སེར་ཤུལ་རིན་ཆེན་དོན་གྲུབ།
རྟ་ནག་སྐལ་བཟང་ལུང་རིགས་ཞེས་པའི་མིང་འདི་སྔ་མོ་ནས་ཐོས་མྱོང་ལ་ཁོང་གིས་བྲིས་པའི་རྩོམ་ཡིག་འགའ་ཞིག་གི་ཡིད་འགུག་གི་ནུས་པས་ཁོང་ལ་གདེང་འཇོགའང་བྱེད་མྱོང་། ཁོང་གིས་ཚོད་ཚོད་དང་ཞིབ་འཇུག་གཏིང་ཟབ་མ་བྱས་པར་བྲིས་པའི་རྩོམ་ཡིག་(གཏམ་རྒྱུད་གསུམ་གྱི་རྒྱབ་ལྗོངས་ལས་འཕྲོས་པའི་རིག་གནས་ཤིག་གི་ཉེས་དམིགས་གླེང་བ་)ཞེས་པའི་རྩོམ་ཡིག་དེར་(ཕྱོགས་ངོས་གཞན་ཞིག་གི་ཉེས་དམིགས་གླེང་བ་)ཞེས་པའི་དགག་ཡིག་ཅིག་ཀྱང་བྲིས་མྱོང་། (རྩོམ་ཡིག་གཉིས་ཀ་(དུས་འགྱུར་)དུས་དེབ་ཏུ་བཀོད་ཡོད་)གང་ལྟར་ངས་རྟ་ནག་པ་མཐོང་བ་ནི་ཁོང་གི་དཔྱོད་ཤེས་ཀྱི་རྩལ་ལས་ཐོན་པའི་རྩོམ་ཡིག་དང་ཟིན་བྲིས་ཀྱི་མདུན་ངོས་སུ་བཞག་པའི་ཁོང་གི་འདྲ་པར་ཙམ་ཡིན།
ང་ཟིན་བྲིས་སུ་ཞུགས་ནས་ཡུན་རིང་མ་སོང་བར་རྟ་ནག་པས་(བདག་གིས་དྲ་རྩོམ་མི་སྤེལ་དོན་)ཞེས་པའི་རྩོམ་ཡིག་ཅིག་སྤེལ་སོང་། དེ་ནི་ཏག་ཏག་བདག་གིས་བྲིས་པའི་(དྲི་རྟགས་ཆེན་པོ་གཉིས་)ཞེས་པའི་རྩོམ་ཡིག་དེ་སྤེལ་བའི་རྗེས་དེ་མ་ཐག་ཏུ་ཁེལ་ཞིང་དེ་དང་དུས་མཚུངས་སུ་སྤེལ་བའི་བསྟན་འཇམ་གྱི(དྲ་ལམ་འཕེལ་རྒྱས་དང་བསྟུན་ནས་ཁྱོད་ཚོར)ཞེས་པ་གསུམ་ནི་བརྗོད་གཞི་ཕལ་ཆེར་འདྲ་བའི་རྩོམ་ཡིག་གསུམ་ཡིན།
རྩོམ་ཡིག་འདི་གསུམ་ནི་མདོར་བསྡུས་ན་དྲ་བའི་རིག་གནས་འདི་ཟིན་བྲིས་པ་དང་རྩོམ་པ་པོ་ཚོས་ཡར་རྒྱས་གཏོང་དགོས་པ་དང་བརྡ་དག་གི་གཞི་རིམ་འགྲོ་སྟངས་ཙམ་ཡང་མེད་པའི་དྲ་འབུ་དང་འདྲ་འབུ་དག་གི་ཉེས་སྤྱོད་ཀྱིས་ཤེས་ཡོན་པའི་སྡེ་ཡི་ཆེ་མཐོང་ཉམ་རྒུད་ཀྱི་ཕྱོགས་ལ་མཐུན་རྐྱེན་སྐྲུན་གྱི་ཡོད་ཅིང་བཙན་བྱོལ་རྩོམ་རིགས་ཀྱི་ཁ་ཕྱོགས་གོལ་སར་འཁྲིད་ཀྱི་ཡོད་པའི་སྐོར་གྱི་སེམས་ཁྲལ་རང་བཞིན་གྱི་འབོད་སྐུལ་དང་དགག་བཞག་ཀྱི་རྣམ་པ་ཅན་གྱི་རྩོམ་ཡིག་ཅིག་ཡིན། རྩོམ་ཡིག་འདི་དག་སྤེལ་བ་དང་(ཨ་འདུས་མིག་ཆུའི་)གསང་མིང་གི་འོག་ཏུ་གབ་པའི་ཟིན་བྲིས་པ་ཞིག་གིས་(ཟིན་བྲིས་པ་ལབ་རྒན་ཚོ། ཁ་ཚུམས)ཞེས་པའི་སྙན་འཇེབས་ཀྱི་འགྱུར་ཁུགས་བྲལ་ཞིང་ལུང་སྐད་རང་བཞིན་གྱི་རྡོ་ཆག་བཙན་བསྒྲིགས་ལྟ་བུའི་ཚིགས་བཅད་རྣམ་ཅན་གྱི་རྩོམ་ཡིག་ཅིག་སྤེལ་སོང་།
དེ་ལ་རྒྱབ་སྐྱོར་གྱི་མཆན་བུ་འདེབས་མཁན་རང་མིང་བརྗོད་ཕོད་དང་མ་ཕོད་པའི་སྐྱེ་བོ་སྐོར་ཞིག་ཀྱང་སྔ་རྗེས་སུ་ཡོང་ནས་བསམ་ཚུལ་བཤད་སོང་། དེའི་བརྗོད་དོན་ནི་ང་རང་གི་གོ་ཚད་ལྟར་མདོར་བསྡུས་ན་ཁྱེད་ཚོ་ང་རྒྱལ་ཆེའོ།། ཁྱེད་ཚོ་སྒེར་གཅོད་པའོ།། བོད་གཞུང་ལ་སྐྱོན་བརྗོད་མི་ཆོག་གོ། ང་ཚོ་ལ་སྐྱོན་བརྗོད་མི་ཆོག་གོ། ཟིན་བྲིས་འདི་ཁྱེད་ཚོ་ཁོ་ནས་བདག་བཟུང་བྱེད་མི་ཆོག་གོ། དྲ་བའི་རིག་གནས་ཉམ་རྒུད་ཕྱིན་པ་བདེན་པ་རེད་དོ།། ཁྱེད་ཚོ་ཁ་ཚུམས་ཤིག་ཅེས་པ་འདིའོ།།
ཁོས་གང་བཤད་པ་དེ་རྟ་ནག་པའི་རྩོམ་ཡིག་དེར་དམིགས་འདུག་ལ་ཞོར་དུ་གནས་ལུགས་དང་བརྗོད་གཞི་ལ་མི་ལྟ་བར་མི་གཞིའི་ཐོག་ཏུ་རྒྱ་གྲམ་འདེབས་པའི་གཤིས་སྤྱོད་ཅིག་ཀྱང་མངོན། གང་ལྟར་ང་ནི་གནས་ལུགས་དང་ཤེས་རབ་ཀྱི་རྗེས་སུ་འབྲངས་ནས་དོན་དངོས་དང་མཐུན་པའི་རྟ་ནག་པའི་ལངས་ཕྱོགས་དེར་འགྲོ་རྒྱུ་ཡིན།
ང་ཚོས་བློ་རྒྱ་ཆེར་བསྐྱེད་དང་གུ་ཡངས་རང་བཞིན་གྱིས་གནས་ལུགས་འདིར་དཔྱད་ཞིབ་ཅིག་བྱས་ན་དོན་དམ་པར་དྲ་བའི་རིག་གནས་ཉམ་རྒུད་ཕྱིན་པ་འདི་བདེན་པ་ཡིན་པའི་ཐུན་མོང་གི་ཁས་ལེན་འདི་གཞི་རྩར་བཟུང་ནས་འདི་ཇི་ལྟར་ཡར་རྒྱས་སམ་ཉམ་རྒུད་ལས་སྐྱོབ་དགོས་པའི་སྐོར་ལ་བསམ་ན། ཤེས་ཡོན་པ་མིན་པ་ཤེས་ཡོན་པའི་གྲལ་ནས་ཕུད་རྒྱུ་དང་བརྡ་སྤྲོད་རིག་པའི་གཞི་རིམ་གྱི་ཤེས་ཚད་མེད་མཁན་ཚོས་སྤེལ་བའི་ར་མགོ་ལུགས་སྦྱར་དང་བརྡ་སྤྲོད་རིག་པའི་ཁྲིམས་གཞི་ལས་རིང་དུ་བརྒལ་བའི་འཁྱལ་རྩོམ་དེ་ཚོ་རྩོམ་ཡིག་གི་གྲལ་ནས་ཕྱིར་འབུད་བྱེད་དགོས། དེ་ནི་སྐྱོན་བརྗོད་དང་དགག་རྒྱག་གི་བྱེད་ཕྱོགས་སྤྱད་ནས་འགོག་རྒོལ་བྱེད་པ་ལས་ཐབས་ལམ་གཞན་དུ་མེད།
མ་གཞི་ཤེས་ཚད་ཀྱི་རྒྱ་ཁ་མ་ལོངས་པའི་གསང་མིང་མཁན་འདི་ཚོས་ཁོང་ཚོའི་ལྟ་བ་དང་བསམ་ཚུལ་མཐུན་མིན་གྱི་གནས་སྐབས་གང་དུ་ཡང་། ཞིབ་འཇུག་དང་དཔྱོད་ཤེས་ཀྱི་ཐག་གཅོད་ལ་བརྟེན་པའམ་གནས་ལུགས་ཀྱིས་ཕུ་འདེད་མི་བྱེད་པར་”ཁ་ཚུམས”སྒེར་གཅོད་པ”ང་རྒྱལ་ཅན”སོགས་ཀྱི་བརྗོད་ཚིག་གནག་པོ་མང་པོ་ཞིག་གཅིག་ཐོག་གཅིག་བརྩེགས་ཀྱིས་གང་ཞིག་ལ་དགག་བྱ་ཡོད་པའི་རྒྱུ་མཚན་དང་།
གང་ཞིག་གི་སྒྲུབ་བྱེད་གསལ་བརྗོད་བྱེད་པ་ལས་ལྡོག་སྟེ་ཁ་གཏད་ཀྱི་གང་ཟག་དེའི་སྒེར་སྐྱོན་བསྔོག་པར་གཞོལ་འགྲོ་བ་འདི་ནི་ཆེས་ཐ་ཤལ་དང་ཆེས་བླུན་རྨོངས་ཀྱི་བྱ་སྤྱོད་ཅིག་ཡིན། ང་ཚོའི་ཤེས་ཡོན་པའི་མིང་འཛིན་པ་མང་པོ་ཞིག་གི་རྒྱུད་ལ་བྱ་སྤྱོད་འདི་འཇགས་པས་དགག་སྒྲུབ་རྩོམ་རིགས་ཀྱི་ལས་ལ་གཞོལ་བའི་སྐབས་མང་པོར་ལམ་ནོར་ལྡོག་ཤེས་དང་། ཡར་རྒྱས་མདུན་སྐྱོད་བྱེད་པ་ལས་ལྡོག་སྟེ་ཁྱོད་ཤི་ང་གསོན་དང་དཔུང་བསྡེབ་འཁྲུགས་འཛིང་གི་ལས་འགོ་རྩོམ་གྱི་ཡོད། འདི་ནི་རྒྱལ་ཁབ་དང་མི་རིགས་གཞན་གྱི་ཤེས་ཡོན་པའི་སྡེ་ན་མེད་པའི་ང་ཚོའི་སྒེར་ཆོས་ཤིག་ཡིན།
འདི་ཡང་ཕར་དེད་ན་ཀླད་པའི་རྒྱ་ཁྱོན་ན་ཤེས་ཚད་ཀྱི་ནུས་པའི་ཕྱོགས་ངོས་ཤིག་གོར་ཐིག་ཡིན་པའི་རྒྱུ་མཚན་འདི་ཁོ་ནའོ།། བདག་ཉིད་བདག་གི་མགོན་ཡིན། རང་ཉིད་ནས་འགོ་རྩོམ། ལྗིད་ཁོག་དང་དོན་སྙིང་ཅན་གྱི་བརྗོད་ཚིག་འདི་གཉིས་སྣང་ཆུང་དུ་བཞག་མི་རུང་བའི་གནས་ལུགས་གསོན་པོ་འདིས། ང་ཚོ་ལ་ཅི་ཞིག་བཤད་ཀྱི་ཡོད་དམ། རེ་བ་དང་འདུན་པས་གསར་དུ་སྒོ་འབྱེད་བྱས་པའི་བོད་ཡིག་དྲ་ལམ་འདི་དག་དག་ཆ་དང་། སྡེབ་སྦྱོར། ཚིག་ཕྲད་སོགས་ཀྱི་འགྲོ་སྟངས་ཙམ་ཡང་མི་ཤེས་ཤིང་ཐ་ན་རང་མིང་དང་རང་ངོའང་ཕྱི་ལ་སྟོན་མི་ནུས་པའི་ཤེས་སྟོང་ཧམ་ཆེན་པ་སྐོར་ཞིག་གི་ཆོ་མེད་འཁྱལ་གཏམ་བཤད་ས་ཞིག་ཏུ་བསྒྱུར་དགོས་སམ། གལ་སྲིད་དགོས་ན་ལེག་སོ་ལེགས་སོ་ཞུ་རྒྱུ་ཁོ་ནའོ།།
མི་དགོས་ན་ལེགས་བཅོས་ཇི་ལྟར་བྱ་དགོས་སམ། སྐྱོན་བརྗོད་བྱས། དགག་བཞག་བྱས། བཟང་པོ་ལ་རིན་ཐང་སྤྲད། ཆེ་བསྟོད་ཕུལ། གདེང་འཇོག་བྱས། ངན་པའི་སྐྱོན་མཚང་བསྔོགས། ཐེར་འདོན་བྱས། དྲང་བདེན་གྱི་ཚད་ཐིག་བཟུང་། འདི་ལྟར་བྱས་ནས་ལེགས་བཅོས་བྱ་དགོས། འདི་ནི་དྲ་བའི་བོད་ཡིག་དང་རྩོམ་བྲིས་ལེགས་བཅོས་གཏོང་བའི་ཐབས་ལམ་གཅིག་པོ་དེ་ཡིན།
དེ་མིན། ལེགས་བཅོས་གཏོང་དགོས། ཐབས་ལམ་མེད། ཁྱེད་ཚོ་ཁ་ཚུམས་ཤིག་ཟེར་ན་ང་ལ་སྙིང་རྗེ་ཟེར་རྒྱུ་ལས་གཞན་མ་མཆིས་སོ།།
དྲ་གྲོགས་ཚོ་ང་ཚོས་ཅིས་ཀྱང་རང་ཉིད་ནས་འགོ་བརྩམ་དགོས། དཀྱེལ་ཡངས་དང་བློ་གྲོས་ལ་འགྲོགས་ནས་བོད་ཡིག་གི་དྲ་བའི་རིག་གནས་འདི་ཡར་རྒྱས་གཏོང་དུ་ཕེབས་ཤོག
ཁྱོད་ལ་ཁ་ཚུམས་ཤིག་ཟེར་ན་བསྡད་ཐབས་མེད་པ་ཞིག་ཡིན་འགྲོ། ཁྱོད་ལ་གླུ་ལོན་ཤིག་ཟེར་ན་བཙུམ་ཐབས་མེད་པ་ཞིག་ཡིན་འགྲོ། དྲ་བའི་རྒྱུ་ལམ་འདིར་དགག་སྒྲུབ་དབེན་པའི་གནས་ལུགས་གཅེར་མཐོང་བ་ཞིག་ཡིན་ན། ཕན་ཚུན་དགག་སྒྲུབ་མཚོན་ཆས་འཕྲུལ་འཁོར་སྐོར་བའི་མཆན་རིང་དག་རྒྱན་མེད་གཅེར་བུའི་ངག་ཞི་དགེ་བར་བསྒྱུར་བའི་སྒྲུབ་བྱེད་ཅིག་བསྟན་རྒྱུ་ཡོད་དམ།་