ཨེ་མ་ཧོ།
ན་མོ་གུ་རུ་མ་ཧྰ་བྷོ་ཏྲ་ཡེ།།
གངས་དཀར་རི་བོའི་གཟི་དཔལ་མཐོ་སྒང་ནས་མཛེས་ཤིང་།།
དྭངས་གཙང་ཆུ་བོའི་རྒྱུན་བཟང་རྒྱལ་ཁམས་ལ་བཞུར་ཏེ།།
ཕན་བདེའི་ལེགས་ཚོགས་སྨིན་པའི་གནའ་རབས་ལ་བསམ་ཚེ།།
དགྲ་འདྲེའི་རྩ་བ་ཏང་ཡན་གདོལ་སྤྱོད་ཀུན་དོར་དགོས།།
མེས་དབོན་མཁན་སློབ་ཆོས་རྒྱལ་དམ་པ་ཡི་བཀའ་དྲིན།།
བསྟན་སྲིད་ཡིད་བཞིན་ནོར་བུའི་གཏེར་མཛོད་ལ་བསམ་ཚེ།།
དགའ་བའི་མཆི་ཐིགས་སྤྱན་གྱི་འདབ་ཡངས་ནས་ལྷུང་ཞིང་།།
བདེ་སྐྱིད་འཚོ་བ་འབུམ་གྱི་འབྱུང་གནས་ཉིད་ཤེས་དགོས།།
མཁས་བཙུན་གྲུབ་པའི་བླ་མ་དགོངས་རྫོགས་ནི་མང་ཞིང་།།
ཆོས་ཀྱི་ཞིང་ཁམས་ཕལ་ཆེར་དོལ་དམག་གིས་བཟུང་ནས།།
གངས་ལྗོངས་ཁུ་བྱུག་སྔོན་མོའི་སྐུ་སྲོག་ཀྱང་ཤོར་བས།།
ཚོགས་གཉིས་རླུང་རྟ་ཆག་པའི་རྟེན་འབྲེལ་དེ་ངན་སོང་།།
ཐོབ་ཆེན་དུ་བས་བཟི་ནས་དམངས་ཁམས་ཀུན་དཀྲུགས་ཤིང་།།
བདེན་ཆེན་དབུ་འཕང་དམའ་བའི་གསར་འགྱུར་དག་མཐོང་ཚེ།།
གངས་ཅན་བཟང་སྤྱོད་ཟེར་བ་ཉིན་མོ་ཡི་རྨི་ལམ།།
འཛམ་གླིང་ཞི་བདེ་འདྲེན་པའི་བཅགས་ལྷམ་དེ་རྩེད་སོང་།།
གང་དྲན་དུ་འེལ་ཡེལ་རྒྱལ་སྤྱི་དུས་ཆེན་སྐབས་སུ་ཚིག་ཇ་ཕོར་གང་འཐུང་ཞོར་དེ་ཉིད་དུ་ཨེ་མ་ཧོས་བགྱིས་པར་དགེའོ།།
ལྷ་སར་ཉི་མ་ནུབ་པ་རྨིས།།
ན་མོ་གུ་རུ་ལོ་ཀེ་ཤྭ་རྰ་ཡ།།
འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།།
རྐྱེན་ངན་བར་ཆད་སེལ་བར་བྱིན་གྱིས་རློབས།།
རྨི་ལམ་ངན་པའི་ཐོག་ཏུ་མི་འགྲོ་བར།།
ཉི་མ་ལྷ་སར་ཉི་མ་རྟག་འཆར་སྨོན།།
གཉིད་སད་རྨི་ལམ་འདྲིས་མའི་བར་མཚམས་སུ།།
མི་འདོད་རླུང་ནག་མུན་པའི་ས་འགུལ་གཡོས།།
ལྷ་སའི་གླིང་ཀུན་གྲིབ་ཡོར་པོས་བསྒྲིབས།།
རྟ་བདུན་དབང་པོ་ནུབ་ཏུ་བརྒལ་བ་དང་།།
ཁྱི་སྤྱང་སྡུག་པས་ངུ་སྐད་སྒྲོག་པ་རྨིས།།
སྙིང་ཁམས་ཁྲག་རྩའི་རྒྱུ་བ་དལ་གྱིས་འགགས།།
ཕྱི་ནང་དབུགས་ཀྱི་འབྱིན་བརྔུབ་ངང་གིས་ཆད།།
གཉུག་སེམས་དབྱིངས་སུ་རྒྱལ་ལ་ཉེ་བའི་ཚེ།།
འཇིགས་རུང་རྨི་ལམ་ཡིན་པར་ངང་གིས་ཤེས།།
འོན་ཀྱང་ས་གཡོས་མེ་འབར་རླུང་ཆེན་དག།
འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག།
ཁྱད་པར་གངས་ལྗོངས་ཉི་མ་ལྷ་ས་ཡི།།
བདེ་སྐྱིད་ཉི་མ་ནམ་ཡང་ནུབ་མེད་སྨོན།།
རབ་གནས་མེ་སྤྲེལ་དབོ་ཟླའི་དབང་ཚེས་ལ་རྨི་ལམ་ངན་པའི་རྐྱེན་བསལ་ཆེད་དུ་དེ་ཉིད་དུ་ཤྲྰིས་སྤེལ་བར་དགེའོ།།
གླུ་བ་བདུད་བྷེ་ཁྱེད་ཀྱི་གྲོགས་པོ་ཡིན་འདུག་པས་གྲོངས་བ་མ་བཟང་། གླུ་བ་ཁོང་སྐད་སྙན་པོ་རེད། བོད་མི་མང་དགའ་ས་རེད། མཇུག་མཐར་གླུ་བླངས་ན་གོང་ཚད་ཀྱང་མཐོན་པོ་བླངས་པ་རེད། ཡིན་ན་ཡང་། ཉེ་ཆར་ཁྲིན་ཏུའུ་སྨན་ཁང་དུ་ཁོང་གྲོངས་ལ་ཉེ་དུས་དངུལ་སློང་ཡིག་དྲ་རྒྱ་བརྒྱུད་ནས་བཏང་ཞིང་ཞལ་འདེབས་ཕོན་ཆེ་བསྡུས་པ་སོགས་ནི་ཅུང་ཡག་པོར་མཐོང་མ་སོང་། ང་རང་ཉིད་ཀྱི་ནང་མི་ཞིག་གིས་དེ་འདྲ་བྱས་ན་སེམས་ཕམ་ས་རེད། དེ་མིན་ཅང་ཞུ་འདོད་མེད།
རིན་པེ་ཚིག་ཇ་ལ་སྙེས་པོ་ཡོད་ས་རེད་ཕྱི་ཡུལ་དུ་ཚིག་ཇ་རིན་མཐོ་པོ་རེད་འདའ་ཉུང་ཙམ་ཆོད་ན་ལེགས་།
ན་མོ་གུ་རུ་མ་ཧྰ་བྷོ་ཊཱ་ཡ།།
ན་མོ་གུ་རུ་ལོ་ཀེ་ཤྭ་རཱཡ།།