འཁྱམས་པོ།
མཆུ་རྩི་དམར་པོས་སྤྲོས་པ།
ད་ལོ་འུ་ཚང་ལ་ལོ་གསར་མེད།
དོ་ནུབ་ང་ཚོ་ལ་སྤྲོ་འཚོགས་བྲལ།
ཤུགས་ཀྱིས་འཁྱུད་དེ་དམ་པོར་སྦྱར་པས་ཁྱོད་ཀྱི་མཆུ་སྒྲོས།
ངའི་འགྲམ་པའི་མཁུར་མགོ་ན།
མཆུ་རྩི་དམར་པོས་སྤྲོས་པ་སྟེ་རྗེས་ཤུལ་མངར་མོ།
ཁྱེད་ཀྱིས་ལག་པས་ཇི་ལྟར་སྲུབ་ཀྱང་།
དེ་ནི་ཕྱི་ངོས་ཙམ་ལས།
དམར་ཆུང་སེམས་ངོག་ན་ངའི་སྤུན་ཟླ་ཚོས་་ལུས་ན་འབར་བཞིན་པས།
མེ་ལྕེ་དམར་པོ་བཞིན་སུས་ཀྱང་སུབ་ཐབས་བྲལ།
ལོ་སར་མེད་པའི་ལོ་ནག་གི་དགོང་མོ་དེར་ཁྱོད་ཀྱིས་བཞགས་པས།
མཆུ་རྩི་དམར་པོས་སྤྲོས་པ་སྟེ་དྲན་རྟེན་འདི།
ངས་ནམ་ཡང་འབར་བཞིན་པས་སྤུན་ཟླ་བརྒྱ་ལྷག་གི་ཁ་ཆེམས་བཞིན།
ཆར་ཆུ་དང་མེ། ས་རྡུལ་དང་དྲག་རླུང་།
འབྱུང་བཞིའི་གནོད་པ་གང་གིས་གཙེས་ནའང་།
ལག་པས་བྲང་ཁ་བཀབ་དེ་སྲུང་སྐྱོབ་བྱེད་ངེས།
ངས་ནམ་ཡང་སྲུང་སྐྱོབ་བྱེད་ངེས།
—༢༠༡༣/༢/༨