བསྟན་འཛིན་ཆོས་སྐྱོང་ནས།
དུས་འགྱུར་རླུང་གིས་སྒྲིབ་པ་གངས་ཀྱི་མདངས།།
གསལ་མཛད་བསིལ་ལྗོངས་མགོན་གཅིག་མི་ཕམ་པའི།།
ཡང་དག་ལམ་གྱི་བདེན་སྟོབས་གནང་སྐྱེས་ཀྱིས།།
འགོག་མེད་འཁྲུངས་པ་སྤེན་པ་ཚེ་རིང་ཅན།།
སྲིད་ཀྱི་ཁྲི་འཕང་བཞེས་པའི་སྟ་གོན་མཛད།།
གངས་ཅན་ཞིང་གི་བདེན་དོན་ཉི་མའི་འོད།།
སྒྲིབ་ལ་འབད་པའི་ལས་ངན་སྡིག་ཏོའི་ཚོགས།།
ཕམ་མཛད་མང་པོས་བཀུར་བའི་ཚོགས་ཀྱི་གཙོ།།
ས་ལའི་ལྗོངས་ཀྱི་བཀྲ་ཤིས་དར་གྱི་སྣེར།།
འཁོད་པའི་དགའ་སྟོན་ཁམས་གསུམ་དགའ་བས་རོལ།།
ཚེ་རིང་སྐྱེས་པ་དར་མའི་ལང་ཚོ་ལ།།
གཞན་ཕན་དཔག་བསམ་ལྗོན་པའི་ཡལ་འདབ་ཀྱིས།།
རབ་བརྒྱན་མཛེས་སྡུག་དགའ་བའི་གཏམ་བཟང་ཅན།།
ཛ་ཧུ་བུ་མོའི་རྒྱུན་གྱིས་ཉེར་བསྐྱངས་ནས།།
ས་ལ་དགེ་བའི་ཁྲི་འཕང་མངོན་དུ་བཞེས།།
དུས་དེར་མ་རངས་དྲན་པས་རྒྱུད་བརླམས་པའི།།
ཡ་ཁོག་སྦྲུལ་གདུག་རླངས་པས་སྒྲིབ་པ་ཅན།།
མི་འདོད་ཆོ་ངེ་མཚན་གྱི་གདུང་མོ་ཡི།།
མྱ་ངན་ཤུ་སྒྲ་འཁོར་བ་བསེར་བུའི་གཟུགས།།
སྐྱོབ་པའི་བྱམས་པ་ཆེན་པོ་ཁྱེད་ཀྱིས་བཞེས།།
སྟག་ཤར་རྩལ་སྟོབས་ཁོ་ལག་འཛོམས་པའི་ཚེ།།
བདེན་དོན་ཁུར་དུ་འཁྱེར་བའི་གོ་བཞེས་ནས།།
འཛམ་གླིང་འབྲེལ་ལམ་དར་གྱི་དྲ་བ་ཡི།།
སྣེ་ཀུན་མ་འཛིངས་ཕན་པའི་གཞིར་དཀྱུས་ཏེ།།
རྒན་གཞོན་མི་རབས་རྨུ་ཐག་གཅིག་ཏུ་བཞག།
ཚོགས་ཀྱི་གཙོ་ལ་སྲིད་པའི་སྨྲ་ལྕེ་ཡིས།།
བདེ་བར་འཁོད་པའི་སྔར་བྱུང་གཏམ་གྱི་རྒྱུན།།
མཚན་གྱི་དབུ་རུ་བཞེས་པའི་ཆེ་བསྟོད་ཀྱི།།
གཟི་བརྗིད་མི་ཉམས་སྲིད་པའི་སྲོག་ཞུགས་པའི།།
གྲགས་སྙན་བ་དན་ཅན་དེ་ཁྱོད་ལས་སུ།།
ལོག་སྨོན་སྐྱེས་བུའི་རྒྱུད་ཀྱི་དུག་གི་མདའ།།
བདེ་ལྡན་ཞིང་སའི་ཡུལ་དུ་འཕངས་པའི་ཚེ།།
འཇིགས་མེད་གོ་ཁྲབ་བཞེས་པའི་བརྟུལ་ཞུགས་ནི།།
སྟོང་བཙན་གཡུལ་དུ་འགྱིངས་པའི་ངང་ཚུལ་གྱིས།།
རྒོལ་འགོག་སྙིང་སྟོབས་ཆེན་པོ་ཁྱོད་ཀྱིས་བཞེས།།
གངས་ཅན་ཞིང་གི་རྒྱལ་བ་མི་ཕམ་པའི།།
མཛད་བཟང་དགེ་ལེགས་ཆར་པའི་དངོས་གྲུབ་ལ།།
མི་འདོད་སྡུག་བསྔལ་འཁུན་སྒྲའི་ཆོ་ངེ་ཅན།།
གཅིག་ཐོག་གཉིས་ཀྱིས་འཕེལ་བའི་ལྟས་ངན་རིགས།།
གཏན་ཚིགས་གཏམ་གྱིས་རྨག་མེད་འཇོམས་པར་མཛད།།
དམངས་ཀྱི་དོན་དུ་གསལ་བའི་ལས་ཀྱི་དོན།།
རྣམ་དཔྱོད་འཕྲུལ་གྱི་དཀྱིལ་འཁོར་ཡངས་པོའི་གཞིར།།
བརྟག་དང་དཔྱད་པའི་བློ་རིག་རྒྱས་པའི་གཟི།།
འཐུས་མིའི་ཚོགས་ལ་རང་འགན་ལས་བགོས་ཀྱིས།།
བདེ་སྡུག་དངོས་མཐོང་ངང་ཚུལ་ཁྱོད་ཀྱིས་བྱས།།
བསོད་ནམས་བགོ་སྐལ་ལ་འཁྲུངས་པའི།།
རྒྱལ་བ་མི་ཕམ་མཛད་བཟང་ཅན།།
མི་ལུས་ཚུལ་བཟུང་བགྲེས་པའི་ཉམས།།
མངོན་མཛད་སྲིད་དབང་གསོལ་སྩལ་སྐབས།།
ཚོགས་ཆེན་ཚོགས་བདག་ཁྱོད་ཀྱིས་མཛད།།
ཉི་ཤར་རྩྭ་ཟིལ་འོད་འཚེར་དུས།།
སྤྱན་ཟུང་ཡིག་ཆའི་ངོས་སུ་བཞག།
ཟླ་འོག་བསིལ་རླུང་གཡབ་མོ་ཡིས།།
ངལ་དུབ་སྣང་བ་གཡེང་ཆོག་ཀྱང་།།
འགན་འཁྲི་ལག་པས་ཁྱོད་མ་གློད།།
དུས་དང་འཚམ་པའི་ལོ་རྒྱུས་ཉམས་བཟང་ལ།།
མང་གཙོ་དམ་པའི་སྲོག་དབུགས་བསྒྲོན་པ་ལ།།
ཁྲིམས་ཡིག་གསེར་གྱི་མཆོད་རྟེན་རིན་པོ་ཆེ།།
བཅའ་ཁྲིམས་ཞེས་བྱ་དབང་ཆེན་གནམ་གྱི་ཀ།
དུས་དེར་ཁྱོད་བཅས་སྐྱེས་བུའི་ཤུགས་ལས་བྱུང་།།
ཛམ་བུ་གླིང་ཞེས་གྲགས་པ་གོ་ལའི་ཁྱོན།།
སྟོབས་ཆེན་ཨ་རི་ཞེས་བྱ་མངའ་ཐང་ཅན།།
སྲིད་འབྱོར་རིག་པ་ཅན་གྱི་གྲོང་ཁྱེར་ནས།།
རྒྱལ་བའི་སྐུ་ཚབ་མཛད་པའི་དུས་ཡུན་ནང་།།
སྔོན་མེད་འབྲེལ་ལམ་རི་མོ་ཁྱོད་ཀྱིས་བསྐྲུན།།
དགེ་བའི་ལས་ལ་བཟློ་བའི་བར་ཆད་ཀྱིས།།
གཞི་མེད་དོན་ཚན་བཅུ་ཡི་གཏམ་འཆལ་བྱུང་།།
གཡོ་མེད་ཁྲིམས་ཡིག་གསེར་གྱི་གཉའ་ཤིང་གིས།།
བདེན་པའི་བ་དན་མཁའ་རུ་འཕྱར་བའི་ཚེ།།
ཁྱོད་ཉིད་རི་རབ་བཞིན་དུ་བརྟན་ལ་ལྟོས།།
འཇིག་རྟེན་ལུགས་ལ་བདེན་པའི་མཐར་ཐུག་པ།།
མང་གཙོའི་འོས་འདེམས་ཐོབ་ཐང་སྩལ་བའི་དྲིན།།
དབུ་ཁྲིད་འདོད་མོས་བཞིན་དུ་འདེམས་པའི་སྲོལ།།
འཕགས་པ་མ་ཕམ་དམ་པས་གནང་བ་ཡིས།།
ཁྱོད་ཉིད་རང་གི་རྩལ་ལས་ཤུགས་ཀྱིས་བཞེངས།།
ལོ་རྒན་དྲུག་ཅུའི་ལམ་གྱི་གནས་ལུགས་ཀུན།།
ཉམས་དང་མྱོང་བའི་རང་བློར་གཞལ་བའི་མཐར།།
སྤྱི་སྙོམས་དྲང་བདེན་ཡང་དག་ལམ་བུ་ལ།།
ནུས་པ་མཉམ་དུ་སྤུངས་པའི་རྣམ་དཔྱོད་ཀྱིས།།
གོམ་པ་མདུན་དུ་སྤོ་བའི་གད་རྒྱངས་བསྒྲགས།།
ཞེན་གདུང་གངས་ཅན་ཡུལ་དུ་བཞག་པའི་དམངས།།
གླིང་ཆེན་གང་སར་གནས་པའི་མགོ་ནག་བོད།།
ཡིད་ཆེས་བློ་སྤོབས་འཕྱུར་བའི་རླབས་ཀྱི་ཕྲེང་།།
ཁྲི་ཕྲག་འོས་ཤོག་ཁྱོད་ཀྱི་ཕྲག་པར་བཞག།
ཁྱོད་ཉིད་མང་བཀུར་སྲིད་ཀྱི་ཁྲིར་འཁོད་དོ།།
དེ་ཚེ་ལོ་རྒན་དྲུག་ཅུའི་རྒས་ཉམས་ཅན།།
འཁར་བར་བརྟེན་པ་བོད་མིའི་སྒྲིག་འཛུགས་ཉིད།།
རེ་ཆད་སེམས་ཀྱི་ཡོལ་བ་ཕར་ཕྱེས་ཏེ།།
འཛུམ་པའི་ཉམས་བཟང་བཏོན་པའི་ངང་ཚུལ་ནི།།
གཡུལ་རྒྱལ་དབུ་རྨོག་བཙན་པའི་དཔུང་དང་མཚུངས།།
༢༠༢༡།༥།༡༥ ཉིན།
༑ མང་བཀུར་ཞེས་པའི་ཚིག་འདི་བེད་སྤྱད་པའི་ལོ་རྒྱུས་འགའ་གོ་མྱོང་། ཡིན་ཀྱང་མང་བཀུར་འགྲེལ་བཤད་དེ་ཕྱོགས་གཉིས་ནས་གཅིག་ཏུ་གཉིས་དང་གཞན་དེར་གཅིག་ལས་མེད་ན་གཉིས་ཕྱོགས་མང་བའི་གོ་དོན་དུ་ངེས་ཤེས་ལྟར་བུ་ལས་དེ་ལས་ལྷག་པའི་གོ་དོན་ཡོད་ཀྱི་རེད་བསམ་མུས་ཀྱང་དགེ་རྒན་ལ་བཀའ་དྲི་ཞུ་མ་མྱོང་། གནས་འདིར་བེད་སྤྱོད་ཞུ་དགོས་ལ་བསོམ་ན་མང་བཀུར་ལ་གོ་དོན་གཅིག་ལས་གཉིས་མང་པ་ལས་ལྷག་པ་ཞིག་གོ་དགོས་རྒྱུ་ཡིན་འདུག་སྙམས། ངས་གཅིག་ལས་གཉིས་མང་པ་ཡིན་ཐོག་ནས་༢༠༢༡ སྲིད་སྐྱོང་འོས་བསྡུའི་གནས་དོན་ཐོག་འགྲེལ་བཤད་ཅུང་ཤིག་དགོངས་གཞིར་ཞུས་ན།
དང་པོ་མང་བཀུར་སྲིད་སྐྱོང་ཞེས་པའི་རྩོམ་མཉམ་སྐུ་དཔར་ཞིག་བརྒྱན་འདུག་པ་དེར་ངས་བསམ་ཚུལ་དུ་སྤེན་ཚེ་ལ་༸གོང་ས་མཆོག་ཐུགས་འགལ་བའི་གནས་དོན་མི་དམངས་ནང་ངོས་ལེན་ཡོད་པ་དེ་དངོས་གནས་མ་རེད། ཐུགས་འགལ་ཡོད་ན་བལྟོས་དང་༸ཁོང་གི་ཕྱག་སྤེན་ཚེ་ལ་ག་ནས་གཏོང་ཅེས་པའི་ངོ་བོར་མིན་ནམ། སྐུ་དཔར་དེ་རྙིང་པ་རེད་དོ། སྐུ་དཔར་དེ་མགྲོན་པའི་རྗེས་སུ་ཐུགས་འགལ་བའི་གནས་ཚུལ་གོ་རྒྱུ་བྱུང་ཡོད་།
གཉིས་པ། ༢༠༢༡ སྲིད་སྐྱོང་འོས་ཐོབ་སྤེན་པ་ཚེ་རིང་ལགས་ནས་སྔར་བྱས་འགྱོད་ཤག་གིས་ལོ་ལྔའི་ནང་འགྲུབ་འབྲས་མང་སྨོན་ཤིག་ཞུ་ཐུབ་ན་བཀྲིས་བདེ་ལེགས་དང་མང་གཙོའི་ཐོབ་དབང་གི་འོས་དེ་ཡང་དེ་དུས་བསམ་ཞིབ་ཞུ་རྒྱུ་ཡིན།
དེ་ནས་ ༢༠༡༦ སྐབས་བློ་བཟང་སེང་གེ་ལ་འོས་འཕེན་གྱི་བརྒྱ་ཆ་ ༥༧ ལོན་ནས་སྤེན་ཚེ་བརྒྱ་ཆ་ ༡༥་ལྷག་ཙམ་གྱི་ཕམ་བཅུགས་འདུག
༢༠༢༡ སྐབས་སྤེན་ཚེ་ལ་འོས་འཕེན་གྱི་བརྒྱ་ཆ་ ༥༣ ལྷག་ཙམ་ལོན་ནས་དབུ་དཀར་ཚང་བརྒྱ་ཆ་ ༨ ལྷག་ཙམ་གྱི་ཕམ་བཅུགས་འདུག སྤེན་ཚེ་རྒྱལ་ཁ་ཐོབ་པ་རེད་ཀྱང་བོད་མིའི་སྤྱི་ཚོགས་ནང་ལོ་མང་ངོ་ཤེས་རྟག་རྟུགས་ཡོད་པའི་སྐྱེ་བོ་ཞིག་གིས་དེ་ཙམ་སྤྱི་ཚོོགས་ནང་རྒྱུས་མངའ་མེད་པའི་སྐྱེ་བོ་ཞིག་ཕམ་བཅུགས་ཐུབ་པ་ཙམ་ལས་བྱུང་མེད།
རྩོམ་འགའ་ཤས་ནང་རྒྱལ་ཁ་ཆེན་པོ་ཐོབ་ཅེས་པ་དང་། ཡང་འགས་བསོད་ནམས་རྒྱན་གྱི་མེ་ཏོག་ཞུས་འདུག་ལ་མང་བཀུར་སྐྱིད་སྐྱོང་ཅེས་ག་རེ་ཞུ་ནའང་དོན་དུ་འོས་བསྡུའི་བརྒྱ་ཆ་ལམ་ནས་བློ་སེང་ལས་ལྷག་པ་ཞིག་བྱུང་མིན་དུག གལ་སྲིད་སྤེན་ཚེའི་འོས་ཐོབ་བརྒྱ་ ༥༣ ལྷག་ཙམ་དེ་དང་ཐོག་འོས་བསྡུའི་མིང་འགོད་མཐོ་གཞུང་ལྟར་གྱི་མི་གྲངས་ ༨༣༠༨༠ ལ་ཞིབ་ན་འོས་ཐོབ་དེ་བརྒྱ་ཆ་ ༤༡ ལྷག་ཙམ་ལས་བྱུང་མེད་པའི་མང་བཀུར་དང་རྒྱལ་ཁ་ཆེན་པོ་ཐོབ་པ། བསོད་ནམས་རྒྱན་གྱི་མེ་ཏོག་སོགས་ཀྱིོ་བསྟོད་མངགས་དེ་རྣམས་རན་ཆེ་ལགས་སམ།