ཨ་ནུ་ཐང་བསོད་ནམས།
ལོ་རྒྱུས་ཀྱི་རྒྱབ་ལྗོངས།
མང་གཙོ་ནི་སྔོན་ལོ་དུས་རབས་ལྔ་བའི་ནང་ཙམ་ལ་གྷི་རིའི་སིའི་གྲོང་ཁྱེར་ཨ་ཐན་སིའི་ནང་ནས་ཁྲིམས་བཟོ་བ་གསོ་ལོན་ Solon གྱིས་གཙོ་བོ་དར་སྤེལ་བཏང་བ་ཞིག་ཡིན། མང་གཙོ་ལ་དབྱིན་སྐད་དུ་སྒྲན་མོ་ཁི་རལ་སེའུ་ Democracy ཟེར་ཞིང་དེ་ནི་གྷི་རིག་ནས་ཆད་པའི་སྒྲན་མོ་ཁི་རལ་གསིས་ཡ་ Δημοκρατία ཞེས་པའི་བརྡ་ཁྱད་ཡིན། སྒྲན་མོ་ནི་མི་མང་དང་ཁི་རལ་གསིས་ཡ་ནི་དབང་སྒྱུར་ལ་གོ་བས་མི་མང་གིས་དབང་སྒྱུར་ཞེས་པའི་དོན་ཡིན།
སྐབས་དེའི་མང་གཙོ་ནི་ཆབ་སྲིད་ཚོགས་པ་མེད་ཅིང་མི་མང་གིས་ཐད་ཀར་འོས་ཤོག་འཕེན་པའི་ཐད་ཀའི་མང་གཙོའི་རིགས་ཤིག་ཡིན་ཡང་། དེ་ནི་དེང་རབས་ཀྱི་མང་གཙོ་དང་མི་འདྲ་ཞིང་། བུད་མེད་དང་གཡོག་པོ། ཕ་མ་གཉིས་ཀ་ཨ་ཐན་སི་མིན་ན་འོས་ཤོག་འཕེན་མི་ཆོག་ཁར། མི་འབོར་གཉིས་འབུམ་ལྔ་ཁྲི་ཙམ་ནས་སུམ་འབུམ་བར་ལས་མེད་ཅིང་། དེ་ལས་འོས་ཤོག་འཕེན་མཁན་ཁྲི་གསུམ་ནས་ཁྲི་ལྔ་བར་ལས་མེད་པའི་གྲངས་ཉུང་ཞིག་ཡིན་པ་མ་ཟད། དེང་རབས་ཀྱི་ཚན་རིག་གི་རང་བཞིན་ལྡན་པའི་མང་གཙོའི་རྩ་འཛིན་གྱི་ཡིག་ཆ་ཀུན་བྱུང་མེད་པས་དེང་གི་མང་གཙོ་དང་ཁྱད་པར་ཆེན་པོ་ཡོད། འོན་ཀྱང་། དེ་ནི་དེང་རབས་ཀྱི་མང་གཙོ་དང་ཆེས་བར་ཐག་ཉེ་བའི་ལམ་ལུགས་ཤིག་ཡིན་ལ་རྗེས་སུ་དེ་ལ་རོ་མན་གྱིས་མིག་དཔེ་མི་ཉུང་བ་ཞིག་བལྟས་ཡོད།
དེང་རབས་ཀྱི་མང་གཙོ་ནི་དུས་རབས་བདུན་པའི་ནང་དུ་ཚན་རིག་དར་བ་དང་མཉམ་དུ་རིམ་གྱིས་དར་ཞིང་། དེ་ནི་ཧྥ་རན་སིས་ཁོ་ཚོས་སྤེལ་བར་འདོད་ལ་ཨ་རིས་ཁོ་ཚོས་སྤེལ་བར་འདོད། གང་ལྟར་གཉིས་ཀའི་འབྱུང་ཁུངས་ནི་འོད་སྣང་རིང་ལུགས་པའི་སྲོལ་འབྱེད་པ་དབྱིན་ཇིའི་མཚན་ཉིད་རིག་པ་ Franci Bacon (1561-1626) ཧྥ་རན་སི་བྷ་ཁོན་དང་། ཁོའི་རྗེས་འཇུག་པ་གུ་ཡངས་རིང་ལུགས་པའི་སྲོལ་འབྱེད་པ་རྗོན་ལཱོ་ཁེས་གཉིས་ཡིན་ཞིང་། ཁོ་གཉིས་ཀྱི་འབད་བརྩོན་ལ་བརྟེན་ཞིང་། ལྷག་པར་དུ་དབྱིན་ཇིའི་དཔལ་འབྱོར་བློན་ཆེན་ཨན་ཐོ་ནེ་སོགས་ཀྱིས་ ༡༦༧༨ ལོར་ Whig ཆབ་སྲིད་ཚོགས་པ་བཙུགས་ཤིང་། རྗོན་ལཱོ་ཁེས་ལ་རོགས་སྐྱོར་བྱས་ཏེ་མཐུན་རྐྱེན་སྦྱར་ཁར། ཁོ་གཉིས་ཀྱིས་མཉམ་ལས་གནང་ཞིང་སྣེ་ཁྲིད་པའི་ཉེར་ལེན་གྱི་རྗེས་སུ་ “ཐོབ་ཐང་གི་འཛིན་བྱང” (Bill right) ཞེས་པའི་གན་རྒྱ་ ༡༦༨༩ ལོར་དབྱིན་ཇིའི་རྩ་ཁྲིམས་སུ་རྒྱལ་པོ་ལ་མཚན་རྟགས་བཀོད་དུ་བཅུག་ནས་འཇོག་ཐུབ་པ་བྱུང་བས་དེང་རབས་ཀྱི་མང་གཙོའི་རྩ་བར་གྱུར།
དེ་ལྟར་ཡོང་དགོས་པའང་དབྱིན་རྒྱལ་རྗེམ་སི་གཉིས་པ་ཡིས་རོ་མན་གནམ་བདག་ཆོས་ལུགས་ཀྱི་ལག་ཆ་བྱས་ཤིང་རྒྱལ་བོའི་སྐུ་དབང་ཤུགས་ཆེ་རུ་བཏང་ནས། སྲིད་དབང་སྒེར་གཅོད་ཀྱི་བཙན་དབང་གིས་ཡི་ཤུའི་གྲུབ་མཐའ་གཞན་དང་། གྲངས་ཉུང་གི་ཚོགས་སྡེ་ཀུན་གནམ་བདག་ཆོས་ལུགས་ལ་བཙན་གྱིས་བསྒྱུར་བས། དབྱིན་ཇིའི་གྲོས་ཚོགས་དང་སྐུ་དྲག་རྣམས་ཕྱོགས་ཁག་གཉིས་གསུམ་དུ་གྱུར་ཅིང་རྒྱལ་པོ་ལ་རྒྱབ་སྐྱོར་བྱེད་མཁན་དང་མི་བྱེད་མཁན་བར་ལ་ནང་འཁྲུག་བྱུང་། རྒྱལ་པོ་ལ་དེ་ལྟར་མ་གནང་ཞེས་ཞུ་འབུལ་བྱེད་མཁན་ཚོས་ཚོགས་པ་བཙུགས་ཤིང་། རིམ་བཞིན་དེ་(Whig) ཝིས་གྷི་སིའི་ཚོགས་པར་གྱུར། དེ་ཡིས་རྒྱལ་པོའི་དབང་ཆ་ཉུང་དུ་བཏང་ཞིང་གཙོ་བོ་གྲངས་ཉུང་གི་ཚོགས་སྡེ་དང་ཆོས་ལུགས། མི་ཀུན་གྱི་གཞི་རྩའི་རང་དབང་དང་། ཐོབ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུར་འབད་པས་ ༡༦༨༨ ལོར་སྐད་གྲགས་ཆེ་ཞིང་གཟི་བརྗིད་ལྡན་པའི་གསར་བརྗེ་དེ་བྱུང་ཐུབ་ཡོད།
གསར་བརྗེ་དེའི་ཐོབ་ཐང་གི་འཛིན་བྱང་གི་རྩ་བའི་དོན་ཚན་ཁག་ནི་འགྲོ་བ་མིའི་རང་བྱུང་གི་ཐོབ་ཐང་སྨྲ་བརྗོད་དང་དད་མོས་རང་དབང་། འདུ་འཛོམས་ཀྱི་རང་དབང་དང་གསར་འགོད་རང་དབང་། གཞུང་གི་དྲང་བདེན་མིན་པའི་བྱ་སྤྱོད་ལ་དགག་པ་རྒྱག་ཆོག་རྒྱུ་དང་། ཆོས་ལུགས་ལ་དད་པའམ་གུས་ཞབས་བྱེད་དགོས་པའི་རྩ་ཁྲིམས་བཟོས་མི་ཆོག་ཅིང་། ལྟ་གྲུབ་གང་ཞིག་བཟུང་ཡང་རང་དབང་གིས་ཉམས་ལེན་བྱེད་ཆོག་རྒྱུ་བཅས་བཀོད་ཡོད།
དེའི་སྒང་དུ་གུ་ཡངས་རིང་ལུགས་པའི་དད་མོས་ཀྱི་རང་དབང་དང་ཉོ་ཚོང་གི་རང་དབང་། མང་གཙོའི་སྤྱི་ཚོགས་དང་། ཆོས་དང་མ་འབྲེལ་བའི་སྲིད་གཞུང་འཛུགས་རྒྱུ་སོགས་ཀྱི་རྗེས་སུ་འབྲང་མཁན་ཡོ་རོབ་སྤྱི་དང་། ལྷག་པར་དུ་ཧྥ་རན་སི་དང་ཨ་རིའི་ནང་དུ་མཚན་ཉིད་རིག་པ་ཧ་ཅང་གི་སྐད་གྲགས་ཅན་མང་པོ་བྱུང་ཞིང་། དེ་དག་གིས་སྣེ་ཁྲིད་དེ་ ༡༧༧༦ ལོར་ཨ་རི་ལ་རང་བཙན་དང་། ༡༧༩༢ ལོར་ཧྥ་རན་སིར་གསར་བརྗེ་ལ་རྒྱལ་ཁ་ཐོབ་ཡོད།
ཡོ་རོབ་ཀྱི་རྒྱལ་ཁབ་རྣམས་ཀྱིས་ཨ་རི་དང་ཧྥ་རན་སིའི་གསར་བརྗེ་ལ་མིག་དཔེ་བལྟས་ནས་གཅིག་རྗེས་གཅིག་མཐུད་དུ་རྒྱལ་པོ་དང་གོང་མ། ཆོས་དཔོན་གྱིས་སྲིད་དབང་བཟུང་བའི་ལམ་ལུགས་ཀུན་རྩ་རྫོགས་བྱེད་ཐུབ་པ་བྱུང་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ ༡༨༤༨ ལོར་དབྱིན་ཇི་ནས་སློབ་སྦྱོང་ཐོབ་པའི་འཇར་མན་གྱི་མར་ཁེ་སིས་གུང་ཁྲན་ཏང་གི་རྩ་འཛིན་གྱི་ཡིག་ཆ་སྤེལ་བས་འཛམ་གླིང་གི་གསར་བརྗེ་ཅུང་ཙམ་ལོག་ལམ་དུ་ཁྲིད་ཡོད།
ཁོས་རྩ་འཛིན་གྱི་ཡིག་ཆ་དེ་འབྲི་སྐབས་གཙོ་བོ་འབྱོར་མེད་གྲལ་རིམ་སྲུང་སྐྱོབ་ཀྱིས་རྒྱལ་པོ་དང་། འབྱོར་ལྡན་གྲལ་རིམ་རྩ་རྫོགས་བྱེད་རྒྱུ་ཁོ་ན་ལ་དམིགས་ཤིང་། ཕྱོགས་ཡོངས་སུ་བསམ་བློ་བཏང་མ་ཐུབ་པས་ཚོགས་པ་ལས་མི་སྒེར་གྱི་རང་དབང་དེ་ཙམ་མ་བྲིས་ཁར། ཚོགས་པ་གཅིག་གི་གཞུང་འཛིན་གྱི་ལམ་ལུགས་ལས་བྲིས་མེད་པས། ཁོའི་བསམ་བློ་དེ་རྗེས་སུ་གཅིག་བསྡུ་བ་རྣམས་དང་འབྲེལ་བ་ཆགས་ཤིང་གཅིག་བསྡུ་བ་མང་པོས་དེ་བེད་སྤྱོད་ཀྱིས་ཉེས་མེད་ཀྱི་མི་མང་ཁྲི་སྟོང་མང་པོ་དམར་གསོད་དང་། གཞི་རྩའི་རང་དབང་འཕྲོག་ཡོད། འོན་ཀྱང་། སྐབས་དེར་ཁོས་དེའི་སྐོར་གསལ་པོ་མ་ཚོར་ཞིང་ཁ་གསལ་པོ་བྲིས་མེད་པས་དེ་ནི་མ་སྨིན་པའི་མཚན་ཉིད་རིག་པ་བར་ངོས་འཛིན་བྱེད་མཁན་མང་།
ཉམས་ཞིབ་པ་ཚོས་བརྗོད་གསལ་ལྟར་ན། མར་ཁེ་སིས་དང་ཨེན་ཁེ་སི་གཉིས་ཀྱིས་གུང་ཁྲན་ཏང་གི་རྩ་འཛིན་གྱི་རྩོམ་ཡིག་དེ་འབྲི་སྐབས་ཁོས་བསམ་བློ་ཀུན་བཏང་མ་ཚར་བའི་སྔོན་དུ་ཡིན་ཚུལ་དང་། ཁག་ཅིག་གིས་ཁོ་ནི་མཚན་ཉིད་རིག་པ་བ་དེ་ཙམ་མིན་ཞིང་བསམ་བློ་གཏོང་མཁན་ཙམ་རེད་ཅེས་བརྗོད་མཁན་འདུག གང་ལྟར་མར་ཁེ་སིའི་འཆར་སྣང་དེ་དངོས་སུ་སྤྱི་ཚོགས་ཁྲོད་དུ་ལག་ལེན་དུ་ཕབ་མཁན་ ༡༩༡༧ ལོར་ཨུ་རུ་སུའི་ལེ་ནེ་ཡིན་ཞིང་། ཨུ་རུ་སུས་གསར་བཏོད་བྱས་པའི་དམར་ཕྱོགས་ནི་སྲིད་གཞུང་ལས་སྐྱེ་བོ་སྒེར་གྱི་ཐོབ་ཐང་ལ་རིན་ཐང་མི་སྤྲོད་པས་ཧ་ཅང་གི་འཇིགས་སུ་རུང་བའི་གཅིག་སྡུད་རིང་ལུགས་པར་ཆགས་ཤིང་། གཞུང་གིས་མི་མང་གི་དཔལ་འབྱོར་འདྲ་མཉམ་བཟོ་རྒྱུའི་ཚབ་ཏུ་གཞུང་གིས་དེ་དག་ཁུར་ནས། རང་ཉིད་དང་རང་གི་ཆབ་སྲིད་ཚོགས་པ་ཁོ་ན་སྲུང་སྐྱོབ་བྱེད་རྒྱུའི་ཆེད་དུ་གོ་མཚོན་དང་དམག་མི། ཉེན་རྟོག་པ་སོགས་འགྲོ་སོང་ལ་བཏང་བས་ད་ལྟ་འཛམ་གླིང་ཀུན་དེ་ལ་ཞེན་པ་ལོག་བཞིན་ཡོད།
གུང་ཁྲན་གཞུང་གིས་དེ་ལྟར་བྱེད་ཐུབ་དགོས་དོན་ཡང་ཁོ་ཚོ་ལ་མང་གཙོ་ལྟར་འཛིན་སྐྱོང་ལ་སྟངས་འཛིན་བྱེད་མཁན་གྱི་ཕྱོགས་འགལ་ཆབ་སྲིད་ཚོགས་པ་དང་། གྲོས་ཚོགས། སྒེར་དང་མི་མང་སུ་ཞིག་མེད་པ་ཆགས་པས་རེད། རྒྱུ་མཚན་ནི། གཞུང་གི་གནད་ཡོད་མི་སྣ་རྣམས་མི་མང་གི་འོས་ཤོག་ལ་བརྟེན་མི་དགོས་པས། མི་མང་གིས་ཁོ་ཚོར་སྟངས་འཛིན་བྱེད་དཀའ་ཁར། ཆབ་སྲིད་ཚོགས་པ་གཅིག་ལས་མེད་པས་དེས་གང་བཤད་དང་། གང་འདོད་ཁྲིམས་སུ་བསྒྱུར་ཐུབ་པའི་ཁར། ཕྱོགས་འགལ་ཚོགས་པ་དང་གསར་འགོད་རང་དབང་མེད་སྟེང་། གྲོས་ཚོགས་ལ་དབང་ཆ་མེད་པས་གཞུང་གིས་མ་དྲང་བ་དང་། ནོར་འཁྲུལ་བྱས་པ་རྣམས་གང་ཐུབ་ཀྱིས་སྦ་གསང་བྱེད་ཐུབ་པས་རེད།
དུས་རབས་ཉི་ཤུའི་ནང་དུ་ཤར་ཡོ་རོབ་དང་། ཤར་ཕྱོགས། ལྷོ་ཨ་རི་དང་ཨ་ཧྥི་རི་ཁའི་རྒྱལ་ཁབ་མང་པོས་གུང་ཏང་གི་ལམ་ལུགས་ཚུར་ལེན་བྱས་ཡོད་ཀྱང་། མི་མང་གི་འོས་ཤོག་མེད་པར་ཆབ་སྲིད་ཚོགས་པ་གཅིག་གིས་གཞུང་འཛིན་རྒྱུ་ནི་གཅིག་སྡུད་རིང་ལུགས་པར་གྱུར་ཅིང་ལམ་ནོར་དུ་ཕྱིན་པས་རྒྱལ་ཁབ་དེ་དག་ཕམ་ཉེས་ཕྱིན་ཡོད། དེར་བརྟེན། ད་ལྟ་ལྷག་མ་འཛམ་གླིང་སྟེང་རྒྱལ་ཁབ་བཞི་མ་གཏོགས་མེད་ཁར། ཡོད་མཁན་ཚོས་ཀྱང་གུང་ཁྲན་ཏང་གི་ལྟ་གྲུབ་ཀྱིས་ཁུངས་མ་འཁྱོལ་བར་ལྷག་ཡོད། འོན་ཀྱང་། གུང་ཁྲན་ཏང་གི་ལམ་ལུགས་ནི་རྒྱལ་པོ་དང་འབྱོར་ལྡན་གྲལ་རིམ། ལྷ་དབང་ལམ་ལུགས་ལ་ཁ་གཏད་གཅོག་བྱེད་དུ་ཧ་ཅང་གི་རིན་ཐང་ལྡན་པ་ཞིག་ཡིན་པས། དེ་དག་གི་སྡུག་བསྔལ་མྱོང་མཁན་ཞིག་ཡིན་ན་ལྟ་གྲུབ་དེའི་ཐབས་ལམ་གྱི་ནང་ནས་ལག་ཆ་ལེན་རྒྱུ་མང་ལ། ནར་སི་མན་དྲལ་ལ་ཡིས་ཀྱང་མི་རིགས་ནག་པོའི་རང་དབང་འཐབ་རྩོད་ཀྱི་སྐབས་སུ་དེའི་ནང་ནས་ལག་ཆ་མི་ཉུང་བ་ཞིག་བླངས་ཡོད།
དེང་རབས་མང་གཙོའི་ས་བོན།
དབྱིན་ཇིའི་རྒྱལ་པོ་རྗོན་གྱིས་དབང་ཤུགས་ཚོད་མེད་དུ་བེད་སྤྱོད་བཏང་ནས་དཔྱ་ཁྲལ་ཇེ་མཐོར་བཏང་ཞིང་། དབང་ཆ་སྒེར་གཅོད་ཀྱིས་བཀའ་ལ་མི་ཉན་མཁན་རྣམས་གང་བྱུང་གིས་དམར་གསོད་བཏང་ཞིང་། ཚུལ་མིན་གྱིས་མི་མང་ལ་གཉའ་གནོན་ཚོད་མེད་དུ་བཏང་བའི་རྐྱེན་གྱིས་མི་མང་གིས་ངོ་རྒོལ་བྱས་ཤིང་དམག་འཁྲུག་གིས་༡༢༡༥ ལོར་ Magna Carta (བཅའ་ཁྲིམས་ཆེན་མོ) ཞེས་པའི་རྩ་འཛིན་གྱི་གྲོས་མཐུན་དོན་ཚན་ ༦༣ ཅན་ལ་བློན་ཆེན་མང་པོ་དང་མི་མང་གིས་བཙན་དབང་གིས་རྒྱལ་པོ་ལ་མཚན་རྟགས་བཀོད་དུ་བཅུག་ཅིང་། ༡༦༢༧ ལོ་ཙམ་ནས་གཏན་འཇགས་སུ་དབྱིན་ཇིའི་རྩ་ཁྲིམས་སུ་བཀོད་ཐུབ་ཡོད།
དེའི་ནང་དུ་རྒྱལ་པོའི་དབང་ཆ་ཉུང་དུ་བཏང་ཞིང་ཁྲིམས་ཁང་བརྒྱུད་ནས་ཁྲིམས་ལ་འགལ་ཡོད་མེད་ཐག་གཅོད་མ་བྱུང་བར་དུ་གང་བྱུང་གིས་འཛིན་བཟུང་དང་། ཁྲིམས་ཆད་གཏང་མི་ཆོག་པ་དང་། སྐྱེ་བོ་ཚང་མ་ཁྲིམས་ཀྱི་མདུན་ནས་འདྲ་མཉམ་ཡིན་པ་མ་ཟད། གལ་སྲིད་རྒྱལ་པོས་ཁྲིམས་ལུགས་དེ་བཅོས་སྒྱུར་གཏོང་འདོད་ཚེ་ངེས་པར་དུ་གྲོས་ཚོགས་ཀྱི་མོས་མཐུན་དགོས་ཚུལ་སོགས་མི་མང་དང་མི་སྒེར་ལ་ཐོབ་ཐང་གང་འཚམ་ཞིག་སྤྲད་རྒྱུ་དང་། ཉེས་ཆད་གཅོད་རྒྱུ་སོགས་ཀྱི་ཐོབ་ཐང་འགའ་རྒྱལ་པོའི་ལག་ནས་བླངས་ཏེ། དབྱིན་ཇིའི་ཡི་ཤུའི་ལྷ་ཁང་ལ་སྤྲད་པས་རྒྱལ་པོའི་དབང་ཆ་ཉུང་དུ་ཆགས་ཤིང་། མང་པོ་ཞིག་ཆོས་ཁང་ལ་བགོ་བཤའ་བརྒྱབ་ཡོད།
འདི་ནི་ཧ་ཅང་གི་གནད་འགག་ཆེ་བའི་རྒྱལ་སྤྱིའི་དེང་རབས་མང་གཙོའི་རྩ་འཛིན་གྱི་ས་བོན་ཡིན་ལ། རིམ་བཞིན་སྟོབས་ཤུགས་ཆེ་བའི་ཡོ་རོབ་ཀྱི་ཨོ་སི་ཁྲི་རིས་ཡའི་གྲོས་ཚོགས་ཀྱི་ནང་དུའང་དེ་ལག་བསྟར་བྱས་ཡོད། འདི་ནི་དུས་རབས་བཅུ་བདུན་པའི་ནང་དུ་དབྱིན་ཇིའི་ཆབ་སྲིད་པ་ཚོས་ཐེངས་དང་པོའི་དབྱིན་གཞུང་གི་རྩ་འཛིན་གྱི་ཡིག་ཆ་ལ་ངོས་འཛིན་བྱེད་ལ། བྱེད་དགོས་དོན་ནི་རྒྱལ་པོ་ཡིན་ཡང་དེ་ལ་འགལ་མི་ཆོག་པ་ཡིན་པས་རེད།
དེ་ནི་ ༡༦༨༨ ལོའི་དབྱིན་ཇིའི་ཐོབ་ཐང་གི་འཛིན་བྱང་བཟོོ་བྱེད་ཀྱི་ཨ་མ་དང་། ཨ་རིའི་རང་བཙན། ཧྥ་རན་སིའི་གསར་བརྗེ། རྒྱ་གར་བ་མ་ཧཱ་གྷན་ངྷི་སོགས་ལ་ཤུགས་རྐྱེན་ཐེབས་ནས་རིམ་བཞིན་འཛམ་གླིང་སྟེང་དུ་ཁྱབ་པ་མ་ཟད། ༡༩༤༨ ལོར་ཡོ་རོབ་ནང་སྤེལ་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཡིག་ཆའི་ས་བོན་སོགས་སུ་གྱུར་པས་ཧ་ཅང་གི་སྐད་གྲགས་ཅན་གྱི་དབྱིན་ཇིའི་ཁྲིམས་ལུགས་ཀྱི་གྲོས་མཐུན་ཞིག་ཏུ་གྱུར་ཡོད།
དེའི་རྩ་ཁྲིམས་ཀྱི་ནང་དུ་འགྲོ་བ་མིའི་རང་བྱུང་གི་ཐོབ་ཐང་སྨྲ་བརྗོད་དང་། དད་མོས་རང་དབང་། འདུ་འཛོམས་དང་གསར་འགོད་རང་དབང་། གཞུང་གི་དྲང་བདེན་མིན་པའི་བྱ་སྤྱོད་ལ་དགག་པ་བརྒྱབ་ཆོག་རྒྱུ་དང་། གཞུང་གིས་ཆོས་ལུགས་ལ་དད་པའམ་གུས་ཞབས་བྱེད་དགོས་པའི་རྩ་ཁྲིམས་བཟོས་མི་ཆོག་ཅིང་། ལྟ་གྲུབ་གང་ཞིག་བཟུང་ཡང་རང་དབང་གིས་ཉམས་ལེན་བྱེད་ཆོག་རྒྱུ། མི་མང་ལ་སོ་སོའི་ཁང་པ་དང་རྒྱུ་ནོར་སོགས་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་སོགས་དགོས་ཚུལ་དབྱིན་ཇིའི་རྩ་ཁྲིམས་སུ་བཀོད་ཐུབ་པ་བྱུང་པས། རྗེས་ཀྱི་ཨ་རི་དང་ཧྥ་རན་སིའི་གསར་བརྗེའི་རྩ་འཛིན་དང་། མིག་དཔེ་ལྟ་སའི་ཨ་མ་རུ་གྱུར་ཁར། དེང་རབས་ཀྱི་མང་གཙོའི་སྲོག་ཤིང་དུ་གྱུར་ཡོད།
གལ་སྲིད་དབྱིན་ཇིའི་ནང་འཁྲུག་ལས་རང་དབང་གི་ལྟ་བ་འཛིན་མཁན་གྱི་ཕྱོགས་ཁག་ལ་རྒྱལ་ཁ་མ་ཐོབ་པ་ཡིན་ན། ཐོབ་ཐང་གི་འཛིན་བྱང་དབྱིན་ཇིའི་རྩ་ཁྲིམས་སུ་བཀོད་མི་ཐུབ་ཅིང་། དབྱིན་རྒྱལ་ཡང་སྐབས་དེའི་ཧྥ་རན་སིའི་རྒྱལ་པོ་བཞིན་རྒྱལ་པོ་དང་ཆོས་དཔོན་མཉམ་འབྲེལ་གྱིས་མི་རྣམས་གནམ་བདག་ཆོས་ལུགས་པར་འགྱུར་ཞིང་། ཅི་འདོད་དུ་དབང་ཆ་སྒེར་གཅོད་བྱེད་རྒྱུའི་ལུགས་སྲོལ་དར་ངེས་རེད། དེ་ལྟར་དར་བ་ཡིན་ན་རྗེས་ཀྱི་ ༡༧༧༦ ལོའི་ཨ་རིའི་གསར་བརྗེ་དང་ ༡༧༩༢ ལོའི་ཧྥ་རན་སིའི་གསར་བརྗེ་ལ་ཤུགས་རྐྱེན་ཐེབས་ངེས་པས། དེ་ལྟར་ཐེབས་པ་ཡིན་ན་འཛམ་གླིང་ལ་དེང་རབས་ཀྱི་མང་གཙོ་ཡོང་རྒྱུ་ད་ལྟ་ལས་ཀྱང་འགོར་ངེས་རེད།
ཨ་རིའི་རྒྱལ་ཁབ་འཛུགས་མཁན་གྱི་ཕ་རྒན་རྒྱ་ཧྥི་སན་ཡིན་ཡང་། ཁོ་རང་གུ་ཡངས་རིང་ལུགས་པའི་ཆབ་སྲིད་ཀྱི་ལྟ་བ་འཛིན་མཁན་ཞིག་ཏུ་ངོས་འཛིན་བྱེད་ལ། ཨ་རིའི་ཆབ་སྲིད་ཀྱི་སྒྲོམ་གཞིའི་རྩ་བའང་ཁོས་འོད་སྣང་དང་གུ་ཡངས་རིང་ལུགས་ལ་མིག་དཔེ་བལྟས་ནས་བཟོས་ཡོད་ཁར། ཨ་རིའི་རང་བཙན་གྱི་འཐབ་རྩོད་པ་ཡིན་ཡང་དབྱིན་ཇིས་ཚུལ་མིན་གྱིས་ཨ་རིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་ལ་རྩིས་མེད་བཏང་ཚུལ་བརྗོད་ནས། རྗོར་རྗེ་ཝ་ཤིང་གྲོན་གྱིས་སྣེ་ཁྲིད་ནས་དབྱིན་གཞུང་ལ་ངོ་རྒོལ་བྱས་ཡོད་ལ། ཁོ་ཚོས་གཞི་འཛིན་ས་གཙོ་བོ་ནི་དབྱིན་ཇིའི་ཐོབ་ཐང་གི་བྱུང་འཛིན་དང་། གུ་ཡངས་དང་འོད་སྣང་རིང་ལུགས་ཀྱི་ལྟ་བ་ཡིན། དེང་སྐབས་ཀྱི་དབྱིན་ཇིའི་སྲིད་བློན་ཁམ་ར་ཡིན་ཡང་རང་ཉིད་གུ་ཡངས་རིང་ལུགས་པའི་ལྟ་བ་འཛིན་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པས་ལོ་འགའི་སྔོན་དུ་ཁོས་གསི་ཁོ་གྲེ་ཤིའི་མི་མང་ལ་དབྱིན་ཇིའི་འོག་ཏུ་འདུག་མིན་གྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲད་ཡོད།
མང་གཙོའི་རྩ་འཛིན་གྱི་ལྟ་བ།
རྒྱལ་ཚོགས་ཀྱི་འོག་ནས་ཐོ་འགོད་བྱས་པའི་རྒྱལ་ཁབ་ད་ལྟ་ ༡༩༣ ཡོད་ལ་དེ་དག་ལས་ ༡༢༣ ཙམ་ཚད་གཞི་འདྲ་མིན་གྱི་མང་གཙོ་ཙམ་ཡིན་པར་བརྗོད་ཀྱང་། གཞི་འཛིན་ས་གཙོ་བོ་ཁག་ནི་འདི་ལྟར་ཏེ།
༡ ཁྲིམས་ཀྱི་དབང་སྒྱུར།
༢ འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི།
༣ སྨྲ་བརྗོད་དང་གསར་འགོད་རང་དབང་།
༤ དྲང་བདེན་གྱི་འོས་ཤོག་འཕེན་པའི་རང་དབང་བཅས་ཚང་མིན་ལ་བལྟ་དགོས་པ་ལས་གཞན་རྒྱལ་ཁབ་སོ་སོའི་ཡུལ་དང་། དཔལ་འབྱོར། གོམས་གཤིས་སོགས་ཀྱི་གནས་བབ་ལ་བལྟས་ནས་དེ་མཐུན་གྱིས་འདྲ་མིན་སྣ་ཚོགས་བཟོས་ཡོད།
༡༽ ཁྲིམས་ཀྱི་དབང་སྒྱུར་ནི་ཧ་ཅང་གལ་ཆེ་ཞིང་སྲིད་འཛིན་དང་སྲིད་བློན་སུ་ཞིག་ཡིན་ཡང་ཁྲིམས་ཀྱི་འོག་ཏུ་ཡོད་ཅིང་། ཁོང་ཚོས་ཁྲིགས་ལུགས་ལྟར་ལག་ལེན་གནང་རྒྱུ་ལས་གང་འདོད་ཀྱིས་ཕྱག་ལས་གནང་རྒྱུ་མེད། གལ་སྲིད་གནང་ན་གཅིག་བསྡུ་རིང་ལུགས་པ་ཆགས་ཡོད།
༢༽ འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཡིན་ལ་དེ་ནིད ༡༦༨༩ ལོའི་རང་དབང་གི་ཐོབ་ཐང་ནང་དུ་བཀོད་ཡོད་པ་མ་ཟད། དམག་ཆེན་གཉིས་པའི་རྗེས་སུ་ཡོངས་ཁྱབ་ཀྱིས ༡༩༤༨ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གསལ་བསྒྲགས་དོན་ཚནད ༣༠ ཅན་ཞིག་གནང་ཡོད། དེ་ནི་མང་གཙོའི་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་དབང་ཡིན་པ་ངོས་འཛིན་གྱིས་དེ་ལ་བཅོལ་དགོས་ཤིང་། ལག་ལེན་བསྟར་དགོས་ལ་དེའི་ནང་དུ་གཙོ་བོ་མི་རིགས་དང་། ཁ་མདོག ཕོ་མོའི་དབྱེ་བ་མེད་པར་ཚང་མ་ལ་འདྲ་མཉམ་གྱི་རང་དབང་ཡོད་ཅིང་། སུ་ཞིག་ཡིན་ཡང་བྲན་གཡོག་ཏུ་བཀོལ་མི་ཆོག་ཁར། ཕྱི་རྒྱལ་ནང་རྒྱལ་གང་དུ་འགྲོ་ཡང་འགྲོ་ཆོག་པའི་རང་དབང་གི་ཕྱི་སྐྱོད་ལག་ཁྱེར་ 护照 སྤྲོད་དགོས་པ་དང་། མི་རྣམས་ལ་སྐྱེས་དུས་ནས་འདྲ་མཉམ་དང་རང་དབང་གི་འཚོ་བའི་ཐོབ་ཐང་ཡོད་པས། གཅིག་གིས་གཅིག་ལ་གནོད་འཚེ་གཏང་མི་ཆོག་ཅིང་སྤུན་ཟླའི་འདུ་ཤེས་འཛིན་དགོས་ལ། དེ་ལྟར་འཛིན་དགོས་དོན་ཡང་དེ་ནི་རང་བྱུང་གི་རང་དབང་ཡིན་ཞིང་། དེ་ལ་སུ་ཞིག་གིས་ཀྱང་རྩིས་མེད་གཏང་རྒྱུའི་ཐོབ་ཐང་མེད་པས་རེད།
༣༽ སྨྲ་བརྗོད་དང་གསར་འགོད་ཀྱི་རང་དབང་ནི་རྩོམ་འབྲི་སོགས་སྨྲ་བརྗོད་དང་བསམ་བློའི་རང་དབང་ཀུན་འདུས་ཡོད་ལ། འདི་བརྒྱུད་ནས་གཞུང་གི་ལངས་ཕྱོགས་མ་འགྲིག་པ་ཀུན་ལ་སུན་འབྱིན་དང་། སྤྱི་ཚོགས་ཁྲོད་དུ་གསལ་བཤད། མི་སོ་སོའི་འདོད་མོས་ཀྱི་རང་དབང་ཀུན་བཀོལ་སྤྱོད་བྱེད་ཐུབ་པས་རེད།
༤༽ དྲང་བདེན་གྱི་འོས་ཤོག་འཕེན་པའི་རང་དབང་ནི་ཧ་ཅང་གི་གལ་ཆེ་ཞིང་འདི་ནི་སྐྱེ་བོ་སྒེར་བ་རེ་རེས་འོས་རེ་བླུགས་ནས་རང་གི་དབུ་ཁྲིད་འདེམས་ཆོག་པའི་ཐོབ་ཐང་རེད་ལ། འདི་བརྒྱུད་ནས་གང་ཟག་སོ་སོར་རང་གི་རྒྱལ་ཁབ་ཀྱི་མདུན་ལམ་ཐག་གཅོད་ཆེད་དུ་ཆ་ཤས་ལེན་ས་ཞིག་བཟོས་ཡོད་པས། འོས་ཤོག་བརྒྱུད་ནས་ཡོང་བའི་དབུ་ཁྲིད་ཚོས་ཀྱང་མ་འོངས་པར་འོས་ཤོག་ཡང་བསྐྱར་ཐོབ་ཆེད་དང་། གོ་གནས་བརྟན་ཆེད་དུ་མི་མང་གི་གདོང་ལ་མི་ལྟ་ཐབས་མེེད་ཆགས་ཕྱིན། དེ་ཙམ་དབང་ཆ་ལོག་སྤྱོད་བྱེད་མི་ཐུབ་པར་ཕན་པས་རེད། འོན་ཀྱང་། ད་ལྟ་ཧོང་ཀོང་ལྟ་བུ་ལ་སྨྲ་བརྗོད་རང་དབང་ཡོད་ཀྱང་འོས་བསྡུའི་རང་དབང་མེད་པས་མང་གཙོ་ཡང་དག་པ་ཞིག་མིན་པར་གྲགས།
འདི་དག་བཞི་མེད་ཐབས་མེད་པའི་མང་གཙོའི་རྩ་བའི་ཆ་རྐྱེེན་ཁག་ཡིན་ལ་གལ་སྲིད་རྒྱལ་ཁབ་བམ། སྲིད་གཞུང་གང་ཞིག་ཆ་རྐྱེན་འདི་དག་དང་འགལ་ན། མང་གཙོ་རྩིས་མེད་བཏང་བའི་རྟགས་རེད་ལ། ཕྱེད་ཀ་ཙམ་མ་ཚང་ན་དེང་རབས་ཀྱི་མང་གཙོ་མིན་པའི་རྟགས་རེད།
མང་གཙོའི་རྩ་བའི་དམིགས་ཡུལ་ནི་གཞུང་གི་དབང་ཆ་ལ་ཚོད་འཛིན་གང་ཐུབ་ཀྱིས་དབང་ཆ་མི་མང་དང་། མི་མང་གིས་འདེམས་པའི་འཐུས་མི་ལ་བགོ་འགྲེམས་བྱས་ནས། གཅིག་གི་སྟངས་འཛིན་དུ་གཅིག་བཀོལ་ཏེ། དབང་ཆ་ཚོགས་པ་དང་། སྒེར་བ། མི་འབོར་མང་ཤོས་སོགས་སུ་ཞིག་གི་ལག་ཏུ་ཤོར་མི་ཐུབ་པ་བྱས་ཤིང་། དབང་ཆ་ཆ་སྙོམས་བཟོ་བྱེད་ཀྱི་ལམ་ལུགས་ཤིག་རེད།
དེ་ལྟར་བཟོ་དགོས་དོན་ཡང་མང་གཙོའི་སྲོལ་འབྱེད་པ་ཚོ་མི་སུ་ཞིག་དང་། ཚོགས་པ་སུ་ཞིག་ལ་ཡིད་མི་ཆེས་ཤིང་། ཁོང་ཚོའི་ལག་ཏུ་དབང་ཆ་ཤོར་ཞིང་སྟངས་འཛིན་བྱེད་མཁན་མེད་ན། སྒེར་གཅོད་བྱེད་ངེས་ཡིན་པ་ཚོར་བས་རེད། དེར་བརྟེན། ཆབ་སྲིད་ཀྱི་ཚོགས་པ་འདྲ་མིན་གྱི་འགྲན་བསྡུར་འོག་ཏུ་འོས་ཕྱོགས་ལ་བརྟེན་ནས་དབང་ཆ་བགོ་འགྲེམས་བྱས་ཞིང་། གྲོས་ཚོགས་ཀྱིས་འཛིན་སྐྱོང་ ༼སྲིད་འཛིན་ནམ་བཀའ་ཤག༽ ལ་སྟངས་འཛིན་དང་། འཛིན་སྐྱོང་གིས་གྲོས་ཚོགས་ལ་སྟངས་འཛིན། གྲོས་ཚོགས་དང་འཛིན་སྐྱོང་གཉིས་མཉམ་མཐུན་མི་ཡོང་རྒྱུའི་ཆེད་དུ་ཕྱོགས་འགལ་ཚོགས་པ་བཙུགས། ཁོང་ཚོ་ཀུན་གྱིས་ཁྲིམས་ལུགས་བཞིན་ལག་ལེན་བསྟར་གྱིན་ཡོད་མེད་ལ་སྟངས་འཛིན་བྱེད་མཁན་ཁྲིམས་ཁང་དང་། ཁྲིམས་རྩོད་པ། རང་དབང་གི་གསར་འགོད་པ་བཅས་བཙུགས་པས་རེད། དེའི་མིང་ལ་ཚན་རིག་གི་ཆབ་སྲིད་ཟེར་ཞིང་། དེས་དབང་ཆ་ལ་དགའ་བའི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་གཤིས་ལུགས་རྟོགས་ཤིང་ཀུན་གྱི་ཁེ་ཕན་སྲུང་བྱེད་ཆེད་དུ་འདི་ལྟར་རྩ་ཁྲིམས་བཟོས་པས། དེང་རབས་ཀྱི་མང་གཙོའི་ལམ་ལུགས་ནི་ཆབ་སྲིད་ཀྱི་ལམ་ལུགས་ཀུན་ལས་ཡང་རྩེ་ཡིན་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད།
ད་དུང་ཡང་མང་གཙོའི་རྩ་འཛིན་གཞིར་བཟུང་གིས་དུས་དང་སྐབས་ལ་བསྟུན་ནས་རྒྱལ་ཁབ་སོ་སོས་རང་ཉིད་ཀྱི་མང་གཙོའི་ལམ་སྲོལ་ཡར་རྒྱས་གཏོང་བཞིན་ཡོད་ལ། བཏང་ཡང་ཆོག་པས་ཡན་ལག་ཏུ་བབས་ན་རྒྱལ་ཁབ་སོ་སོའི་མང་གཙོ་སོ་སོའི་དགོས་མཁོ་དང་བསྟུན་ནས་བཟོས་པས་ཅུང་མི་འདྲ་བའི་ཁྱད་པར་ཡོད། དཔེར་ན། སྲིད་འཛིན་ལམ་ལུགས་དང་གྲོས་ཚོགས་ལམ་ལུགས། ཐད་ཀའི་ལམ་ལུགས་དང་། སྲིད་འཛིན་ལམ་ལུགས་ཕྱེད་ཀ་བཅས་ཡོད། ཡིན་ཡང་། ཁོང་ཚོ་ངེས་པར་དུ་བསྒྱུར་དུ་མེད་པའི་མང་གཙོའི་གོང་གི་རྩ་འཛིན་བཞི་ལ་ངེས་པར་དུ་བརྩི་སྲུང་བྱེད་དགོས། དེ་མ་བྱས་ན་མང་གཙོ་ཡང་དག་མ་རེད།
མང་གཙོའི་གྲོས་ཚོགས་དང་སྲིད་འཛིན་ལམ་ལུགས་སོགས་ཀྱི་ཁྱད་པར།
གྲོས་ཚོགས་ལམ་ལུགས་ཡིན་ན་སྲིད་འཛིན་དང་སྲིད་བློན་གཉིས་ལ་དབང་ཆ་བགོ་འགྲེམས་བྱས་ཡོད་པས། གྲོས་ཚོགས་དང་བཀའ་བློན་གཉིས་ཀྱི་འགན་འཛིན་སྲིད་བློན་ཡིན། སྲིད་འཛིན་ནི་མངའ་སྡེ་མཉམ་འདུས་ཀྱི་འགན་འཛིན་ཡིན། འོན་ཀྱང་། སྲིད་འཛིན་ལམ་ལུགས་ཀྱི་ཨ་རི་དང་བྷ་གཟལ་ལྟ་བུ་ཡིན་ན་སྲིད་འཛིན་ནི་སྲིད་གཞུང་དང་མངའ་སྡེ་མཉམ་འདུས་ཀྱི་འགན་འཛིན་ཡིན་པས་དབང་ཆ་ཧ་ཅང་ཆེ་ཡང་། སྲིད་འཛིན་གྱི་ཐག་གཅོད་མང་ཤོས་གྲོས་ཚོགས་བརྒྱུད་ནས་ཡོང་དགོས་པས་སྲིད་འཛིན་གྱི་དབང་ཆ་ལ་གྲོས་ཚོགས་ཀྱིས་ཚོད་འཛིན་བྱས་ཡོད། རྒྱུ་མཚན་ནི། གྲོས་ཚོགས་ཀྱི་ནང་ན་ཕྱོགས་འགལ་ཚོགས་པའི་འཐུས་མི་ཡོད་པས་ཡིན་ཁར། ཁོང་ཚོའི་དྲི་བ་ལ་ངེས་པར་དུ་སྲིད་འཛིན་གྱིས་ལྷ་དང་ལྷ་མོ་སོགས་ལྷ་དབང་ལམ་ལུགས་དང་མ་འབྲེལ་བ། མི་ཆོས་དང་མཐུན་པའི་ལན་འདེབས་བྱེད་དགོས་པས་རེད། དེ་ནི་མང་གཙོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེད་ལ། གཞུང་གིས་དབང་ཆ་ལོག་སྤྱོད་བྱེད་པར་སྟངས་འཛིན་བྱེད་སྤྱད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད།
ཆེ་ཁི་དང་ཧྥ་རན་སི་ལྟ་བུ་ཡིན་ན་སྲིད་འཛིན་ལམ་ལུགས་ཕྱེད་ཀ་ཙམ་གྱི་གྲོས་ཚོགས་ཀྱི་ལམ་ལུགས་ཀྱི་མང་གཙོ་ཡིན་ལ། ཡིན་དགོས་དོན་ཡང་སྲིད་འཛིན་ལ་ཕྱི་སྲིད་དང་། རྒྱལ་ཁབ་སྲུང་སྐྱོབ་ཀྱི་དབང་ཆ་ཀུན་ཡོད་ཁར། དམག་དཔོན་ཡང་ཡིན། འོན་ཀྱང་། ནང་སྲིད་ཀྱི་གནད་དོན་མཐའ་དག་སྲིད་བློན་གྱིས་འགན་ལེན་བྱེད་ཀྱིན་ཡོད། དེར་བརྟེན། སྲིད་འཛིན་དང་སྲིད་བློན་གཉིས་དབང་ཆ་བགོ་འགྲེམས་བྱས་ཡོད་ལ། གཅིག་གིས་གཅིག་ལ་སྟངས་འཛིན་བྱེད་རེས་དང་། སློབ་གསོ་རྒྱག་རེས་བྱེད་ཐུབ་པའི་ལམ་ཁ་བཟོས་ཡོད། དེ་ལྟར་བྱེད་ཐུབ་པའང་གཉིས་ཀ་མི་མང་དང་སྤྱི་འཐུས་གང་རུང་གིས་ལས་སྣེ་དེ་སྤྲད་པ་ལས་གཅིག་གི་རྐུབ་སྟེགས་གཅིག་གིས་སྤྲད་པ་མིན་པས་རེད།
དབྱིན་ཇི་ལྟ་བུ་ཡིན་ན་སྲིད་བློན་ནི་ཆབ་སྲིད་ཚོགས་པས་འདེམས་ཤིང་མི་མང་གིས་རང་ཉིད་མོས་སའི་ཆབ་སྲིད་ཚོགས་པ་གང་ཡིན་ཡང་། དེ་ལ་འོས་ཤོག་འཕེན་དགོས་པས། ཆབ་སྲིད་ཚོགས་པ་སུ་ལ་འོས་ཤོག་མང་ཤོས་ཐོབ་ན། དེའི་འགན་འཛིན་སྲིད་བློན་དུ་བྱེད་བཞིན་ཡོད། དེར་བརྟེན། སྲིད་བློན་གྱིས་བཀའ་བློན་འདེམས་སྐབས་ངེས་པར་དུ་གྲོས་ཚོགས་ཀྱི་འཐུས་མི་ཡིན་དགོས་ཁར། རྐུབ་སྟེགས་ཀྱང་ཚོགས་པ་སོ་སོའི་འོས་ཤོག་གི་མང་ཉུང་ལ་བརྟེན་ནས་ཐོབ་བཞིན་ཡོད།
ཨ་རིའི་སྲིད་འཛིན་ཡིན་ན་སྲིད་དོན་ཚོགས་པས་འདེམས་ཚར་ཕྱིན་མི་མང་གིས་ཐད་ཀར་འོས་ཤོག་བླུགས་ནས་འདེམས་བཞིན་ཡོད་ལ། ཁོས་བཀའ་བློན་ལ་སུ་ཞིག་བདམས་ཀྱང་། གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་ན་འདེམས་ཆོག་པའི་རང་དབང་ཡོད་ཁར་དམག་མིའི་འགན་འཛིན་ཡང་ཡིན།
རྒྱ་གར་ཡིན་ན་དབྱིན་ཇི་ལྟར་གྲོས་ཚོགས་ལམ་ལུགས་ཀྱི་མང་གཙོ་ཡིན་པས་སྲིད་བློན་ནི་དབང་ཆ་ཆེ་ཤོས་དེ་ཡིན་པ་འདྲ་ཡང་། སྲིད་བློན་ནི་མི་མང་གིས་ཐད་ཀར་འོས་འདེམས་བྱེད་ཀྱིན་ཡོད། འོན་ཀྱང་། སྲིད་བློན་གྱི་ཐག་གཅོད་ཀུན་ལ་སྲིད་འཛིན་གྱི་མཚན་རྟགས་ངེས་པར་དུ་དགོས་ལ། སྲིད་འཛིན་ཡིན་ཡང་སྲིད་བློན་གྱི་བསམ་འཆར་མེད་པར་སྒེར་ངོས་ནས་ཁྲིམས་ལུགས་གསར་པ་ཅི་ཡང་བཟོ་རྒྱུའི་དབང་ཆ་མེད་པར་བྱས་པས་དབང་ཆ་ཆ་སྙོམས་བཟོས་ཤིང་། ཕན་ཚུན་ལ་སྟངས་འཛིན་བྱེད་ཐུབ་པ་བཟོས་ཡོད།
བཙན་བྱོལ་བོད་གཞུང་དང་། ཨ་རབ་ཀྱི་རྒྱལ་ཁབ་མང་པོ། འཁྱག་རོམ་རྒྱལ་ཁབ་སོགས་ནི་གནའ་བོའི་གྷི་རིག་མང་གཙོ་ལྟར་ཆབ་སྲིད་ཀྱི་ཚོགས་པ་མེད་པའི་ཐད་ཀའི་མང་གཙོ་ཡིན་ཡང་། འཁྱག་རོམ་རྒྱལ་ཁབ་ཀྱི་གཞུང་ཞབས་རྣམས་ལོ་མང་ལས་བྱེད་བྱས་ནས་བསྡད་པའི་ལས་བྱེད་རྙིང་པ་རྣམས་ཡིན་པས། ཁོ་ཚོ་བཅོས་བསྒྱུར་ལ་མ་དགའ་བས་ ༢༠༠༨ ལོར་ཡུལ་དེར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཅིང་མི་མང་གིས་བཅོས་བསྒྱུར་དགོས་པའི་ངོ་རྒོལ་གྱིས་ ༢༠༡༣ ལོར་ཆབ་སྲིད་ཚོགས་པ་བཙུགས་ཤིང་འཐབ་རྩོད་བྱས་པས། ད་ལྟ་ཡུལ་དེ་ལ་ནུབ་ཕྱོགས་ཀྱི་མང་གཙོ་ལྟར་ཆབ་སྲིད་ཚོགས་པ་ཚོ་འགྲན་བསྡུར་གྱིས་སྲིད་དབང་སྐྱོང་བའི་མང་གཙོ་ཆགས་ཡོད།
ཉམས་ཞིབ་པ་མང་པོས་མི་འབོར་མང་ཚེ་ཐད་ཀའི་མང་གཙོ་ནི་ལག་ལེན་དུ་བསྟར་ཐབས་མེད་ཅིང་། མེད་དགོས་དོན་ཡང་དེས་འོས་ཤོག་ལ་སྟངས་འཛིན་བྱེད་མི་ཐུབ་པས། གྲངས་ཁ་མང་ཉུང་ཙམ་གྱིས་ཐག་གཅོད་བྱས་ཏེ། གྲངས་ཉུང་གི་ཆོས་ལུགས་དང་ཚོགས་སྡེ་ཚོའི་རང་དབང་སྲུང་མི་ཐུབ་པས། གྲངས་མང་ལ་ཅི་འདོད་དུ་དབང་ཤུགས་སྤེལ་སའི་ལམ་ཁ་ཡོད་པ་མ་ཟད། ཕྱོགས་འགལ་ཚོགས་པ་མེད་པས་གཙོ་འཛིན་ལ་གྲོས་ཚོགས་ནང་དུ་སྟངས་འཛིན་བྱེད་མཁན་དཀའ་བར་གྱུར་ཅིང་། དབང་ཆ་སྒེར་གཅོད་བྱེད་པའི་ལམ་ཁ་ཡོད་ཚུལ་སྨྲ། ལྷག་པར་དུ་སྲིད་གཞུང་གིས་གཞུང་གི་བརྒྱུད་ལམ་ཁག་ཅི་འདོད་དུ་བེད་སྤྱོད་བཏང་ནས་གཞུང་གི་ལངས་ཕྱོགས་ཁོ་ན་སྤེལ་ཞིང་། མི་རྣམས་ཕྱོགས་གཅིག་མ་གཏོགས་མི་མཐོང་མཁན་ཞིག་ཏུ་བསྒྱུར་ཏེ། གཅིག་བསྡུ་རིང་ལུགས་པའི་རྣམ་པ་ཐོན་པས་མང་གཙོ་ཡང་དག་ཅིག་ཡོང་ཐབས་དཀའ་བར་འདོད། གང་ལྟར་འདི་ནི་ཆོས་ལུགས་དང་མི་སྒེར་གྱི་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་ཚོས་ལག་ལེན་བསྟར་བཞིན་ཡོད།
འོན་ཀྱང་། ཐད་ཀའི་མང་གཙོ་བ་ཚོས་ཆབ་སྲིད་ཚོགས་པ་ཡོད་ན་མི་མང་གི་མངོན་འདོད་ལས་ཚོགས་པ་སོ་སོའི་ཁེ་ཕན་གལ་ཆེན་དུ་ལྟ་བས་ཆབ་སྲིད་ཚོགས་པའི་འགྲན་བསྡུར་དང་། མཉམ་འབྲེལ་གྱིས་སྲིད་དབང་སྐྱོང་བའི་ལམ་ལུགས་ཡག་པོ་མེད་ཚུལ་གྱི་སྐྱོན་བརྗོད་བྱེད་བཞིན་ཡོད། གང་ལྟར་དོན་དངོས་ཕྱོགས་འགལ་ཚོགས་པ་མེད་ན་འཛིན་སྐྱོང་གཙོ་བདག་དང་། གྲངས་མང་ལ་དབང་ཆ་མང་དུ་ཐོབ་ཁར། དབང་འཛིན་པས་ཁྲིམས་ལུགས་ལ་བཅོས་བསྒྱུར་དེ་ཙམ་གཏོང་མི་དགོས་པར་རྐུབ་སྟེགས་རྒྱུན་རིང་དུ་བརྟན་ངེས་རེད།
མང་གཙོའི་བྱུང་རིམ་དང་ལྟ་སྒྲུབ་སྐོར་ཉམས་ཞིབ་གནང་བའི་ཕྱོགས་བསྡོམས་ཁ་གསལ་བཀེད་པ་ཐུགས་རྗེ་ཆེ་།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་སུམ་པའི་ནང་ཡུལ་མིའི་རྒྱལ་ཁབ་ཟེར་བའི་ཚིག་ (Republic) འཁོད་ཡོད་ན་ཡང་ སྤྱིའཐུས་སྐབས་བཅོ་ལྔ་ནས་མང་གཙོ་སྤྱི་དང་མཐུན་པའི་ཐ་སྙད་
ཡུལ་མིའི་རྒྱལ་ཁབ་དེ་ལ་བསྐྱར་བཅོས་གནང་ནས་ཡུལ་མི་སྲིད་སྐྱོངལ་ཁཕྱོགས་འདུག་ན་ཡུལ་མིའི་སྲིད་སྐྱོང་ཟེར་བའི་ཐ་སྙད་འདིའི་གོ་དོན་ངོ་མ་དང་མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་གི་རྗེས་སུ་འབྲང་ནས་གཏན་འབེབས་གནང་བ་ཡིན་གསལ་བཤད་བཀྲིན་ཆེ་ཞུ་།
ེམང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་དང་།
རང་བཙན་རང་དབང་གང་བསམ་བརྗོད་མཁན་གཉིས་།
ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་སོགས་།
ཆབ་སྲིད་རིག་པས་གོ་རྟོགས་མ་ཐུབ་ནས་།
ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ་།
ཆབ་སྲིད་ཚོགས་པའི་རྨོངས་བཞེན་ལོ་རེ་བཞིན་ཇེ་ཆེར་འགྲོ་བའི་སྐབས་ལ། ཚོགས་པའི་འཐེན་ཁྱེར་གཙོ་བོར་གཞི་བྱས་ནས་རྒྱལ་ཁབ་དང་མི་མང་གི་ཁེ་ཕན་ལ་གྱོང་ཚད་མེད་བྱུང་བའི་གནས་ཚུལ་ཨ་རི་དང་། དབྱིན་ཇི། ཉི་ཧོང་། དེ་བཞིན་ཨི་ཊ་ལི་ལ་འབྱུང་བཞིན་པ་བརྗེད་འདུག་གམ།
དཔེར་ན། ད་ལྟའི་ཨ་རིའི་སྲིད་འཛིན་གྱི་འོས་མི་འགྲོ་ནོར་ཁྲོམ་གྱིས་ཨ་རིའི་རྩ་ཁྲིམས་ཀྱི་རྩ་བ་མི་ཚང་མ་འདྲ་མཉམ་ཡིན་པའི་ལྟ་བ་ལ་སྣང་ཟོད་ཀྱིས། མི་རིགས་དཀར་ནག་གི་དབྱེ་འབྱེད་མངོན་གསལ་འདོད་པོས་བྱེད་པ་དང་། ཕོ་མཆོག་མོ་དམན་གྱི་ལྟ་བ་མཁྲེགས་བཟུང་གིས། བུད་མེད་ལ་མཐོང་ཆུང་། ཕྱི་མི་རྣམས་ལ་ཁྱི་ལྟར་མཐོང་ཆུང་བྱས་ནས། ཨ་རིའི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ནང་འཁྲུག་སློང་བཞིན་ཡོད་རུང་། ཁོའི་ཆབ་སྲིད་ཚོགས་པའི་མི་སྣ་མང་ཤོས་ཀྱིས། དེ་དག་ཚང་མ་སྣང་མེད་བཏང་ནས། ད་དུང་ཁོ་འཐོབ་པར་རྒྱབ་སྐྱོར་བྱེད་པའི་རྒྱུ་མཚན་གཙོ་བོ་ནི། ཆབ་སྲིད་ཚོགས་པའི་འཐེན་འཁྱེར་གྱི་དུག་གིས་མྱོས་པ་ལྟ་བུར་འདུག་པས།
ཨ་ནུ་ནས་དེ་ལ་བཤད་པ་ཞིག་རྒྱོབས་དང་།
དབྱིན་ཇི་ལྟ་བུར་གྲངས་ཉུང་མི་མང་དཔེར་ན། དབྱིན་ཇིའི་གུ་ཡངས་ཚོགས་པར་ལོ་བརྒྱ་ལྷག་ཙམ་ནང་ཆབ་སྲིད་འཛིན་སྐྱོང་བྱེད་པའི་ཐོབ་ཐང་ཐོབ་མེད་ཅིང་། དབྱིན་ཇིའི་ནང་གི་མི་གུ་ཡངས་ཤོས་དང་། སློབ་སྦྱོང་ཡག་ཤོས། འཇོན་ཐང་ཆེ་ཤོས། ཕུགས་རིང་གི་བསམ་བློ་གཏོང་མཁན་གྱི་མིས་སྐྱོང་བཞིན་པའི་གུ་ཡངས་ཚོགས་པ་དེ་ལ་ནམ་ཡང་གོ་སྐབས་ཐོབ་མེད་པ་མ་ཟད། ཚོགས་པ་དེའི་ལྟ་བ་དང་ལངས་ཕྱོགས་དབྱིན་ཇིའི་སྤྱི་ཚོགས་ནང་ལ་བསླེབ་མ་ཐུབ་པའི་རྒྱུ་མཚན་ནི། དབྱིན་ཇིའི་ཆབ་སྲིད་ཀྱི་རིག་གཞུང་དེ་ཡང་། ཆབ་སྲིད་ཚོགས་པའི་ཤོག་ཁག་ལ་གཞི་མ་བྱས་ནས་བཙུགས་པས། དེ་ཡང་ཆབ་སྲིད་ཚོགས་པའི་སྐྱོན་ལས་དགེ་མཚན་ལ་མི་མངོན།
ཨི་ཊ་ལི་དང་རྒྱལ་ཁབ་མང་པོར་དཀའ་ངལ་དེ་ཡོད་པས། ཆབ་སྲིད་ཚོགས་པ་ནི་འདམ་ག་ཡག་ཤོས་ཡིན་པའི་ལྟ་བ་དེར་ཉིན་རེ་བཞིན་མི་མང་པོ་དྭོགས་པ་ཡོང་བཞིན་གདའ།
ནོར་བཅོས།
སྣང་ཟོད་ཅེས་པ། སྣང་ཆུང་ལ་གྱུར་རོགས།
ངས་བལྟས་ན། མི་མང་གི་ལྟ་བ་གཙོ་བོར་འཛིན་པའི་ལམ་ལུགས་ཤིག་མ་བཟོས་པ་དེས་ཚང་མ་ཆུགས་འདུག
ངས་གོང་ལ་ཆབ་སྲིད་ཚོགས་པའི་ལམ་ལུགས་ཀྱི་མང་གཙོར་སྐྱོན་ཆ་ཆེན་པོ་འདུག་ཟེར་བའི་གནས་སྐབས་དེ་རང་ལ། ཨ་རིའི་སྲིད་འཛིན་ཨོ་དཔའ་མས་དེ་ག་རང་ད་ལྟ་བཤད་མ་ཐག་རེད། འདི་ལ་གཟིགས་དང་།
https://www.youtube.com/watch?v=i_Ijjkt6Fkw
བཙན་བྱོལ་སྤྱི་ཚོགས་ནང་ཆོལ་ཁ་དང་ལུང་ཚན་སོགས་
ཚོགས་སྐྱིད་ཁག་ནས་སྲིད་སྤྱིའི་འོས་མི་སྟོན་ནས་ཞི་བའི་
མི་མང་གི་འོས་བསྡུའི་བསམ་སྤྱོད་རང་དབང་ལ་བརྡོ་ཕོག་གཏོང་
བཞིན་པའི་ལམ་ལུགས་འདི་ཁྲིམས་བཟོ་སྤྱི་འཐུས་གྲོས་
ཚོགས་ནས་ཁྲིམས་སྒྲིག་གཏན་འབེབས་ཀྱི་བརྒྱུད་ནས་
བཀག་མ་ཐུབ་ཚེ་བཙན་བྱོལ་སྤྱི་ཚོགས་ནང་མགོ་འདྲེན་རིང་
ལུགས་དང་ཕྱོགས་གཏོགས་ཆབ་སྲིད་ཀྱི་དྲི་ངན་ནམ་
ཡང་ཡལ་མི་ཐུབ་ན་མང་གཙོ་དང་རང་དབང་ཁྲིམས་ཀྱིས་དབང་
བསྒྱུར་ལ་འགན་འཁུར་ཐུབ་པའི་དགོང་པ་ཆེ་ཙམ་བཞེས་རོགས་
ཐུགས་རྗེའི་གཟིགས་།
སྲིད་སྐྱོང་ཞེས་བའི་ཚིག་འདི་ནི ༡༧༤༨ ལོར་སྡེ་སྲིད་ཕོ་ལྷའི་སྲས་སྲིད་སྐྱོང་ད་ལའི་བཱ་ཐུར་འགྱུར་མེད་རྣམ་འགྱུར་ནས་འགོ་བཙུགས་ནས་སྲིད་སྐྱོང་ཞེས་བའི་ཚིག་འདི་བྱུང་འདུག དེའི་དོན་ནི་ཆོས་ཕྱོགས་མ་ཡིན་པ་སྲིད་ཕྱོགས་ཀྱི་གཙོ་འཛིན་ཡིན་པའི་དོན་རེད་ལགས། བློ་སེང་ལ་སྲིད་སྐྱོང་ཅེས་བ་དེའང་དེ་སྔོན་དགའ་ལྡན་ཕོ་བྲང་གི་འགྲོ་སྟངས་དེ་གཞི་བཅོལ་བ་རེད་ལགས།
གཞནང་ཡང་ཟུར་གནས་ཀྱིས་ཨ་རི་དང་དབྱིན་ཇིའི་ནང་གི་དཀའ་ངལ་ཆུང་ཚགས་རེ་ཟུང་དང་། འགལ་བ་ཆུང་ཚགས་རེ་ཟུང་ཞིག་བརྗོད་ནས་ཆབ་སྲིད་ཚོགས་པ་ཡོད་ན་མི་བཟང་ཚུལ་གསུངས་ཀྱང་། གལ་སྲིད་དེ་དག་ནང་དག་ཆབ་སྲིད་ཚོགས་པ་མེད་ན། གྲངས་མང་གིས་དབང་བསྒྱུར་ཁོ་ན་བྱེད་ཅིང་། ཚོད་འཛིན་བྱེད་མཁན་གཏན་ནས་མེད་པ་ཆགས་ཏེ། ད་ལྟའི་དཀའ་ངལ་ལས་ཀྱང་རྡབ་མང་པོའི་སྡུག་ཏུ་འགྲོ་ངེས་རེད། དེ་བརྟེན། ནུབ་ཕྱོགས་པས་དེ་གསལ་བོ་རྟོགས་ནས་ཆབ་སྲིད་ཚོགས་པ་དུ་མའམ། མང་པོ་བཙུགས་ནས་འགྲན་བསྡུར་བྱེད་ཀྱིན་ཡོད། ཆབ་སྲིད་ཚོགས་པ་མེད་ཅིང་འགྲན་བསྡུར་མེད་ན། གཞུང་གི་ལྟ་གྲུབ་གཅིག་ལས་གཞན་པ་དེ་ཙམ་ཡོང་ས་མེད་པས་གཅིག་བསྡུ་ཡི་རྣམས་པ་ཐོན་ངེས་རེད།
ཁྲིམས་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་ཞེས་བ་ལས། མི་རེའི་སློབ་སྦྱོང་གི་གནས་ཚད་དང་། དཔལ་འབྱོར། རིག་པ་དང་འཇོན་ཐང་འདྲ་མཉམ་རེད་ཅེས་བ་མ་རེད། སོ་སོས་གཞན་རྗེས་མ་ཆོད་ན། ཡོད་ཚད་གཅིག་པ་ནམ་ཡང་སྤྲད་མི་སྲིད་ལ། མི་སྤྲད་པའང་བདེན་པ་དང་དྲང་བོ། རང་བྱུང་གི་གནང་བའི་ཁྲིམས་རེད། ཡིན་ཡང་། དེ་ལ་བརྟེན་ནས་འཇོན་མཁན་དེས་རབ་བྱུང་ན་མི་འཇོན་མཁན་ལ། རོགས་སྐྱོར་དང་བསམ་ཤེས་བཏང་དགོས་ལ། དེ་མ་ཐབ་ཀྱང་ཁོ་དང་། ཁོ་ཚོའི་འཇོན་པའི་རྒྱུ་མཚན་ལ་བརྟེན་ནས་མི་འཁོན་མཁན་ལ་སུན་འཚེར་དང་དེའི་སྨྲ་བརྗོད། བསམ་བློ་དང་འདོད་མོས་ཀྱི་རང་དབང་ལ་བཀག་འགོག་གཏན་ནས་བྱེད་དབང་མེད། བྱེད་མི་ཉན་པའང་རང་གིས་གནང་བའི་འགྲོ་བ་མིའི་ཁྲིམས་ཡིན་པས་རེད། ཁྲིམས་དེ་མང་གཙོའི་རྒྱལ་ཁབ་ཚོས་ལག་ལེན་བསྟར་བས་དེ་བས་རེད།
ཨ་རིས་མི་ནག་ལ་དབྱེ་འབྱེད་ཨེ། མི་ནག་གིས་ཨ་རིའི་མི་འབོར་གྱི ༡༤% ཙམ་ལས་ཟིན་མེད་ཀྱང་། ཨོ་བྷ་མ་ལ་སྲིད་འཛིན་ཐོབ་ཡོོད། འོན་ཀྱང་། རང་གིས་མ་འཇོན་པ་ཡིན་ན་གང་ནས་ཡིན་ཡང་རིན་ཐང་སྤྲད་མཁན་དཀོན་པའི་གནད་ལུགས་རྟོགས་པ་མཛོད།
གུ་ཡངས་ཚོགས་པ་ལ་འོས་གྲངས་མ་འདང་བ་དེ་དབྱེ་འབྱེད་ཡིན་ན། དབྱིན་ཇིའི་ནང་དུ་བར་དུ་ཆབ་སྲིད་ཚོགས་པ་ཁོ་ན་གཅིག་མི་མང་གིས་འདེམ་ནས་ཡོང་བ་རེད་དམ། མ་རེད། དུས་དང་སྟུན་ནས་རྒྱལ་ཁབ་དེ་ཚོའི་ནང་དུ་ཆབ་སྲིད་ཚོགས་པ་དུ་མས་སྲིད་གཞུང་འཛིན་རེས་བྱས་ནས་ཡོང་བ་རེད་ལ། མི་མང་གིས་ཀྱང་དེ་ལྟར་འདེམས་ནས་ཡོང་བ་རེད། ཡོང་དགོས་དོན་ཡང་མི་མང་ལ་གདམ་ཁ་ཡོད་པས་རེད་ལ། ཆབ་སྲིད་པ་ཀུན་ལ་གོ་སྐབས་འདྲ་མཚུངས་སུ་ཡོད་པས་རེད།
ཨ་ནུ་ཐང་གིས་ཟུར་གནས་ལ་ལན་ཐེབས་མིན་འདུག ཟུར་གནས་ཟེར་མཁན་དེ་ཆབ་སྲྲིད་ཤེས་མཁན་ཞིག་རེད་འདུག
ལྷ་དབང་རིང་ལུགས་དང་པ་དམར་ཕྱོགས་ཀྱི་ལྟ་བ་ཤུགས་ཆེ་ཡོད་མཁན་གཉིས་ཀྱིས་འདྲ་མཉམ་དང་། རང་དབང་ཞེས་བའི་མང་གཙོའི་རྩ་འཛིན་གྱི་གོ་དོན་ཡག་པོ་ཞིག་ལེན་མི་ཐུབ། དམར་ཕྱོགས་པས་འདྲ་མཉམ་ཞེས་ན། དཔལ་འབྱོར་གྱི་འདྲ་མཉམ་ཏེ། གཞུང་གིས་སྒེར་གཅོད་ཀྱིས་ཡོད་ཚད་འཁུར་ནས་དེ་ལས་ཁག་ཅིག་མི་མང་ལ་འདྲ་མཉམ་གྱིས་བགོ་བའི་དོན་ལ་གོ་བ་ཙམ་ལས། མི་ཀུན་ལ་གཅིག་མཚུངས་ཀྱིས་དཔལ་འབྱོར་འཚོལ་བའི་གོ་སྐབས་སོགས་འདྲ་མཉམ་དུ་ཡོད་པའི་དོན་ལ་གོ་མི་ནུས་བ་མ་ཟད། རང་དབང་ཞེས་བའང་དམར་ཕྱོགས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུའི་རང་དབང་དང་། ཐོབ་ཐང་ཙམ་ལས། དེ་ལས་ལྷག་གི་འགྲོ་བ་མིའི་གཞི་སྨྲ་བསམ་དབང་དང་། སྒེར་གྱི་རང་སྲུང་གི་རང་དབང་སོགས་ངེས་བར་དུ་དགོས་བའི་དོན་ལ་གོ་བ་ལེན་མི་ཤེས།
དེ་བཞིན་ལྷ་དབང་རིང་ལུགས་པ་ཡིན་ཡང་འདྲ་མཉམ་ཞེས་བའི་དོན་ནི་མི་དང་ཚོགས་པ་ཀུན་གྱི་ནུས་ཤུགས་སོགས་འདྲ་མཉམ་ཡིན་པའི་དོན་དང་། རང་དབང་ཞེས་བའང་དད་པ་བྱེད་རྒྱུའི་ཐོབ་ཐང་ཡོད་པའི་དོན་ཙམ་ལས། ཐ་ན་གཞན་གྱི་འདོད་འདུན་ལ་ཚོད་འཛིན་དང་། ལྷ་མོ་ཞུས་ནས་གཞུང་གི་ལས་དོན་གང་ཞིག་ཡིན་ཡང་ཐག་གཅོད་བྱེད་རྒྱུའི་རང་དབང་མེད་པའི་རྩ་འཛིན་འདི་དག་གི་དོན་རྟོགས་མི་ཐུབ། རྟོགས་པ་ཡིན་ན། ཁོང་ཚོའི་ཁེ་ཕན་ལ་གནོད་པས་ལན་ལན་འདེབས་དཀའ་བའི་གནད་འགག་ལ་ཐུག་སྐབས་སུ་ཁོ་ཚོས་མི་ལུང་རྩིས་གསུམ་དང་། སྐུ་རྟེན་སོགས་གཟུགས་མེད་ཀྱི་ནུས་བ་བེད་སྤྱོད་བཏང་ནས། མི་ཆོས་དང་མཉམ
བསྲེས་ཀྱིས་མི་མང་འཐོམས་སུ་བཅུག་མི་པས་རེད། གསལ་བོ་བཤད་ན་མང་གཙོའི་གོ་དོན་ལེགས་པ་ལེན་ཐུབ་ན། མོ་ལུང་སྐུ་རྟེན་སོགས་བེད་སྤྱོད་བཏང་ནས་མི་མང་མགོ་སྐོར་བཏང་མི་ཐུབ་པས་རེད།
མཁས་དབང་ཨ་ནུ་ལགས་ཀྱིས་ཡག་པོ་གསུངས་འདུག འདབ་གཤོག་གཉིས་ལྡན་གྱི་མིའི་སྐད་ཆ་ལ་གོ་རྒྱུ་ཆེན་པོ་འདུག