འཇམ་དབྱངས་སྦྱིན་པ།
———-(རྩོམ་ཡིག་འདི་ཅི་ཙམ་བསྡུས་ཀྱང་འདི་ཙམ་ཆགས་སོང་ཡང་གལ་ཆེན་ཡིན་པས་གཟིགས་འཚལ།)
གླེང་སློང་བ།
ཉེ་སྔོན་ངས་རང་གི་ཨ་ནེ་བཀྲ་ཤིས་སྐྱིད་(བཀྲ་བྷོ)ཀྱི་ཞི་རྒོལ་མེར་སྲེག་དང་འབྲེལ་བའི་རྩོམ་ཡིག་ཅིག་ཁ་བརྡ་དྲ་ཚིགས་སུ་བཀོད་པར། ཡ་མཚན་ཆེ་བའི་མཆན་དེ་འདྲ་བཏབ་འདུག་པས་བསྐྱར་ནས་ནན་གྱིས་བཀླགས་དགོས་པ་ཞིག་བྱུང་། སེམས་ལའང་མ་བདེ་བ་ཆེ་ཙམ་བྱུང་ཡང་ནམ་རྒྱུན་ནས་མང་པོ་ཞིག་གིས་ཡུལ་གྱི་གནས་བབ་དང་དུས་ཀྱི་འཁོར་ཕྱོགས། འཇིག་རྟེན་ཚུལ་ལུགས་སོགས་གང་ལའང་ཐུགས་བསམ་ཡེ་ནས་མེད་པར་ཚོད་ཚོད་ལ་མཆན་སྟ་རེ་འདྲ་རེ་གཡུགས་ཏེ། ལྷད་མེད་པའི་སེམས་པ་གྲངས་མེད་ཅིག་ལ་རྨ་འབྱིན་བཞིན་པ་ནི་སུ་ཡིས་བསྙོན། དེ་དག་ཕལ་མོ་ཆེ་ནི་མུན་ཁུང་ནས་ཕྱིར་མུན་ཁུང་དུ་ཆས་འགྲོ་བས་ནམ་ཡང་ང་ཚོས་རྗེས་འདེད་ཐུབ་ཀྱི་མེད། ཡང་འགའ་རེས་ལས་དེ་འདྲའང་རང་གི་རྒྱན་དང་རྩལ་དུ་བརློམས་ནས་ངོམ་སོའི་ཚུལ་དུ་ངས་བྱས་རབས་འཇོན་རབས་ཀྱིས་མིའི་མདུན་ནས་ཁ་བརྡར་ཏེ་དུས་ཚོད་ཆུད་ཟོས་སུ་གཏོང་བ་ནི་ལམ་སྲོལ་ལྟ་བུ་ཆགས་ཡོད་གཤིས།
དེ་རིང་ཡང་ངས་མཆན་འགོད་པ་ཨ་ཁུ་ནོར་བུ་ཞེས་མིག་སྐྲངས་སྟེང་ལ་ཁུ་ཚུར་གཞུ་མཁན་དེར། ཡ་ཁ་ཞིག་འགུལ་ཡང་དེ་མུར་རྔོ་མི་ཐོགས་པ་ནི་ཨ་ཅང་བརྗོད་མེད་ཡིན་པས་ལན་དུ་ཤུགས་རིང་ཞིག་དང་ལྷན་ཨ་ཁ་མི་འདི་འདྲའང་ཡོད་པ་ལའང་། སྙམ་པ་ཙམ་ལས་གཞན་མི་སྨྲ་བའི་རྟུལ་ཞུགས་དང་དུ་ལེན་འདོད་ཡིན་ནའང་། རྗེས་སུ་བསམ་བློ་གཉིས་པ་ཞིག་འཁོར་དུས་གཅིག་བྱས་ན་འདི་དག་གི་ཡོལ་བའི་འོག་ན་གདོང་རིས་ཞེད་སྣང་ཚ་བོ་གཞན་ཞིག་ཡོད་པར་ཤིན་ཏུ་ནས་ཡིད་གཉིས་སུ་སོང་བ་དང་། གང་ལྟར་འདི་རིགས་རང་དགར་བཞག་ཚེ་ངན་པ་ལངས་ཤོར་ལྟ་བུར་སོང་སྟེ། དེང་གི་སྐད་ཀྱིས་སྐབས་འཚོལ་རིང་ལུགས་པ་ཟེར་བ་དེའི་སྐྱེ་བ་བླངས་ནས་ང་དང་ང་འདྲ་བའི་ཉམ་ཆུང་ཁ་རོག་ཏུ་སྡོད་མཁན་ཚོའི་མགོ་ཐོག་ལ་བརྙང་རྐྱང་ཞོན་རྐྱང་བྱ་རྒྱུ་གདོན་མི་ཟ་ཞིང་། དེ་བས་ཀྱང་འཇིགས་ཆེ་བ་ནི་ཕྱི་ནང་མཐུན་ལམ་གྱི་གསེར་ཟམ་ཐོག་རང་འདོད་སྟ་གྲི་སྟེའུ་གསུམ་འཕྱར་བའི་རིན་མེད་ལན་མེད་ཀྱི་སྟེགས་བུ་མཐོན་པོ་ཞིག་ཐོབ་ཀྱིན་ཡོད་པ་དེའོ།།
གང་ཞིག་བྱང་སེམས་ཅན་དུ་རྫུ་བ་ལའང་རྣམ་འགྱུར་ཞི་བ་ཞིག་དགོས་པ་ཡིན་གཤིས་སྐབས་འཚོལ་བ་དག་གི་སྐད་ཆ་འདྲ་ཆགས་པོ་འགའ་རེས་ཀྱང་། འབོར་ཆེ་བའི་གསར་བུ་ཡིག་ལམ་དང་དྲ་ལམ་ལ་གཞི་ནས་མགོ་སྲིང་སྐེ་སྲིང་བྱེད་མཁན་ཉམས་མྱོང་དམན་པ་དེ་རིགས་མགོ་རྨོངས་སུ་འཇུག་པའམ་ཁ་ཕྱོགས་མ་ངེས་པ་ཞིག་ལ་འཁྲིད་པའི་ཉེན་ཁ་ཏན་ཏན་ཡོད་པ་སོགས་སྔ་ཕྱི་རྒྱབ་མདུན་ཚང་མར་བལྟས་ཏེ། འདུ་འཛིའི་ལོང་ཤིན་ཏུ་དབེན་ཡང་ནམ་རྒྱུན་ལྟར་ཅམ་འཇོག་བྱེད་པ་སེམས་ཀྱིས་མ་བཟོད་པར་ལན་འདེབས་མདོ་ཙམ་ཁུར་དུ་བླངས།
ལན་དངོས།
ཨ་ཁུ་ནོར་བུ་མིང་ཅན་ན་རེ། “རང་སྲོག་རང་གིས་བཅད་པ་དེ་དཔའ་བོ་དང་དཔའ་མོ་མ་རེད་”ཅེས་ཟེར། སྤྱིར་དཔའ་བོ་དང་དཔའ་མོ་ཞེས་པ་ནི་གལ་ལ་ཐུག་དུས་སམ། གཉའ་གནོན་ཐུབ་ཚོད་གཏོང་མཁན་ལྟ་བུ་ཁ་གཏད་མ་རུང་བ་དེ་ཚོའི་མདུན་དུ། མི་དཀྱུས་མ་དང་བསྡུར་ན་སྙིང་མ་ཞུམ་པར་རྒོལ་བའི་ནུས་པ་ཁྱད་པར་ཅན་དང་ལྡན་པ་ཞིག་ལ་གོ་ན་འཐུས་པས། དེ་ནི་རང་སྲོག་བཅད་མིན་གྱིས་ཐག་གཅོད་རྒྱུ་ཞིག་དང་ཆོད་རྒྱུ་ཞིག་ག་ལ་ཡིན། ཁ་སྐད་ཀྱིས་བཤད་ན་བློ་ཁོག་ཅན་ཟེར་བ་དེ་ཡིན་ཞིང་། སྤྱིར་ན་འཇིག་རྟེན་དཀར་ངོགས་འདིར་རང་སྲོག་བཅད་པ་ཙམ་གྱིས་དཔའ་བོ་མིན་པར་བརྩི་བའི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ནི་ད་བར་ལོ་རྒྱུས་ཐོག་བྱུང་མྱོང་མེད་ཅེས་བཤད་ན་རྫུན་དུ་མི་འགྱུར་གྲང་།
གངས་ཅན་པའི་དཔའ་བོ་དཔའ་མོ་ཚོ་ནི་རྟུལ་ཕོད་པ་ཙམ་གྱིས་ག་ལ་ཚད་དེ། ཆུང་ས་ནས་གླེང་ནའང་མི་རིགས་ཤིག་གི་བདེན་དོན་ཐུགས་ལ་བརྣག་ནས་ཕེབས་པ་རྐྱང་ཡིན་ཙ་ན། ཁྱེད་ཀྱིས་བོད་མི་ཡོངས་རྫོགས་མེར་སྲེག་གི་ལམ་ནས་སྟོངས་འགྲོ་བར་སེམས་ཁུར་བྱེད་ཁུལ་བྱས་པ་ནི་རི་བོང་གནམ་བརྡིབས་ཀྱི་ཐུགས་འཁྲལ་རང་ཡིན་པས། དེ་འདྲའི་གཞན་དོན་དུ་རང་ཉིད་བསྔོ་བའི་ཕྱིར་མི་ལྡོག་པའི་བློས་གཏོང་གི་སྙིང་སྟོབས་བླ་ན་འབར་བ་དེ་ནི། བོད་མི་དཀྱུས་མ་ང་དང་ང་འདྲ་བ་ཁྲི་ཁྲི་འབུམ་འབུམ་གྱིས་ལག་ལེན་ཕར་ཟད་རྨི་ལམ་ཚུད་ལའང་འཁོར་ནུས་པ་ཞིག་ནི་ག་ལ་ཡིན་ཏེ་མ་ཡིན་ནོ།།
ཡང་གཅིག་བཤད་ན་རང་རེའི་སྐུ་ལུས་མེར་སྲེག་གནང་མཁན་རྣམ་པར་དཔའ་བོའི་ངོས་འཛིན་འདི་ནི་མིའི་ལྷན་སྐྱེས་གཤིས་ཀའི་སྟེང་ནས་ངམ་ངམ་ཤུགས་ཀྱིས་ཡོང་བ་ཞིག་ལས། ང་ཚོ་བོད་པས་བཤད་ནས་བཟོས་པ་ཞིག་མིན་པའང་ཤེས་གལ་ཆེ།
ཡང་ཁྱེད་ཀྱིས་”རང་སྲོག་གཅོད་པ་ནི་ལྐུག་པ་རེད་”ཅེས་ངའི་ཨ་ནེ་དང་ཨ་ནེ་ལྟ་བུ་ཚོ་ཧ་ཅང་དམན་སར་གཡུགས་ཏེ། གླེན་ལྐུག་དུད་འགྲོ་ལྟ་བུའི་ཚད་ལ་བསྐྱལ་འདུག་མོད། བོད་མི་རྩམ་ཟན་ཙམ་མ་ཟད་རྒྱ་མི་དག་མ་ཞིག་གིས་ཀྱང་འདི་འདྲའི་ཚིག་ནི་ཁོག་ལ་ཤར་ཡང་ཁ་ནས་ཨེ་ཐོན་ནམ་སྙམ། ཉིད་ཀྱིས་དཔའ་བོ་ངག་དབང་ནོར་འཕེལ་སོགས་བླ་ན་མེད་པའི་རྒྱལ་གཅེས་པ་དག་གི་ཞལ་ཆེམས་གསེར་ནག་རིལ་བུ་མ་དེ་ཚོ་མཇལ་མྱོང་ངམ། དྲན་གྱི་འདུག་གམ། ཁོང་ཚོ་སུའི་ཆེད་དུ་སོང་བ་རེད། བཀའ་དྲིན་ལ་བསམ་ཤེས་སྣ་གཅིག་མེད་པར་དྲ་ལམ་དུ་འདི་ལྟར་དཔའ་བོར་ཐོན་པ་ནི་ཤིན་ཏུ་ནས་མ་རབས་ཐ་ཤལ་གྱི་སྤྱོད་པ་ཞིག་རེད།
དེ་ལས་ཡ་མཚན་ཅི་ནས་ཆེ་བ་ནི་ཁོ་ན་རེ། “ང་ཚོ་བོད་པས་རང་སྲོག་གཅད་མཁན་ལ་དཔའ་བོ་རྩ་ནས་ཟེར་གྱི་མ་རེད་”ཅེས་བློ་ཐག་ཆོད་པོའི་སྒོ་ནས་ཁོ་རང་གཅིག་པུས་ང་ཚོ་གངས་ཅན་པ་ཡོངས་ཀྱི་ཚབ་ལྟ་བུ་བྱས་པ་འདི་ནི་གང་ལས་ཀྱང་རྫབ་ཆེ་ལ། བློ་དང་ལྡན་པ་ཞིག་ཡིན་ན་གནས་ལུགས་གཞན་བརྗོད་པའི་ངལ་བ་བསྟེན་མི་དགོས་པ་འདི་ལྟར་ལགས། འོན་ཏེ། ལན་འདེབས་འདི་འདྲའི་ཐད་ང་ཚོ་མི་རེ་ཟུང་དཔའ་ཁེར་རྒྱུགས་ལྟ་བུར་ཐོན་པ་ཙམ་མ་ཡིན་པར་སྤུན་ཟླ་ཚོས་བདེན་རྒྱབ་བབ་དཔང་བོ་མཛད་པའང་གལ་ཆེ་བའི་གནས་སོ།།
ངས་ཁྱེད་རང་བོད་མི་ཞིག་ཡིན་ཤག་གིས་འཆད་ཀྱི་ཡོད་ནའང་། ཚིག་འདི་འདྲར་བསམ་ཚེ་དེ་སྔོན་རྒྱ་གཞུང་གིས་ཆེད་དུ་དྲ་ལམ་གཏོར་བརླག་པའི་སྡེ་ཚན་ཟུར་འཛུགས་བྱས་ཏེ། དཔེར་ན་བོད་དོན་སླད་གཞན་གྱིས་དོ་སྣང་དགོས་པའི་གནས་ཚུལ་དེ་འདྲ་ཐོན་ཚེ་ཕུ་དཀྲུགས་མདོ་དཀྲུགས་བྱེད་པའམ། ཡང་ན་དེ་ལས་གཞན་པའི་ཟིང་ཆ་ཆེད་བཟོས་ཀྱི་ལམ་ནས་མི་ཚོའི་དོ་སྣང་གཞན་དུ་འདྲེན་པར་བྱེད་པའི་མཚོན། ལས་ཀ་མ་རུང་ཐ་ཤལ་རྐྱང་བྱེད་མཁན་གྱི་སྒྲིག་འཛུགས་ཧ་ཅང་ཁྱབ་ཆེ་བ་ཞིག་ཡོད་པ་དེའང་དྲན་སོས་པར་བྱས། གང་ལྟར་ཁྱེད་རང་དེ་མིན་ནའང་དེ་འདྲའི་གོ་ཆོད་ཅིག་འདུག ངས་འདི་ལྟར་འཆད་དུས་མི་སྒེེར་ལ་ཅིག་བྱས་སོང་ཞེས་འུར་གྱི་ཞྭ་དང་ཚོར་བའི་ཞྭ་ལུང་མི་འདོགས་རྒྱུ་རེ་བ་ཡིན།
(མང་པོ་ཡི་གེར་འཇིགས་པས་བཞག་མོད་ད་དུང་བསམ་བརྟག་བྱ་རྒྱུ་ཡོད་མདོག་མདོག་གིས་སྨྲ་བ་ཤབ་ཤུབ་ལྐོག་ཏུ་ཡོད་ན་ཁ་པར་ཐོག་སྒེར་འབྲེལ་བྱོས་དང་ང་ལ་ཁྱེད་རང་ཤེས་འདོད་ཀྱང་ཆེ།)
ཞར་བྱུང་མཆན་འདེབས་པ་གཞན་གཉིས་ལའང་གྲོས་སུ་འདེབས་པ་འདི་ཡོད་དེ། དང་པོ་ཀརྨ་བློ་གསལ་ལགས་ལ། ངས་ཨ་ནེ་༧གོང་ས་མཆོག་གིས་གང་གསུང་བ་དེར་ཤར་བསྐྱོད་བྱེད་མཁན་ཡིན་ཞེས་པར། “གོང་སས(༧གོང་ས་མཆོག་གིས)མེར་བསྲེག་ཐོངས་ཞེས་གསུངས་མྱོང་བ་ལྟ་བུའི་སྒྲུབ་བྱེད་དུ་མཐོང་ཡོང་གི་འདུག” ཅེས་ཟེར། གོ་ཤེས་ཉན་ཤེས་ཡོད་མཁན་ཞིག་ཡིན་ན་དེ་ལ་འགྲེལ་བཤད་ལྷག་མ་ཅི་ཡང་མི་དགོས་ནའང་། གོ་བ་ཁ་གསལ་དུ་བཏང་ན་ངའི་ཨ་ནེ་དམ་པ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོས་རང་རེའི་དཀའ་ངལ་སེལ་ཐབས་སུ་ལམ་སྟོན་གང་གནང་བ་དེར་སྙིང་ནས་མོས་ཤིང་ཁོང་གི་རྗེས་སུ་འབྲངས་མཁན་ཞིག་ཡིན་ཟེར་བ་ལས། ཁྱེད་ཀྱིས་དེ་ལ་ཁྱབ་པ་འདྲ་ཞིག་གཅོད་པ་ནི་ཀླད་མ་ཆུམས་པའི་རྟགས་སུ་འཁུམས། བརྒྱ་ལ་ཁྱབ་པ་ཞིག་བླངས་པའི་དབང་དུ་བྱས་ཀྱང་། དེ་ནི་རྗེས་ཁྱབ་ཡིན་པ་ལས་ཐུར་ཁྱབ་མིན་པ་ངེས་པར་གྱིས།
འོ་ད་དུང་”གོང་སས་”ཞེས་ཁྱེད་ལ་༧རྒྱལ་བ་དོན་གྱི་བདག་པོའི་མཚན་ཁ་ཚང་ཞིག་འབྲི་ལོངས་མེད་པ་མིན་ནའང་། རྒྱ་དམར་གྱིས་ཆེད་བཟོས་དམའ་འབེབས་ཚིག”ཏཱ་ལ་ཏ་ལས”སོགས་སྤྱད་པའི་ནད་འགོས་ཏེ། རང་རིགས་ཅོལ་ཆུང་འགས་དེ་དང་དཔེ་འདྲ་གོང་ཚིག་སྤྱད་པ་ཆུ་ངན་ལམ་བྱང་གི་དཔེ་ལྟར་འགྲོ་གི་ཡོད་པས། འདི་རིགས་དོ་བདག་དང་དྲ་བདག་སུས་ཀྱང་ཚོར་མེད་དུ་འཇོག་པའི་གནས་མ་ཡིན་ནོ།།
གཉིས་པ་ནམ་མཁའ་ལགས་ལ། བོད་མི་སུ་ཡིན་ཡང་མེར་སྲེག་མ་བཏང་ན་སྙམ་པ་ལས་ལྡོག་ནས་བསམ་མཁན་ཧ་ལམ་མེད། བསམ་དཀར་དགོངས་ཚུལ་གནང་བར་ལགས་གསོལ་དང་འབྲེལ། ཉིད་ཀྱིས་གསན་ཡོད་ན་བཅར་འདྲི་དེ་འདྲའི་སྐབས་ངས་ཀྱང་འབོད་སྐུལ་ཞུས་ཡོད།
ཁྱེད་ཀྱི་དགོངས་ཚུལ་གཉིས་པའི་ཐད་བསམ་དགོས་པ་འདི་ཡོད་དེ། ནམ་རྒྱུན་མང་པོ་མང་པོ་ཞིག་གིས་དཔའ་བོ་དཔའ་མོའི་ནུས་པ་ཐོན་ས་དེ་ནི་རྒྱ་ཁོ་ནའི་སྟེང་འཇོག་རྐྱང་གཡོགས་རྐྱང་བྱེད་པ་ནི་ཤིན་ཏུ་ནས་ནོར་བ་ཆེན་པོ་ཞིག་སྟེ། ནུས་པ་ཨང་དང་པོ་ཐོན་ས་དེ་ནི་ང་ཚོ་བོད་པ་རང་ཡིན་དགོས་ལ། དེ་ནི་དཔའ་བོ་མང་པོ་ཞིག་གི་ཞལ་ཆེམས་སུའང་གསལ། འདི་ངས་རེ་ཟུང་ལྟར་ཚོད་བཤད་ཞུ་གི་མེད། གུས་པས་མེར་སྲེག་གནང་མཁན་༡༠༠ལྷག་གི་སྐད་འབོད་དང་ཞལ་ཆེམས་ཐད་དུས་ཚོད་རྒྱུན་རིང་བཏོན་ཏེ་དབྱེ་ཞིབ་བྱས་པ་ལས། རྒྱལ་གཅེས་པ་མང་པོས་ང་ཚོ་བོད་མི་ཤུལ་ལུས་པ་ཚོར་གཙུག་ཆེན་པོས་ཐུགས་རེ་ཅི་ཙམ་གནང་ཡོད་མེད་ལྟོས་དང་ཧང་སང་དགོས་པ་དང་མིག་ཆུ་འབྱིད་དགོས་པ་ཞིག་ཡོད།
ཡིན་ཡང་ཡིན་ཏེ། ང་ཚོས་ནམ་དུའང་ཁ་ཕྱི་ལ་གདངས་ཏེ་གཞན་པར་སྐྱབས་བཅོལ་བ་ལས། མི་རེ་ངོ་རེ་ནས་སྤྱི་དོན་སླད་འཕྲལ་ཕུགས་རྒྱང་གསུམ་གྱི་འཆར་འགོད་དང་། རང་ཉིད་ལ་འགྱུར་བ་གཏོང་དགོས་པའི་བསམ་བློ་རྣལ་མ་ཞིག་སྐྱེ་ཐུབ་ཀྱི་མེད། དེ་དག་གི་སྐོར་ལ་ཤོག་གྲངས་༣༠ཙམ་ཡོད་པའི་ཡི་གེ་ཞིག་༢༠༡༣ ལོའི་ས་རཱ་མཐོ་སློབ་ཀྱི་མཐར་ཕྱིན་དེབ་”རྒྱང་རིང་གི་གཡབ་མོ”ཞེས་པའི་སྟེང་བཀོད་ཡོད་པས་དེར་གཟིགས་འཚལ།
དངོས་གནས་བྱས་ན་གཞུང་གིས་འགན་བཞེས་ཏེ་ཞལ་ཆེམས་སོགས་ཀྱི་ཐད་སྡེ་ཚན་ཟུར་འཛུགས་ལམ་ནས། ཉམས་ཞིབ་གཏན་འབེབས་དང་འབྲེལ་དམིགས་བསལ་དེབ་སྤུས་ལེགས་དེ་འདྲ་འདོན་སྤེལ་གྱིས་དོ་གལ་ཆེན་པོས། སློབ་གྲྭ་ཁག་གི་སློབ་དེབ་ཚུན་གྱི་ནང་བཞག་སྟེ་ཀུན་ལ་ངེས་པ་ཞིག་དང་སེམས་ལ་ཟུག་པ་ཞིག་གནང་དགོས་པ་དེ་ལྟ་ནའང་། འདིའི་ཐད་གཞུང་སྒེར་སུས་ཀྱང་གྲི་སྟུག་གི་ཁ་ལྟར་རྔོ་གང་ཡང་ཐོགས་ཀྱི་མེད་པ་ནི་སྐྱོ་བ་ཅི་ནས་ཆེ། སྔོན་ཡང་འདིའི་ཐད་འབོད་སྐུལ་ཞུས་ཡོད་ལ་དེ་རིང་ཡང་ཞུ་གི་ཡོད།
སྤྱིར་ན་རྒྱ་མི་འགའ་རེས་བློས་གཏོང་ཆེན་པོ་གནང་སྟེ་རང་རེའི་དཔའ་བོ་དང་ཆ་འདྲ་བ་དེ་འདྲ་བྱུང་ཡོད་པ་བདེན་ནའང་། རྩྭ་རྩྭི་ཏོག་གི་གྲངས་ལ་འགྲན་པའི་ཆེན་པོ་རྒྱ་ཡི་སྡེ་ནས་འབོར་ཉུང་ཉུང་ཞིག་གིས་ཤོག་ལེབ་རེའམ་ཡིག་ཆེན་རེ་བཟུང་བའི་མཚོན་སྡུག་སྐད་ཉི་ཚེ་བ་ཙམ་འདོན་པ་དེ་འདྲའང་། བླ་མེད་བློས་གཏོང་གི་བརྩི་གཞིར་རུང་བ་ལྟ་བུར་སྐུ་ཉིད་ཀྱིས་དགོངས་ཀྱི་ཡོད་ན་ནི་ཐལ་ཆེ་བ་ཁོ་ནའོ།། ལར་རྒྱ་རིགས་ཚོས་ངོ་རྒོལ་ཐ་ཐོར་རེ་བྱས་པ་དེ་ཙམ་ཞིག་རང་རེ་སྔོན་བྱོན་དཔའ་བོ་དཔའ་མོའི་མཛད་པའི་ཟླ་ལ་ཚད་འཛུགས་པ་ནི་ཅི་ལྟར་བསམས་ཀྱང་དང་ལེན་བྱེད་ཐབས་མེད་པ་ཞིག་གོ།
རིགས་གཉིས་ཀྱི་མི་འབོར་ལ་སོམས་དང་། བོད་མི་ས་ཡ་དྲུག་གི་རྩིས་གཞི་འདི་ལ་གཞིགས་ན་ངོ་རྒོལ་གཞན་ཕར་ཞོག མེར་སྲེག་གཅིག་པུ་ལའང་རྒྱ་རིགས་ཆེན་པའི་སྡེ་ནས་མི་གྲངས་སུམ་ཁྲི་༣༠,༠༠༠ཙམ་ལོངས་དགོས་ལ། ད་ལྟ་མཛུབ་རྩེར་བགྲངས་རུང་ཞིག་ལས་མེད་པ་འདི་ཐུགས་མངའ་མཛོད།
སྤྱིར་ལེགས་ཉེས་གང་ཐད་ནས་ནོན་བསམ་གཏིང་ཚུགས་སུ་མ་བཏང་བར་སྐད་ཅིག་མའི་ཡིད་ཀྱི་འཕོ་འགྱུ་ཙམ་ཞིག་དེ་མུར་ཡིག་ཕབ་བྱེད་པ་ནི་ཅུང་གཟབ་དགོས་པ་ཞིག་ཏུ་སྣང་།
ད་ལན་ཡིག་ངག་གཉིས་ཐོག་ནས་ཕྲན་ལ་གྲོགས་པོ་དང་ཤ་ཞེན་ཅན་མི་ཉུང་བ་ཞིག་གིས་མཆན་དེ་འདྲ་ལ་ངོ་མ་བློ་ཕབ་ཡོད། ཡིན་ཡང་དེ་ཚོར་ཁ་ཡ་བྱས་ནས་ཕན་ཐོགས་ཅི་ཡང་མེད་པས་ལན་མ་བྲིས་ན་བཟང་། དེ་ནི་དུས་ཚོད་འཕྲོ་བརླག་རེད་ཅེས་སོགས་སེམས་གཏམ་ཤོར།
འོན་ཏང་། གོང་དུ་རྒྱུ་མཚན་འགའ་དྲངས་ཟིན་ལྟར་ཨ་ཁུ་ནོར་བུ་མིང་ཅན་ཟེར་བ་དེ་དེ་མུར་འཇོག་མ་ཕོད་ལ། སྤྱིར་ན་དེང་དུས་བརྒྱུད་ལམ་འདྲ་མིན་ནང་དགྲ་ཕ་རོལ་སྟག་མོ་ནགས་ན་འགྱངས་འདྲ་བ་དེ་ལ་ངོ་རྒོལ་ཚིག་གཅིག་གམ་སྐྱོན་བརྗོད་ན་གཅིག་མ་ཕྲིས་གོང་། ཁ་ནང་དུ་ཕྱོགས་ནས་སྤྲང་བོའི་བ་ཁ་འདིའི་ནང་མི་གཅིག་གི་སྟེང་ལའང་སྐྱོན་བརྗོད་རི་ཆུ་ཉིལ་ཉིལ་དང་། ཚིག་རྩུབ་ཆར་བ་བབས་བབས་ཀྱིས་ཕོ་གཏམ་གནམ་ས་འགེངས་པ་རེ་བཤད་ལོབ་ཏུ་སོང་བ་མང་ཙམ་ཡོད་པ་ལས། སྤྱི་བའི་ལས་འདི་འདྲའི་ཐད་འོ་སྐོལ་ལ་ཁུར་ལེན་པའི་ཤེད་ཤུགས་ཅན་ནི་ཅི་ནས་དམན་ཐོག དམིགས་ས་གཙོ་བོ་ནི་གསར་དུ་འབུས་བཞིན་པའི་རང་རིགས་གཞོན་ནུ་དག་གི་གཙོས་བོད་མི་རྣམས་ནགས་ལ་མེ་མཆེད་པ་ལྟར་སྟོབས་ཀྱིས་སམ་ཤུགས་ཀྱིས་དང་། ནད་ཡམས་བཞིན་ལྐོག་ནས་སམ་འཇབ་ནས་ཁྱབ་འགྲོ་བའི་སྐྱོན་བརྗོད་རང་ལུགས་སམ་ཁུར་མེད་འགན་མེད་ངང་ཕུ་དཀྲུགས་མདོ་དཀྲུགས་བྱེད་པའི་གོམས་སྲོལ་ངན་པ། བོད་རང་གི་ཡ་རབས་སྤྱོད་བཟང་དང་རྒྱབ་འགལ་དུ་སོང་བ་འདི་འདྲའི་གཡང་ས་ལས་ལྡོག་ཕྱིར་སྙིང་ནས་བྲིས་པ་ཞིག་ཡིན།
དེའི་ཕྱིར། ཕྲན་གྱིས་བཀུར་འོས་ཁ་བརྡ་རྩོམ་སྒྲིག་ཁང་གི་དབུས་དྲ་ཚིགས་ཁག་ལ་འབོད་སྐུལ་ཞུ་རྒྱུར། ཤེས་ཚོད་ལ་དྲ་ཚིགས་ཀྱི་མཆན་འདེབས་པ་པོ་ཚོའི་ནང་ཞལ་གསུམ་ཕྱག་དྲུག་ཏུ་སྤྲུལ་ཏེ་མིང་འདྲ་མིན་འོག་མི་གཅིག་གིས་མཆན་སྣ་ཚོགས་འདེབས་ལོབས་སུ་སོང་བ་དེ་འདྲ་ཡོད་ལགས་ན། དེ་འདྲའི་ཐོབ་ཐང་གཡོ་ལེན་བྱེད་པ་དང་རྒྱབ་ལྗོངས་མི་གསལ་བའི་རིགས་ལ་ངེས་པར་ཐུགས་གཟབ་གང་ཡོང་གནང་གལ་ཆེ་ཞེས་ནན་གྱིས་ཞུ་ཞུའོ།། རྒྱུ་མཚན་ནི་དེ་ཚོའི་ནང་འུར་གྱི་སྣ་འདྲེན་དང་ནང་ཁུལ་དཀྲུགས་པའི་འཆར་འགོད་ཡོད་མཁན་དེ་འདྲ་ཡོད་པའི་བློ་དོགས་ཅི་ནས་ཆེ།
སྤྱིར་མཚན་མཐོང་ཡོད་པའི་དྲ་ཚིགས་ཁ་བརྡ་དང་དུས་བབ་ལྟ་བུ་ལ་བོད་ཕྱི་ཙམ་མ་ཟད་ནང་དུ་གཟིགས་མཁན་ཡོད་པས། རྣམ་པ་ཚོས་ཞབས་འདེགས་མི་དམན་པ་ཞུས་དང་ཞུ་མུས་ནི་བསྔགས་པའི་ཡུལ་ལས་མ་འདས་སོ།།
ཡིན་ནའང་། ད་ལན་གྱི་མཆན་འདི་འདྲ་བཏབ་སྟེ། གང་དྲན་གང་འདོད་གཡུགས་སའི་ར་བ་ལྟ་བུ་ཞིག་ཆགས་ཚེ་དྲ་ཚིགས་རང་གི་ཆེ་མཐོང་ཕར་ཟད། རང་ཡུལ་སྤུན་ཟླའི་སེམས་ཁ་དཀྲུགས་ཤིང་། ཕྱི་ནང་དབར་གྱི་དམ་ཚིག་མཐུན་སྒྲིལ་ལ་གས་ཁ་ཤོར་བའི་རྐྱེན་ཏན་ཏན་བཟོ་ཉེན་ཡོད་པས་ཤིན་ཏུ་གཟབ་དགོས་པའི་གནས་སོ།།
ངས་ནོར་མེད་ན་དྲ་ཚིགས་འདིར་མི་སྒེར་ལ་དམོད་ཚིག་སོགས་མང་པོ་ཞིག་བྱེད་མི་ཆོག་གསུངས་པ་ལས། བོད་སྤྱི་བའི་ལས་ལ་གནོད་པའི་རིགས་ལ་སྒྲིག་གཞི་སྡོམ་པ་དེ་འདྲ་ཁ་གསལ་གང་ཡང་མི་འདུག་པས་དེ་ནི་ཆད་པའི་སྐྱོན་ཞིག་ལ་ངོས་འཛིན་ཞུ་གི་ཡོད། ཐུགས་རྗེ་ཆེ།
ཕྲན་འཇམ་དབྱངས་སྦྱིན་པས་བོད་རྒྱལ་ལོ་༢༡༤༢/༧/༡༨/ ཕྱི་ལུགས་༢༠༡༥/༩/༡ ཉིན་གུས་པས་ཕུལ།
ཨ་ཁུ་ནོར་བུ་ཟེར་བ་ལྟ་བུའི་xxསྐབས་འཚོལ་བ་དྲ་ཀླད་རུལ་དེ་ཚོར་གང་གསུངས་ཀྱང་བོང་བུའི་རྣ་བར་གསེར་བླུགས་པ་དང་གཅིག་པ་རེད།
སྙན་པོ་བྱུང་།
འཇམ་དབྱངས་སྦྱིན་པ་ལགས་ ངའི་མཆན་དེས་ཁྱེད་ཐུགས་ཕམ་ཆེན་པོ་བྱུང་བར་དགོང་གསེལ་ཞུ་ཡི་ཡིན་། འོན་ཀྱང་གསལ་བཤད་ཞུ་རྒྱུ་ཞིག་ལ་ངའི་མཆན་དེ་ཁྱེད་ཀྱི་ཨ་ནིར་དམིགས་སྟེ་བྲིས་པ་ཞིག་མིན་ ངའི་དམིགས་ཡུལ་ནི་རང་སྲེག་ལས་འགུལ་དེ་མཚམས་འཇོག་ཡོང་བའི་མཆེད་དུ་བྲིས་པ་ཡིན་ དེ་ངའི་རེ་བ་དང་བསམ་ཚུལ་ཡིན་ ད་བར་བོད་མི་ ༡༤༠ རྩམ་ཞིག་ན་ཟུག་ཆེན་པོའི་ངང་གཤེགས་སོང་ ཁོང་ཚོའི་རེ་བ་ལ་ཕན་པའི་འབྲས་བུ་དེ་རྩམ་མཐོན་མ་སོང་ དེར་རྟེན་དེ་མཚམས་འཇོག་ཡོང་བའི་རེ་བ་མུ་མཐུས་བྱེད་ཀྱི་ཡོད་།
ཨ་ཁུ་ནོར་བུ། ཉོག་གཏམ་མ་བཤད། བོད་ནང་གི་བོད་མི་ཚོས་རང་བསྲེགས་གནང་དོན་སེམས་ནང་ལ་བཟོད་མི་ཐུབ་པའི་དཀའ་ངལ་ཞིག་ཡོད་པའི་དབང་གིས་ཡིན་པ་ལས་སྐྱིད་མ་ཁྱགས་ནས་མ་རེད། དེས་ན་ཁྱོད་ལ་ཁོང་ཚོའི་དཀའ་སྡུག་སེལ་ཐུབ་པའི་ནུས་པ་ཡོད་ན་ད་བཟོད་སྐད་ཆ་འདི་འདྲ་བཤད་ན་རེད། དེ་མིན་ཁོང་ཚོའི་དཀའ་སྡུག་མ་རྟོག་པའི་སྐྱིད་གཏམ་རང་རེད། ལར་ནས་སེམས་ཚོར་འདི་འདྲ་ཡོང་མཁན་དག་ནི་སྒེར་དོན་རྩིགས་སུ་འཛིན་པ་ལས་མི་རིགས་དང་རང་དབང་ལ་དོ་ཁུར་དེ་ཙམ་མེད་མཁན་དག་རེད།
ཨ་ཁུ་ནོར་བུ་ལགས། སོ་སོས་གང་ཡང་འཇོན་རྒྱུ་མེད་པར་གཞན་བྱེད་མཁན་རྣམས་ལའང་གཅིག་བྱས་གཉིས་བྱས་ཅེས་བཤད་ན་མི་ཕན། འཇོན་པོ་ཡོད་ན་སོ་སོ་ཕྱིར་ཐོན་ནས་བྱེད་དགོས་པ་ལས། ཡི་གེ་ཉག་ཉོག་ཅིག་བྲིས་ཤེས་པ་དེ་ཡིས་གང་བྱུང་འབྲི་ན་ཐ་ཤལ་རེད། ཁྱེད་ལྟ་བུ་བོད་རིགས་སུ་སྐྱེས་པའང་གོ་མི་ཆོད། སོ་སོའི་ཕ་མ་ལ་ངོ་ཚ། སོ་སོའི་ཕྲུ་གུ་ལའང་ངོ་ཚ། ཅི་སྟེ་རབ་བྱུང་ཞིག་ཡིན་ན། སོ་སོའི་རྒན་དང་དགོན་པ་བཅས་ལ་ངོ་ཚ། མ་གཞི་འདི་ནི་ང་ཚོའི་བོད་མིའི་ནང་དུ་མང་པོ་རེད། སོ་སོ་འཇོན་རྒྱུ་སྣ་ཅིག་མེད་པར། གཞན་ལ་སྐྱོན་འཛུགས་བྱེད་པར་ནམ་ལངས་འགྲོ་གི་འདུག་ག ངོ་མ་ཐ་ཤལ་བ་ཨ་ཁུ་ནོར་བུ་ལགས།
ཨ་ཁུ་ནོར་བུ་ལགས། རང་སྲོག་གཅོད་ཟེར་བ་དེ་ངོ་མ་སླ་མོ་ཞིག་རེད། སྔོན་ལ་ཁྱེད་ཀྱི་ནང་མིའི་ནང་ནས་དེ་འདྲ་ཞིག་བྱུང་ན་སེམས་སྡུག་ག་ཚོད་ཅིག་བྱུང་ས་རེད། ང་ཚོའི་མི་རིགས་འདི་ལ་ཁྱེད་ལྟ་བུ་ངོ་ཚ་ཁྲེལ་གཞུང་མེད་པ་གཅིག་ཡོད་ཀྱང་མང་དྲགས་པ་རེད། ད་དུང་ང་ཚོས་གནའ་མི་གླེན་པ་དེ་ཚོ་ཞེས་མི་རབས་རྒན་པ་རྣམས་ལ་ཁ་རྡུང་བཏང། དོན་དངོས་སུ་དེང་རབས་པ་ང་ཚོ་གླེན་རྟགས་ཚ་བ་འདུག་ག སྔོན་གྱི་རྒན་རབས་པ་རྣམས་ཡིག་རྨོངས་ཡིན་ཡང་། ལེགས་ཉེས་ཀྱི་དབྱེ་བ་ཆོད་པའི་རྣམ་དཔྱོད་ནི་ང་ཚོ་ལས་ལྡབ་འགྱུར་གྱི་དྲག་པ་ཡོད།
ཨ་རོགས། མྱི་དེ་ཅན་པོར་ལན་འདེབས་རིན་ཅང་མེད། ཁ་བརྡ་ཚང་ན་བཞུགས་པའི་དྲྭ་གྲོགས་ཚང་མས་ ༼རྩྭ་ཤར་དུ་ཟས་ཏེ་ལྕི་བ་ནུབ་ཏུ་གཏོང་མཁན༽ དེ་དག་ཤེས་ཡོད། དེ་དག་ལ་ཅི་ཁག ཁ་ལོ་བ་ངར་བ་ཡོད་ནའང་ཐང་། ཡང་མིན་ན་སྒེར་འཁོན་ཡོད་ནའང་ཐང་། གང་ལྟར་མྱི་དེ་ཅན་པོར་མངོན་སུམ་ཚད་མ་འགྲོ་ནི་མ་རེད། ཡར་བཤད། མར་བཤད་ཚང་མར་ངན་སྨྲོས་ཏག་ཏག་ཡིན་ལ། རང་ཉིད་ལ་བལྟ་བའི་མིག་བྲལ་ལོང་བ་ཡིན་པས། དགོངས་པ་གནོངས།