འོས་སྦྱོར་བ། འབྲོང་ངུར་བསྟན་འཛིན་ལམ་བཟང་།
མཆིན་པའི་གཉན་ཚད།
མི་ཞིག་ལ་མཚོན་ན་གཟུགས་གཞིའི་བདེ་ཐང་ནི་ཧ་ཅང་གལ་གནད་ཆེ་ཞིང་། ལྷག་པར་གཞོན་དུས་ནས་གཟུགས་པོའི་འཕྲོད་བསྟེན་ཡག་པོ་བྱ་རྒྱུ་དེ་བས་ཀྱང་གལ་ཆེན་པོ་ཡིན། དེ་ལྟར་ཡོང་བ་ལ་ནད་སྔོན་འགོག་བྱ་ཚུལ་དང་ཟས་སྤྱོད་བསྟེན་ཚུལ་རྣམས་ཤེས་དགོས་པ་གལ་ཆེ་བས་འདིར་འཛམ་གླིང་ནང་ཁྱབ་གདལ་ཆེ་བའི་མཆིན་པའི་གཉན་ཚད་སྐོར་ལ་བོད་ལུགས་འཚོ་བྱེད་སྨན་པ་དང་ཕྱི་ལུགས་ཀྱི་སྨན་པའི་ཤོད་ཚུལ་ལས་བཏུས་ཏེ། འཛམ་གླིང་མཆིན་པའི་གཉན་ཚད་ཀྱི་ཉིན་མོར་རྩོམ་ཡིག་འདི་སྤེལ་བ་ཡིན། མཆིན་པའི་གཉན་ཚད་ཀྱི་ནད་གཞི་འདི་ཕྱི་ལུགས་ཀྱི་སྨན་པས་མཆིན་པར་ནད་འབུ་ཕྲ་རབ་ (Virus) ལས་བྱུང་བའི་འགོས་ནད་ཅིག་ཡིན་པར་བཤད། ནད་འབུ་དེས་མཆིན་པར་རྨས་སྐྱོན་དང་རིམ་པས་མཆིན་པའི་རྩ་རྒྱུས་ལ་གནོད་སྐྱོན་ཚབས་ཆེན་བཏང་ཞིང་། དུས་ཐོག་སྨན་བཅོས་མ་བྱས་ཚེ་སྲོག་ཉེན་ཆེ།
བོད་ལུགས་འཚོ་བྱེད་སྨན་པས་ནད་གཞི་འདིའི་ཐོག་འདོད་ཚུལ་འདྲ་མིན་སྣང་བར་ལ་ལས་མཆིན་ནད་ལྡེམ་བུ་དང༌། ལ་ལས་མཆིན་ནད་དུག་ཐབས། མཆིན་པའི་གཉན་ཚད། ཚ་མཁྲིས།མཆིན་པའི་གཉན་རིམས། དྭངས་མ་མ་ཞུའི་མཆིན་ནད་དུག་ཐབས་སོགས་ཐ་སྙད་སྣ་ཚོགས་འདོགས་ཀྱིན་ཡོད། ནད་གཞི་འདི་ནི་ཁྱབ་གདལ་ཆེ་ཤོས་ཀྱི་འགོས་ནད་ཅིག་ཡིན་པར་མ་ཟད། དེང་དུས་འཛམ་གླིང་ནང་མི་ས་ཡ་ཉིས་བརྒྱ་ཙམ་ལ་མཆིན་པའི་གཉན་ཚད་ཀྱི་ནད་གཞི་འདི་ཡོད། ལོ་ལྟར་མི་དྲུག་འབུམ་ལྷག་ནད་གཞི་འདིའི་རྐྱེན་པས་འདས་གྲོངས་སུ་འགྲོ་གི་ཡོད། རྒྱ་གར་ནང་ལ་མཚོན་ན་མི་གྲངས་ཉི་ཤུའི་ཁྲོད་དུ་མི་གཅིག་ལ་ནད་གཞི་འདི་ཡོད་པ་དང་། འཛམ་གླིང་མཆིན་ཚད་འགོས་ནད་ཁྱབ་ཆེ་ཤོས་གཉིས་པ་དེ་རྒྱ་གར་ཆགས་ཡོད།
ཁྱབ་གདལ་འགྲོ་ཚུལ།མཆིན་ནད་དུག་ཐབས་ཀྱི་ནད་འབུ་འདི་གཉན་ནད་རེག་དུག་གཞན་ལྟར་ལུས་ཁམས་ཀྱི་ཁྲག་དང་ཆུ་སེར་སོགས་རླན་གཤེར་བརྒྱུད་ནས་གཞན་ལ་འགོས་ཁྱབ་དང་མཐར་སྤྱི་ཚོགས་ནང་ཁྱབ་གདལ་འགྲོ་གི་ཡོད།ནད་འབུ་འདི་ནི་གཉན་ནད་རེག་དུག་ལས་ལྡབ་ ༥༠ ལྷག་འགོ་ཉེན་ཆེ་བའམ་མྱུར་བ་ཡོད།
ནད་ཀྱི་རྒྱུ་རྐྱེན།
སྤྱིར་བཏང་འགོས་ནད་དེ་དག་གི་འབྱུང་གཞིའི་བརྒྱུད་རིམ་གཙོ་བོ་ཁག་བཞི་རུ་ཕྱེ་ཡོད་པ་ནི། ༡ མཆིན་ཚད་འདི་ཉིད་ཡོད་པའི་མི་དང་ལུས་འབྲེལ་བྱས་པ།
༢ མཆིན་ཚད་ནད་གཞི་ཡོད་པའི་སྐྱེས་མ་ནས་བྱིས་པར་འགོས་འགྲོ་བ།
༣ མི་གཉིས་བར་ཕན་ཚུན་ཐུག་རེག་འབྱུང་སྐབས་ལུས་ཀྱི་གཤེར་ཁུའི་རིགས་དཔེར་ན། ཁྲག ཆུ་སེར། རྣག་བཅས་བརྒྱུད་ནས་འགོས་པ།
༤ སྨན་ཁང་ཚད་ལྡན་ནས་བརྟག་དཔྱད་མེད་པར་ཁྲག་གང་བྱུང་བེད་སྤྱོད་བྱས་པ། (འགོས་ནད་དེ་རིགས་ཡོད་པའི་ཁྲག་གཞན་ལ་བླུགས་པ་དང་སྨན་བཅོས་ཀྱི་ཡོ་བྱད་དུག་སེལ་མ་བྱས་པ། སོ་འཁྲུད་དང་། ཁབ། གྲི། ཐུར་མ་སོགས་མཉམ་སྤྱོད་བྱས་པ། ཁབ་གཙགས་ཀྱི་རི་མོ་འབྲི་བ། གསེར་ཁབ་བམ་སྐམ་ཁབ་བརྒྱབ་པ། ལྷག་པར་སྐྲ་གྲི་གཅིག་གིས་མི་མང་པོའི་སྐྲ་བྲེགས་ན་འགོས་ཉེན་ཧ་ཅང་ཆེ།)
སྤྱིར་བཏང་ཕྲུ་གུ་ཆུང་ཆུང་རིགས་ཉིན་མོར་འཁྲུག་རྩེད་རིགས་རྩེ་སྐབས་རྨ་བཟོས་པའི་རིགས་དང་། སྤར་ཤད་ཐེབས་པ་སོགས་ནས་ཀྱང་ནད་འབུ་འདི་རིགས་འགོས་ཀྱི་ཡོད།འོན་ཀྱང་ནད་གཞི་འདི་ཡོད་མཁན་མཉམ་དུ་བཟའ་བཏུང་བྱེད་པ་དང་། གོས་གྱོན་རེས་བྱས་པ། ལག་པ་གཏོང་རེས་བྱེད་པ། མའི་ནུ་ཞོ་སྦྱིན་པ་སོགས་ཀྱིས་འགོས་ཀྱི་མེད། གལ་ཏེ་རང་ཉིད་ལ་ནད་འབུ་དེ་ཡོད་ཚེ། རང་ཉིད་ཀྱི་སྤྱོད་རྫས་སོ་འཁྲུད་དང། སྐྲ་དང༌ཁ་སྤུ་བཞར་བྱེད་རྣོ་གྲི་སོགས་གཞན་དང་མཉམ་སྤྱོད་མི་རུང་བ་དང་། རང་ཉིད་ཀྱི་ཁྲག་དང་དོན་སྣོད་སོགས་གཞན་ལ་སྦྱིན་དུ་མི་རུང་།
ནད་རྟགས།
ནད་གཞི་འདི་ཕོག་པའི་མིའི་གྲངས་འབོར་ནས་ཕྱེད་ཀ་ཙམ་ལ་ནད་རྟགས་ཐོན་གྱི་མེད། མཆིན་ཚད་ཀྱི་ནད་འབུ་དེ་ལུས་པོའི་ཕྱི་ངོས་སུ་ཉིན་གྲངས་ ༧ རིང་གནས་སྡོད་བྱེད་ཅིང་། ནད་འབུ་དེ་ཁོག་པའི་ནང་འཛུལ་ཞུགས་བྱས་རྗེས་ནད་རྟགས་ཐོན་རྒྱུར་ཡང་ཉིན་གྲངས་ ༣༠ ནས་ ༡༨༠ བར་འགོར་གྱི་ཡོད།
ནད་རྟགས་མངོན་གསལ་ཁག་ཅིག་ནི། ཟས་ཀྱི་དང་ག་འགག་པ། ཞེ་མེར་དང་སྐྱུག་མེར་ལངས་པ། གཟུགས་པོར་ཟ་འཕྲུག་ལངས་པ། མཆིན་པར་ན་ཟུག་གཏོང་བ། གདོང་དང་པགས་པ་སེར་པོ་ཆགས་པ། ཆབ་གཅིན་གྱི་མདོག་ནག་པོ་ཐོན་པ། ཆབས་ཆེན་ཐལ་མདོག་ཐོན་པ། ཚ་བ་འཕར་བ།གཟུགས་པོ་ཐང་ཆད་པ། ལུས་སྟོབས་ཞན་ཅིང་བཞིན་མདངས་ཉམས་པ། མགོ་ན་བ་སོགས་ཡོང་གི་ཡོད།
སྔོན་འགོག་བྱ་ཐབས།
མཆིན་པའི་གཉན་ཚད་ཀྱི་སྔོན་འགོག་ཐབས་ལམ་གཙོ་བོ་ནི་སྔོན་འགོག་སྨན་ཁབ་བརྒྱབ་རྒྱུ་དེ་ཡིན། སྔོན་འགོག་སྨན་ཁབ་དེ་ཐེངས་གསུམ་དུས་ཚོད་ཏག་ཏག་ལ་བརྒྱབ་དགོས། ཁབ་ཐེངས་དང་པོ་བརྒྱབ་རྗེས་ཐེངས་གཉིས་པ་ཟླ་བ་གཅིག་གི་རྗེས་དང་། ཐེངས་གསུམ་པ་ཟླ་བ་དྲུག་གི་རྗེས་བརྒྱབ་དགོས། རྒྱ་གར་གྱི་བྱིས་ནད་གསོ་རིག་ཁང་ནས་ཉམས་ཞིབ་བྱས་པའི་སྙན་ཐོའི་ནང་། ཕྲུ་གུ་བཙས་ནས་ཚོུད་ ༡༢ རྗེས་མཆིན་ཚད་སྔོན་འགོག་གི་ཁབ་ངེས་པར་བརྒྱབ་དགོས་པར་བཤད། དགེ་རྒན་དང་ཕ་མ་རྣམས་ནས་རང་གི་དགེ་ཕྲུག་དང་ཕྲུ་གུར་བརྩེ་བ་ཡོད་ན་དེ་དག་ལ་ནད་གཞི་དེ་ཡོད་མེད་བརྟག་དཔྱད་བྱས་ཏེ་མེད་ཚེ་སྔོན་འགོག་སྨན་ཁབ་དང་ཡོད་ན་སྨན་བཅོས་དང་ཟས་སྤྱོད་ཐོག་ཐུགས་སྣང་ཆེ་ཙམ་གནང་དགོས།
མཆིན་ཚད་ནད་གཞི་ཡོད་པའི་མི་ལ་རིགས་གཉིས་ཡོད་པ་སྟེ། ༡ Healthy carrier ཡིན་ན་ནད་འབུའི་འཕེལ་ནུས་མེད་པས་ཉེན་ཁ་མེད།
༢ Unhealthy carrier ཡིན་ན་ནད་འབུ་དེ་རིགས་འཕེལ་རྒྱས་ཕྱིན་ཏེ་མཆིན་པར་ཚབས་ཆེའི་གནོད་སྐྱོན་གཏོང་གི་ཡོད། གོང་གསལ་གཉིས་ཀྱི་ཁྱད་པར་དེ། Hep Be Antigen test ཞེས་གལ་ཆེའི་ཟུངས་ཁྲག་བརྟག་དཔྱད་ཅིག་བྱེད་རྒྱུ་ཡོད་པ་དེས་དབྱེ་འབྱེད་ཐུབ། ནད་འབུ་ལྡན་ཡང་འཕེལ་ནུས་མེད་པའི་མི་རྣམས་(Healthy Carrier) ནས། མཆིན་ནད་སྨན་པ་ཚད་ལྡན་ཞིག་ལ་བསྟེན་གཏུགས་ཀྱིས་ཟླ་བ་དྲུག་རེའི་མཚམས་མཆིན་པས་ལས་ཀ་གང་འདྲ་བྱེད་ཀྱི་ཡོད་མེད་ཟུངས་ཁྲག་དང། དམིགས་བསལ་གློག་པར་གྱི་བརྟག་དཔྱད་གཉིས་ཀ་བྱ་དགོས། ནད་འབུ་ལྡན་ལ་འཕེལ་ནུས་ཡོད་པའི་མི་རྣམས་(Unhealthy carrier)ནས། མཆིན་ནད་སྨན་པ་ཚད་ལྡན་ཞིག་ལ་བསྟེན་གཏུག་བྱ་དགོས་ཤིང་། ཆང་རག་དང་། ཞག་ཚི་ཅན་གྱི་ཟས་སོགས་མཆིན་པ་དང་མཁྲིས་པར་གནོད་པའི་རིགས་རྣམས་སྤང་དགོས།
སྨན་བཅོས།
ཕྱི་ལུགས་ནས་ནད་གཞི་འདི་ཉིད་སངས་དྲག་ཡོང་ཆེད་ཀྱི་བཅོས་ཐབས་ཤིག་ད་བར་རྙེད་མེད་ནའང་དེར་ཕན་པའི་སྨན་ངེས་ཅན་གསར་བཟོས་གནང་ཡོད། བོད་ཀྱི་གསོ་བ་རིག་པའི་ངོས་ནས་བཤད་ན་ནད་པ་རང་ཉིད་ཀྱི་རང་བཞིན་དང་ནད་གཞིའི་གནས་སྟངས་སོགས་སྒོ་ཀུན་ལ་གཞིགས་ཏེ་ཟས་སྤྱོད་སྨན་བཅོས་སོགས་གསོ་བཅོས་མི་འདྲ་བ་ཡོད་པས་ནད་པ་རྣམས་བོད་ལུགས་སྨན་པ་བསྟེན་གཏུག་བྱས་ན། ནད་གཞི་འདི་དང་འབྲེལ་བའི་ནད་རྟགས་ཞི་བ་དང་མཆིན་པའི་བྱེད་ལས་ལེགས་བསྐྱེད་གཏོང་བའི་ཐབས་ཡོད། མདོར་ན་ཕྱི་ལུགས་སྨན་དང་བོད་སྨན་ཟུང་འབྲེལ་ཐོག་སྨན་གཏོང་རྒྱུ་སྨན་པའི་ལམ་སྟོན་ལྟར་བྱ་དགོས།
ཟས་སྤྱོད་བསྟེན་ཚུལ།
ནད་གཞི་འདིས་མིའི་གཟུགས་པོའི་དོན་སྣོད་རྣམས་ལས་དམིགས་སུ་མཆིན་པར་གཙོ་བོ་གནོད་སྐྱོན་གཏོང་བཞིན་ཡོད། མཆིན་པ་ནི་དྲོད་ཀྱི་རང་བཞིན་ཡིན་སྟབས་དེ་དང་མཚན་ཉིད་མཐུན་པའི་ཁ་ཟས་ཚྭ་སྐྱུར་ཤས་ཆེའི་རིགས་རྒྱུན་དུ་བསྟེན་རྒྱུ་མེད། དཔེར་ན་ཆང་རག་དང་བོད་ཇ་འཐུང་བ་ལྟ་བུ། འོ་མ་གྲང་མོ། ཤིང་ཏོག་མ་སྨིན་པ། ཞོ་མ་ལངས་པ། དར་བ་དང་ཇ་གར་པོ།སྔོ་ཚལ་རྙིང་པ། རྗེན་ཚལ། ཤ་རྙིང་དྲི་མ་ཅན་ནམ་བཙོག་པའི་རིགས། བྱ་ཤ་ཕག་ཤ་སོགས་ཚིལ་སྣུམ་རིགས།གཞན་ཡང་མར་དང་སྣུམ་ལ་བརྔོ་བསྲེག་བྱས་པའི་ཁ་ཟས་རིགས། བྱའི་སྒོ་ང༌།ཤ་དང་རྒྱུ་མ་དང་གློ་བ་སྣུམ་བསྲེག་ཅན། སྟར་ཁའི་འབྲས་བུ་དང་བྷ་དམ་ལ་སོགས་པ་སྣུམ་ལྡན་རིགས། རུལ་སུངས་རིགས་ཏེ་ཕྱུ་ར་རྙིང་པ་ལྟ་བུ། ཕག་ཤ་དང་ལ་ཕུག་སོགས་བསྙལ་བའི་རིགས་རྣམས་སྤང་དགོས།
དེ་བཞིན་སྤྱོད་ལམ་དུའང་རང་རྒྱུད་ལ་ཞེ་སྡང་དང་ང་རྒྱལ་དྲག་པོ་སྐྱེད་པ། འཁྲུག་ལས་རིགས་བྱས་དྲགས་པ་དཔེར་ན་ལུས་རྩལ་རིགས་རྩེད་དྲགས་པའམ། ཉིན་པར་ཤུགས་ལས་བྱས་དྲགས་པ། ཡང་ན་ལུས་ལ་རྩོལ་བ་མེད་པར་དལ་བར་གནས་དྲགས་པ། མྱ་ངན་སེམས་ངལ་བྱས་དྲགས་པ། ཉིན་པར་གཉིད་ལོག་ཆེ་དྲགས་པ་སོགས་ཀྱིས་མཆིན་པར་གནོད་སྐྱོན་དང་དེའི་སྲུང་སྐྱོབ་ཀྱི་ནུས་པ་ཇེ་ཞན་དུ་གཏོང་གི་ཡོད་པས་དེ་རྣམས་སྤང་དགོས།
སྤྱོད་ཟས་དཔེར་ན། ཀུ་ཤུ། ངང་ལག ཚ་ལུ་མ། རྒུན་འབྲུམ་སོགས་དང་། དེ་དག་གི་ཁུ་བ་གང་མང་འཐུང་དགོས། ཐུག་པ་སླ་མོ་དང་བཅུད་ལྡན་གྱི་ཟས་རིགས་ཡག་པོ་ཟ་དགོས། ཆུ་སྐོལ་ཚ་བོ་སྤངས་ནས་ཆུ་སྐོལ་གྲང་མོའམ་ཆུ་གང་མང་འཐུང་དགོས།
ལུས་མི་བདེ་བ་བྱུང་བའི་རྗེས་སུ་གཞི་ནས་སྨན་པར་བསྟེན་པ་དང་། སྨན་འཐུང་བ་ནི་མཐའ་མའི་གདམས་ཀ་ཡིན། ང་ཚོས་འཕྲོད་བསྟེན་གྱི་འདུ་ཤེས་གོང་མཐོར་གཏོང་བ་དང་། འཕྲོད་བསྟེན་སྐོར་རྒྱུས་ལོན་ཡག་པོ་བྱེད་ཐུབ་ན། གོང་འཁོད་ཀྱི་ནད་རིགས་འདི་དག་ལས་གཡོལ་ཐུབ་པ་ཙམ་དུ་མ་ཟད། ནད་རིགས་འདི་ཡོད་པའི་མི་རྣམས་ཀྱང་ཉིན་རེའི་ཟས་སྤྱོད་དང་། འཕྲོད་བསྟེན་ལ་གཟབ་ནན་བྱས་ཚེ་ལུས་བདེ་ཐང་དང་མི་ཚེ་རིང་ཙམ་སྐྱེལ་ཐུབ། དེས་ན་ནད་གཞི་དེ་མེད་པ་རྣམས་ནས་སྔོན་འགོག་སྨན་ཁབ་བརྒྱབ་རྒྱུ་དང་ནད་གཞི་དེ་མི་འགོས་པར་བྱ་རྒྱུ། ནད་གཞི་འདི་ཡོད་པ་རྣམས་ནས་ནད་དེ་ཇེ་ཞན་ཇེ་སྡུག་ཏུ་མི་འགྲོ་བའི་ཆེད་བརྟག་དཔྱད་ཡང་ཡང་བྱ་རྒྱུ་དང་། ཟས་སྤྱོད་གཉིས་ཀར་ཐུགས་སྣང་གནང་རྒྱུ་མ་ཟད། ནད་གཞི་འདི་མི་གཞན་ལ་མི་འགོས་པར་བྱ་རྒྱུ་ཤིན་ཏུ་གལ་ཆེ།
ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་པ་དགའ་ཤར་དགེ་བཤེས་བྱང་ཆུབ་སངས་རྒྱས་ཀྱིས།
༼བོད་ཀྱི་བང་ཆེན་ནས་དྲངས།༽