སེང་ཕྲུག་བརྟན་པ།
རྒྱུན་དུ་མང་མོས་ཀྱི་དབང་སྒྱུར་དེ་མང་གཙོའི་ངོ་བོར་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་། འགན་དབང་ལྡན་པའི་འཛིན་སྐྱོང་ངམ། ཡང་ན་མང་གཙོའི་དབང་ཤུགས་ལས་བྱུང་བའི་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པའི་མི་སྒེར་གྱི་རང་དབང་མེད་ན་ངོ་རྒོལ་བའམ་མང་གཙོར་མོས་མཐུན་མེད་པའི་མི་ལ་ཆབ་སྲིད་པས་བཙན་དབང་དྲག་གནོན་བྱེད་པར་སྨོས་ཅི་དགོས། སྐུ་ཚབ་འཐུས་མི་ཅན་གྱི་མང་གཙོའི་ལམ་ལུགས་ཀྱི་སྙིང་པོ་ནི་འོས་མི་འོས་འགྲན་བསྡུར་གྱི་ལམ་ནས་མི་མང་གིས་འོས་འདེམས་བྱས་ནས་བསྐོ་བཞག་བྱེད་སྲོལ་དེ་དངོས་པོའི་གནས་ཚུལ་གྱི་དབང་དུའམ་བྱེད་སྒོ་བརྒྱུད་རིམ་གྱི་དབང་དུ་བྱས་ན་གང་ལྟར་གང་གི་ཐད་ལ་འོས་ཤིང་འཚམས་པ་ཞིག་ཡིན་པ་དོགས་མི་འཚལ།
ཆབ་སྲིད་ཀྱི་རང་དབང་། སྨྲ་བརྗོད་ཀྱི་རང་དབང་། གསར་འགོད་རང་དབང་སོགས་ཀྱིས་མི་མང་གི་ཤེས་རྟོགས་ཀྱི་འདབ་སྟོང་རྒྱས་པར་བྱས་ནས་རང་འདོད་འོས་མིར་འོས་འཕེན་ཐུབ་པ་སོགས་མི་མང་གི་དབང་ཤུགས་ལ་བརྟེན་དགོས་པས་ལམ་ལུགས་དེ་ལས་བཟང་བ་མ་མཆིས།
སྙན་གྲགས་ཅན་གྱི་བདག་དབང་(sovereignty)ཞེས་པ་དེ་ཐུན་མོང་བ་ཡིན། འོན་ཀྱང་མང་གཙོ་གསར་འཛུགས་སླད་ཡོངས་ལ་རྒྱུད་སྐུལ་གཏོང་བྱེད་ཀྱི་ཐབས་སུ་གྱུར་པ་ནི་མ་ཡིན་ནོ། རྒྱལ་ཁབ་འགའི་ནང་ལྟ་གྲུབ་པའི་རྩ་དོན་གྱི་ཐོབ་ཐང་འདྲ་མཉམ་དེ་མང་གཙོའི་གཞི་མར་བཟུང་འདུག མཁས་པ་མང་པོ་ཞིག་གིས་མང་གཙོ་ཞེས་པའི་ཚིག་དེ་གུ་ཡངས་རིང་ལུགས་ཀྱི་མགྱོགས་ཡིག་ཏུ་འདོད་དེ། དཔེར་ན་ཆབ་སྲིད་ཀྱི་ལས་འགན་གཅིག་ལྕོགས་པའི་རིང་ལུགས་དང་། ཁྲིམས་ཀྱི་མདུན་སར་འདྲ་མཉམ། རྒོལ་རྐྱེན་དུ་གྱུར་བའི་གནས
་ཚུལ་རྣམས་ལ་ནོར་བཅོས་ཀྱི་རེ་འདུན་བདམས་ཐོན་ལས་སྣེ་པར་སྙན་སྒྲོན་གྱི་ཐོབ་ཐང་། སྤྱི་དམངས་ཀྱི་རང་དབང་། འགྲོ་བ་མིའི་ཐོབ་ཐང་། གཞུང་འབྲེལ་མིན་པའི་ཆོགས་པ་ཁག་སོགས་གུ་ཡངས་རིང་ལུགས་འོག་བྱུང་བས་སོ།
སྐབས་རེར་མང་གཙོ་ཞེས་པ་དེ་ཐད་ཀའི་མང་གཙོའི་དོན་དུ་སྦྱར། གང་ལྟར་མང་གཙོ་ཞེས་པ་དེ་གནའ་དུས་ཀྱི་གྷི་རིཀ་ཡི་ནང་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ལས་བྱུང་། འོན་ཀྱང་གནའ་དུས་ཀྱི་རོམ་དང་། ཡུ་རོབ། ནུབ་དང་ལྷོ་ཨ་མི་རི་ཀ་བཅས་ཀྱི་རིག་གཞུང་གིས་མང་གཙོ་འཕོ་བསྒྱུར་གྱི་ལས་རིམ་ལ་གལ་འགངས་ཆེ་བའི་ཞབས་འདེགས་ཆེན་པོ་ཞུས་ཡོད། སྐུ་ཚབ་འཐུས་མི་ཅན་གྱི་མང་གཙོའི་བསམ་ཚུལ་དེ་ཨ་མི་རི་ཀ་དང་ཕེ་རེན་སིའི་ནང་གྱེན་ལོག་ཆེན་པོ་བྱུང་བའི་སྐབས་དང་། དུས་རབས་བར་མའི་ཡུ་རོབ་ནང་འཕེལ་རྒྱས་སུ་ཕྱིན་པའི་ལྟ་བ་དང་ཚོགས་པ་སོགས་ལ་བརྟེན་ནས་བྱུང་། ཕལ་ཆེར་སའི་གོ་ལ་ཡོངས་ལ་ཁྱབ་པའི་མང་གཙོ་དེ་གཞུང་གི་མཐའ་མའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཡིན་པ་ཚང་མས་མཁྱེན་གསལ་ལྟར་རེད།
མངའ་ཁོངས་མང་པོའི་ནང་དར་ཁྱབ་ཕྱིན་པའི་འོས་བསྡུའི་ཐོབ་ཐང་གྱི་ལམ་ལུགས་དེ་སྔ་རབས་ཀྱི་འབྱོར་ལྡན་རིགས་ཀྱི་ཚོགས་པ་བྱེ་བྲག་པ་ཞིག་ལ་བརྟེན་ནས་བྱུང་། སྤྱི་ལོ་ ༡༨༩༣ ལོར་ཐོག་མར་ནིའུ་ཛི་ལེནྜ་ཡིས་ཡུལ་གྱི་མི་མང་ལ་འོས་བསྡུའི་ཐོབ་ཐང་གནང་ཡོད་འདུག མང་གཙོའི་ཐོབ་ཐང་སོགས་ཇི་ཙམ་བཟང་ཡང་མི་མང་ལ་ཤེས་ཡོན་དང་གོ་རྟོགས་ མེད་ན་ལོང་བའི་ལག་ཏུ་མེ་མདའ་སྤྲད་པ་ལྟ་བུ་མང་གཙོའི་ཁྱད་ཆོས་སུ་གྱུར་བའི་ཐོབ་ཐང་ཡོད་མེད་ཁྱད་གང་ཡང་མེད། རྒྱུ་མཚན་དེའི་ཕྱིར་ན་མི་མང་གི་ཤེས་རྟོགས་རྒྱས་ཆེད་དུས་ནས་དུས་སུ་མང་གཙོ་དང་དེའི་ཐོབ་ཐང་སྐོར་ཁྱབ་བསྒྲགས་གང་ལེགས་དགོས་པ་ནི་གདམས་ངག་ཀུན་གྱི་སྙིང་པོའོ།
མུ་འགོད་་་་་་་་་།