནི་ངེས་པར་དུ་འགྲན་བསྡུར་གྱི་ལམ་ལ་ཞུགས་ཏེ་འོས་མི་འགྲན་བསྡུར་གྱིས་ཐོན་དགོས་པ་ཡིན། རྒྱལ་བ་རིན་པོ་ཆེ་འོས་གཞིའི་འགྲན་བསྡུར་ནང་ཞུགས་ན། མི་མང་ཆེ་བས་རྒྱལ་བ་རིན་པོ་ཆེ་ལ་འོས་ཤོག་འཕེན་པ་རེད།” ཅེས་བཀའ་སྩལ། རིས་མེད་ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་ཀྱང་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ལ་ཡང་། “ལུང་པ་གང་ཞིག་ཡིན་ཡང་། དེ་མི་དམངས་ལ་དབང་བ་ལས་བླ་མ་དང་རྒྱལ་པོ་སོགས་སུ་ལའང་མི་དབང་། དེ་མི་དམངས་ལ་དབང་བ་ཡིན་པས་མི་དམངས་ནི་དོན་གྱི་བདག་པོ་རེད། དོན་གྱི་བདག་པོ་རང་ཉིད་ཀྱིས་རང་ཉིད་འཛིན་སྐྱོང་ལྟ་རྟོག་གམ་དབང་བསྒྱུར་བྱེད་པ་ལྟ་བུའི་མགོ་ཁྲིད་དེ་དམངས་གཙོའི་ལམ་ལུགས་སམ་འོས་བསྡུའི་ཐོག་ནས་བསྐོ་བཞག་བྱས་ན་ལེགས་ཤོས་རེད།” ཅེས་བཀའ་སྩལ། དགོངས་ཚུལ་འདི་དག་ནི། ཁོ་བོས་གཞུང་སྲིད་ཀྱི་ལག་ལེན་ཁྲོད་མང་གཙོའི་ལམ་སྲོལ་ཡོད་ཀྱང་། ཇི་སྲིད་རྒྱལ་ཁབ་བམ་སྒྲིག་འཛུགས་ཀྱི་དབུ་ཁྲིད་དེ་མང་མོས་འོས་འདེམས་ཀྱིས་བསྐོ་བཞག་མ་བྱས་པ་དེ་སྲིད་དུ་དམངས་གཙོ་དངོས་མིན་པར་འདོད་པའི་གནད་དོན་གཙོ་བོ་དེ་ཡིན།
༡༠། སྲིད་དབང་རྩིས་སྤྲོད་དང་དམངས་གཙོ་དབུ་བརྙེས་པ་གཅིག་ཏུ་བལྟ་དགོས།
སྤྱི་ལོ་ 2011 ཟླ་བ་ 3 ཚེས་ 19 ཉིན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བཀའ་ཆོས་སྐབས། “འོས་འདེམས་བྱས་ནས་བཀའ་བློན་ཁྲི་པ་བསྐོ་བ་མ་གཏོགས། ངོས་ཀྱིས་མིང་བཏོན་ནས་བསྐོས་ན་མི་འགྲིག་ཅེས་བཤད་དེ་བཀའ་བློན་ཁྲི་པ་དམངས་ཀྱིས་འོས་འདེམས་བྱས་ཏེ་བསྐོས་པ་ནས་ལོ་བཅུ་ཙམ་ཕྱིན་པ་རེད། དོན་གྱི་ཆ་ནས་བཀའ་བློན་ཁྲི་པ་འོས་བསྡུའི་ཐོག་ནས་བསྐོས་པའི་ཉིན་མོ་དེ་ནས། དགའ་ལྡན་ཕོ་བྲང་གི་བླ་བྲང་ཐོག་ནས་རྒྱལ་བ་རིན་པོ་ཆེས་བོད་ལུགས་གཉིས་ཀྱི་དབང་ཆ་ཆ་ཚང་ཟིན་བསྡད་པ་དེར་འགྱུར་བ་ཕྱིན་ཚར་བ་རེད། དེ་འདྲ་ཡིན་ཙང་། ངོས་རང་ཕྱེད་རྒན་ཡོལ་ཡིན་ཞེས་བཤད་བསྡད་ཡོད། ད་དངོས་གནས་དམངས་གཙོ་མཚན་ཉིད་ཚང་བའམ་དམངས་གཙོའི་ངོ་བོ་ཡོངས་སུ་རྫོགས་པ་ཞིག་སྔ་འཕྱི་མ་གཏོགས་བྱེད་དགོས་པ་རེད། རྒྱལ་པོས་དབང་འཛིན་པ་དང་བླ་ཆེན་གྱིས་དབང་འཛིན་པ་ཟེར་བ་དེ་དུས་ཚོད་རྙིང་པའི་སྐད་ཆ་རེད་”ཅེས་དང་། ཡང་སྐབས་དེ་ཉིད་དུ། “སྤྱི་མོས་ཡོད་པའི་རྒྱལ་དབང་ཞིག་གིས། ཆབ་སྲིད་ཀྱི་ལས་ཀ་དེ་ཕར་བཞག་ནས་དེ་ལྟར་དུ་ཕྱིན་པ་ཡིན་ན། དངོས་གནས་བྱས་ན། ང་ཚོར་བཙན་བྱོལ་གྱི་སྒྲིག་འཛུགས་ཡོད་པ་དེ་སྲ་བརྟན་གོང་འཕེལ་ཡག་ཏུ་འགྲོ་བ་ཞིག་དང་། འཛམ་བུ་གླིང་འདིའི་སྒང་གི་ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཚོས་ཀྱང་། ཏཱ་ལའི་བླ་མས་ཁ་ཞེ་གཉིས་མེད་ཀྱིས་མཐའ་བསྐྱལ་ཏེ་དམངས་གཙོ་མཚན་ཉིད་ཚང་བའི་ཐོག་ཏུ་ཕྱིན་སོང་ཞེས་ཆ་འཇོག་ཡག་ཏུ་འགྲོ་བ་ཞིག་དང་”ཞེས་སོགས་བཀའ་སྩལ་བ་ལ་གཞིགས་ན། སྲིད་དབང་རྩིས་སྤྲོད་གནང་བ་དང་མཚན་ཉིད་ཚང་བའི་དམངས་གཙོ་དབུ་བརྙེས་པར་མཛད་པ་གཉིས་གཅིག་ཏུ་བལྟ་བ་ལས་སོ་སོར་གོ་རུང་བ་ཞིག་མིན་སྙམ་མོ།།
དམངས་གཙོ་ཞེས་ཚིག་རྙིང་པ་ལས། ཚིག་གསར་མང་གཙོར་བསྒྱུར་བ་ལས། དེ་ལས་ཟློག་པ་མིན།
༅༅། སྐུ་ཞབས་ཤེས་རབ་དར་རྒྱས་ལགས་ནས་དཔེ་མི་སྲིད་པའི་ཡག་པོ་བྲིས་འདུག་ ཐུགས་རྗེ་ཆེ།
ཁ་བརྡའི་ནང་ལ་འདི་ལྟ་བུ་འདྲ་བྲིས་པ་ཡིན་ན་ཡག་པོ་འདུག་ དེ་མིན་ཁ་བདེ་ཀླད་སྟོང་གི་སྐད་
ཆ་ཤ་སྟག་བཤད་པ་ཡིན་ན་ཕན་མེད་དོན་སྟོང་རེད་འདུག་
རྩོམ་ཡག་མོ་བྲིས་འདུག་ང་ཡི་ཙསམ་ཚུལ་ཡང་དེ་ག་རང་ཡིན། གང་ལྟར་ཡོངས་གྲགས་ཀྱིས་དམངས་གཙོའི་ཚིག་དེ་མང་གཙོ་ཞེས་པར་བསྒྱུར་མཁན་ཐོག་མ་མི་ཟམ་གདོང་བླ་མ་རེད། དེའི་རྗེས་སུ་ལུག་ཆུ་ལ་མཆོངས་མཆོངས་བྱེད་མཁན་གྱི་རྨོངས་དད་པ་ཁྱུག་གཅིག་རེད། དེ་དག་ནི་ཝར་ཎ་ནས་འཐོན་མཁན་ཟམ་གདོང་བླ་མའི་ཨབ་ཕྲུག་ཤ་སྟག་དེ་ཚོ་རེད། དེ་བཞིན་ལུག་ཆུ་ལ་མཆོང་བའི་རྗེས་སུ་རྒྱུག་མཁན་ཟམ་གདོང་བླ་མས་ཅི་གསུངས་བཀའ་སྒྲུབ་ཞུ་མཁན་དྷ་སའི་མི་དེ་ཚོ་རེད། ད་ལྟའི་གཞུང་ནི་མང་གཙོ་མིན་ལ་དམངས་གཙོ་ཡིན། ༼ མང་གཙོ་ཞེས་པ་ནི་མ་དག་པ་དང་རྒྱུ་མཚན་མེད་པ་ལྷམ་དཔེ་ཞྭ་ལ་བཀབ་པའམ་འགྲེལ་བཤད་ལོག་པ་བྱས་པ་ཞིག་རེད༽༼ དམངས་གཙོ་ནི་གོ་དོན་ཆེ་ཞིང་རྒྱུ་མཚན་ལྡན་པ་འཇིག་རྟེན་སྤྱི་ལུགས་དང་མཐུན་པ། ཁ་ལ་རང་བཞིན་གྱིས་སྒྲ་རང་འབྱུང་དུ་ཡོང་བའི་ཚིག་ཅིག་ཡིན་པས་ནམ་ཡང་འདོར་མི་རུང་ནམ་ཡང་བསྒྱུར་མི་རུང༽
ཡ་མཚན་བཤད་འདོད་རེད། ཡིན་ཡང་བློ་སྐྱེད་གང་ཡང་མི་འདུག ཉ་ཉོག་འདི་འདྲ་ལྟ་བུའི་ཆབ་སྲིད་བཤད་ན་ངོ་མ་ཉོབ་སོང་། གང་ལྟར་འདི་ཚོ་སྐབས་འཚོལ་བ་དག་མཁོ་རེད།
མང་གཙོ་དམངས་གཙོ་དོན་གཅིག་
བསམ་མཁན་དང་།
རང་བཙན་རང་དབང་གང་བསམ་བརྗོད་
མཁན་ཚོ་།
ཆབ་སྲིད་རིག་པས་གོ་རྟོགས་མ་ཐུབ་ནས་།
ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ་།
མང་གཙོ་(Democracy)
དམངས་གཙོ་(Proletarain )
རང་བཙན་(Indepandence)
རང་དབང་( Freedom)
མང་གཙོ་དང་། དམངས་གཙོ་དོན་གཅིག = Democracy
རང་བཙན་ = Independence
རང་དབང་ = Freedom
Proletarain ནི་འབྱོར་མེད་གྲལ་རིམ་དང་། ངལ་རྩོལ་མི་མང་ཙམ་ལ་འཇུག
མང་གཙོ་ (གྲངས་ཀྱི་གསལ་འབྱེད་།)
དམངས་གཙོ་ ( གྲལ་རིམ་གྱི་གསལ་འབྱེད་།)
Democracy. -peoples power.(.ruled by law.)
Proletarain..- class.(.ruled by class.)