སྤོབས་པ་མཐའ་ཡས།
༢༠༡༤ཟླ་༩པའི་ཚེས་༢༤ཉིན་རྒྱ་གར་གྱི་མཁའ་གྲུ་མངྒ་ལ་ཡན་ཞེས་པ་གཟའ་ཆེན་མིག་དམར་གྱི་སྟེང་དུ་བདེ་བླགས་ངང་སླེབས་པར་ཤིས་ཚིག་སྤེལ་བ།
རྒྱ་གར་འཕགས་པའི་ཡུལ་ཞེས་གྲགས་འབར་བ།།
འཛམ་གླིང་ས་ཡི་ལྟེ་བ་ངོ་མཚར་ཅན།།
མཁས་དང་གྲུབ་པའི་སྐྱེ་བོས་ཡོངས་གང་བའི་།།
ངོ་མཚར་གཏམ་གྱི་གླེང་གཞི་རྫོགས་མཐའ་བྲལ།།
ཧི་མ་ལ་ཡི་དབུ་རྒྱན་མངོན་མཛེས་ཤིང་།།
གངྒའི་རྒྱན་གྱི་དར་ཤམ་གཡོ་ལྡན་པ།།
འཕགས་པའི་ཡུལ་འདི་ལྷ་ཡི་སྲས་མོ་བཞིན།།
ཡིད་ཀྱི་བརྟན་པ་མ་འཕྲོགས་སྐྱེ་བོ་སུ།།
མཐའ་ཡས་ཤེས་བྱའི་ལྷ་ལམ་ཡངས་པོ་རུ།།
ཕྲ་ཞིབ་རིག་པའི་གྲུ་ཆེན་གཏོང་མཁས་པའི།།
འཕགས་པའི་ཡུལ་གྱི་དྲན་དབང་ཆེན་པོ་དག །
གུས་པའི་ཕྱག་གིས་ཚེ་རབས་ཕྲེང་བར་བཀུར།།
མངྒ་ལ་ཡན་འཕྲུལ་གྱི་འཕུར་ཤུགས་ཅན།།
མཐའ་བྲལ་མཁའ་དབྱིངས་འགྲིམ་ལ་ཆེས་དཔའ་བས།།
གཟའ་ཆེན་མིག་དམར་འཁོར་ལོའི་འོག་རོལ་དུ།།
བཅུག་པའི་གཏམ་འདི་སྲིད་མཐའི་བར་དུ་སྙན།།
ཚེགས་དང་འགྲོ་གྲོན་རྣམ་གྲངས་ཉུང་ངུ་ཡིས།།
རླབས་ཆེན་གྲུབ་པའི་འབྲས་བུ་ངོམ་པ་དེས།།
མ་བརྟག་རང་དགར་དྲེགས་པའི་སྡེ་ཚོགས་འགའི།།
ཁེངས་པའི་མགོ་བོ་ས་ལ་དུད་པར་བྱས།།
ས་ཡི་བདག་པོ་ཆོས་རྒྱལ་མྱ་ངན་མེད།།
འཚེ་མེད་ཞི་བའི་དེད་དཔོན་གནྡེ་རྗེའི།།
ངོ་མཚར་ལོ་རྒྱུས་རྫོགས་མཐའ་མེད་པ་བཞིན།།
སླར་ཡང་གྲགས་པའི་རྒྱལ་རྔ་སྲིད་ན་སྙན།།
ཇི་སྲིད་ས་ཡི་དཀྱིལ་འཁོར་མ་འཇིག་བར།།
དེ་སྲིད་འཕགས་པའི་ཡུལ་གྱི་སྐྱེ་བོ་ཡི།།
རྣམ་དཀར་མཛད་པའི་འོད་སྣང་མི་ཉམས་པས།།
ཤེས་རིག་འོད་ཀྱིས་འཛམ་གླིང་སྐྱོང་བར་ངེས།།
སྤོབས་པ་་་དེང་སང་མཁའ་གྲུ་དང་གནམ་གྲུ་སོགས་ལ་ཐུགས་ཁ་ཕྱོགས་ལུགས་ལ་བལྟས་ན་་ཚན་རིག་པ་ཞིག་ཆགས་འོང་བཞིན་ཡོད་ས་ལ་རེད། ཧཧཧ
མིག་དམར་གཟའ་ལ་སྐོར་བ་ཐང་གཅིག་བྱོས།
དགྱ་དམར་གཞུང་ལ་དོགས་པ་ཐང་གཉིས་བྱོས།
ས་གསུམ་རྩིས་ཀྱིས་ཁེད་པའི་སྐྱེ་བོ་ལ།།
ངས་ཡང་དགའ་བའི་མཐེབ་ཆེན་གནམ་ལ་སྟོན།
སྲིད་བློན་མོ་དྷི་མཆོག་གིས། འགྲོ་སོང་ཉུང་ཉུང་བཏང་ནས་འཕུར་བསྐྱོད་ཐུབ་པ་གསུངས་པ་ལ། ཡིད་ཆེས་དཀའ་ཙམ་འདུག