སྐྱོ་བྲག་དགའ་དབང་།
ཀྱེ་ཀྱེ།
འཇམ་དབྱངས་གཞོན་ནུའི་མཁྱེན་རབ་ཉིན་མོར་བྱེད།།
སྙིང་གི་གྲོགས་སུ་ཕྱིན་པའི་བཀྲ་ཤིས་གླུས།།
འཕགས་བོད་མཁས་པའི་ཡིད་དབང་འཕྲོག་པའི་དཔྱིད།།
གཙུག་ལག་ཆོས་ཀྱི་སྣང་བས་དགེ་ལེགས་སྩོལ།།
མ་སྐུལ་འགྲོ་བའི་དོན་གཟིགས་གང་དེའི་དྲུང་།།
མ་བོས་མགྲོན་དུ་ལྷགས་ནས་ད་བར་གྱི།།
མ་འབད་རྣམ་བཀྲའི་གནས་ཚུལ་ཡིད་འཕྲོག་པ།།
མ་དྲིས་ན་ཡང་འཆད་པའི་ལས་ལ་འཇུག།
ཤེས་བྱའི་རྣམ་གྲངས་མཐའ་ཡས་རྒྱུ་སྐར་ཕྲེང་།།
ཤེས་རབ་གསལ་བའི་ཡིད་མཁར་བཀྲ་བའི་དཔལ།།
ཤེས་འདོད་སྐྱེ་བོའི་དེད་དཔོན་དགེ་བའི་བཤེས།།
ཤེས་ལྡན་མཆེད་པོའི་ལང་ཚོ་བདེ་བར་སྨོན།།
བློས་བྱས་འཁྲུལ་པའི་འདོད་ཡོན་མཛེས་མའི་གཟུགས།།
གཟུགས་སུ་སྣང་ཡང་མ་གྲུབ་སྒྱུ་མའི་བ།།
བ་མིན་ཁོ་བོས་ལོངས་སུ་སྤྱོད་པ་ལས།།
ལས་ངན་རྣམ་སྨིན་ཉམས་སུ་མྱོང་བ་མེད།།
གསེར་ལྡན་ཆུ་བོ་འཁྱུག་པའི་ཁུག་སོ་སྟེ།།
ནམ་ཟླ་ཀུན་ཏུ་འབྲུ་རིགས་སྐྱེ་བའི་ཡུལ།།
གསེར་ཆོས་ཐང་མར་བརྡལ་བ་ཆོས་ཀྱི་སྡེ།།
ནམ་ཡང་གྲགས་ལྡན་ཀུ་ཚེ་སྤོ་ལུ་རུ།།
དྲང་པོའི་ངག་ནས་འཁྱོག་པོའི་ལམ་འཇུག་ཀྱང་།།
དྲི་མེད་ཡིད་ཀྱི་དགའ་མ་སྙན་ཚིག་གི།
ཐོག་མཐའ་མ་ལུས་ཞོག་པའི་དགའ་བ་འབུམ།།
གཅིག་ཅར་རྫོགས་པས་ཐེག་མཆོག་རབ་དགའི་ས།།
ཐོབ་པའི་དགའ་བ་ཞེས་པ་ལོགས་ཤིག་ཏུ།།
མེད་པའི་རྟོག་པ་རང་སེམས་དག་པ་རུ།།
ཤར་བར་གྱུར་ཀྱང་མཁས་པའི་རྣམ་དཔྱོད་ཀྱིས།།
ཡང་དག་ཡིན་མིན་བརྟག་པའི་གནས་སུ་གྱིས།།
ཚངས་དབང་ལ་སོགས་ཆེ་དགུའི་བློ་གྲོས་ཀྱིས།།
རིང་དུ་བརྟག་ཀྱང་ཆ་ཙམ་རྟོགས་མིན་པ།།
མགྱོགས་ལྡན་རྒྱ་མིའི་འཕྲུལ་འཁོར་ལ་ཞུགས་ཏེ།།
སྲིན་པོའི་མིད་པ་ལས་ཀྱང་ཆེས་དོག་པ།།
མངོན་སུམ་གྱུར་མིན་རྣ་བའི་བུག་པ་རུ།།
སྒྲ་ཙམ་སོན་པས་སྐྱེ་བོའི་སྙིང་རྩ་ཕལ།།
རུལ་བ་ཇི་བཞིན་གྱུར་པའི་འཕྲང་ལམ་ནས།།
གློག་གི་ཐག་པ་གཡོ་བཞིན་བསྐྱོད་ན་ཡང་།།
གསལ་རིག་སེམས་ཀྱི་མགྲོན་པོ་སླུ་མཁས་པས།།
རྡུལ་གྲུབ་བེམ་པོའི་ཁང་བཟང་ཉམས་དགའ་བ།།
དོར་བའི་ལས་མིན་དམ་པོའི་སྐུད་པ་ཡིས།།
བཟུང་བ་འདི་ཆེའི་ངོ་མཚར་སྲིད་དམ་ཅི།།
ས་གསུམ་འཕོང་རྐྱེན་འཕྲོག་བྱེད་དཔའ་བོའི་མདའ།།
སྐྱེངས་པའི་གནས་བཀོད་རྒྱ་མིའི་འཕྲུལ་མདའ་དག།
རྡོ་བར་འཕེན་བཞིན་སྣང་བྱེད་དྲུག་པོ་ཡིས།།
ཕྱོགས་ཀུན་ཚོལ་ཚེ་དམན་པའི་རི་དྭགས་ཤིག།
མཐོང་མིན་ནགས་ཚལ་སྟུག་པོའི་གསེབ་དག་ནས།།
མངོན་པར་ལངས་ཏེ་འབེན་ལས་མི་རིང་བའི།།
རབ་གསལ་སྤང་ལྗོངས་ངོས་སུ་རྒྱུ་བ་དེ།།
བལྟ་བར་མ་གྱུར་བླ་མའི་དྲིན་ལས་མིན།།
མ་བྱས་ལྕི་བའི་བེ་ཡི་དབྱུག་པ་སོགས།།
མ་བསམ་རྒྱ་མིའི་འཕྲུལ་འཁོར་ལ་འཇོག་ཚེ།།
མ་བྱུག་རྔུལ་གྱི་ཐིག་པས་ལུས་ཁྱབ་བཞིན།།
མ་འདྲིས་ཁ་ལོའི་ངག་ལ་དེ་འདྲ་ཉན།།
རྒྱ་མིའི་འཕྲུལ་འཁོར་ཞུགས་པའི་ལུས་ཕྲ་མས།།
རྒྱ་བོའི་མི་ལ་འདོད་པའི་སྙན་ཚིག་མཆོག།
རྒྱ་ཆེར་ལབས་ནས་སླུ་བའི་ཐབས་མཁས་པ།།
རྒྱ་བོད་ཀུན་ན་དེ་འདྲ་དཀོན་པར་སྣང་།།
སྣང་བའི་བདག་པོ་ནུབ་རིའི་ཕང་བ་རུ།།
ཡིབ་ལ་བྲེལ་ཚེ་ཁྲོ་མོའི་རྔམ་བརྗིད་འབུམ།།
གཅིག་ཏུ་བསྡུས་འདྲའི་འཇིགས་རུང་ཁྲོ་བྱེད་མའི།།
ཞལ་རས་ཆར་སྤྲིན་སྟུག་པོའི་ཁོངས་གསེང་ནས།།
འདྲེན་བྱེད་སྤྲིན་གྱི་ལྕུག་མ་གཡོ་བཞིན་པར།།
དྲག་པོའི་སྒྲ་སྐད་འབྲུག་སྟོང་ལྡིར་བའི་སྒྲས།།
གཞན་ཡིད་འགེམ་པའི་ངན་ཚིག་སེར་བའི་རྒྱུན།།
ཉམ་ཆུང་སྐྱེས་པར་འབེབས་པའི་དངངས་སྐྲག་ཆེ།།
ལྔ་པའི་བདག་པོས་བདེ་མེད་ལས་མཁན་ཡོངས།།
གྲོགས་སུ་སྦྲན་ནས་བར་དོའི་སེམས་ཅན་འགར།།
འཚེ་བའི་ལས་སུ་འཇུག་ཀྱང་དེ་འདྲ་བ།།
ཐོན་པའི་རེ་བ་བྲལ་བར་ཁོ་བོས་སེམས།།
མ་ཟད་གཏུམ་མོའི་ངན་ཚིག་རྣོན་པོའི་མཚོན།།
ཕ་རོལ་གཞན་སྡེའི་སྙིང་ལ་འབེབས་པའི་ཟེར།།
མ་བཟོད་རང་རེ་མཆོག་གསུམ་དམ་པ་ཡི།།
གྲིབ་བསིལ་སྣུམ་པོར་འབད་ནས་དེ་འདྲ་ཡིབ།།
མཛེས་པའི་མདངས་འོད་འཕྲོ་བ་ཀུན་དཱའི་གཉེན།།
མཛེས་ལེགས་ཤར་རིའི་ཕྲག་པ་ནས་འཕོས་ཏེ།།
མཛེས་སྡུག་རྣམ་བཀྲའི་མཁའ་ནས་བཞུད་དུས་ཀྱི།།
མཛེས་ལྡན་ཕོ་མོའི་གནས་ཚུལ་སྨྲ་འོས་ཉིད།།
ལང་ཚོའི་ཁེངས་ལྡན་དུ་མ་ཚོགས་པའི་དབུས།།
འཇམ་མཉེན་བརླ་ཡི་ཆུ་ཤིང་ཁ་ཕྱེས་ནས།།
པདྨའི་འོ་མཚོར་དབང་པོ་ངང་པའི་བུ།།
ངོམ་མེད་འཇུག་པའི་བྱ་ཐབས་བྲལ་ན་ཡང་།།
ན་ཆུང་གཞོན་ནུའི་བཞིན་ལ་མྱོས་པའི་མདངས།།
རབ་གསལ་ལྕུག་ཕྲའི་སོར་མོ་ཡིད་འོང་བ།།
དལ་བུས་བསྐྱོད་ནས་འདོད་པའི་མྱོས་བུམ་ལ།།
རེག་པའི་བདེ་བས་ལག་པ་དོན་ཡོད་བྱས།།
ད་དུང་ཡིད་ཀྱི་ཤིང་རྟ་ཆེར་བརྟས་པས།།
མ་ངོམ་བུ་མོའི་ཞལ་རས་བདུད་རྩིའི་དཔལ།།
འཐུང་འདོད་དམར་བའི་འགྲམ་པས་བྱུག་པའི་རོ།།
ཉམས་མྱོང་མ་བཟོད་འཇམ་པའི་འཁུན་སྒྲ་ཤོར།།
ཞིམ་མངར་སྦྲང་རྩི་ཆགས་པ་སོ་ཡི་གཡོགས།།
ཕན་ཚུན་སྣུན་ནས་འདར་ལྡན་ལག་པ་ཡིས།།
མགྲིན་པ་ནས་འཁྱུད་སྲབ་པའི་རོ་འཛིན་ནི།།
སྲེད་པས་མ་ནུ་བཞིན་དུ་འཇིབ་མཁས་ཤིང་།།
མ་བརྟག་ཉམས་དགའི་བདུད་རྩི་མཆིལ་མ་དག།
ཀ་རའི་རོ་བཞིན་ཁོག་ཏུ་བཏུང་ན་ཡང་།།
མ་ཚིམ་རྒྱན་གོས་གསེབ་ནས་འདོད་ལྡན་གདོང་།།
དཀར་མཛེས་ནུ་མའི་བར་ཉལ་སེན་མོའི་རྗེས།།
གསར་དུ་གཏད་པས་བུ་མོའི་ལུས་སྐྱེས་དག།
རབ་རྒྱས་ཟག་པའི་ཆུ་ཡང་དབང་མེད་པར།།
འགྲན་པ་བཞིན་དུ་བྱུང་བས་བརླན་པ་སོགས།།
མྱོས་པའི་རྣམ་འགྱུར་དཔག་ཡས་སྟོན་པ་དེས།།
ཤེས་ལྡན་སྐྱེ་བོ་ལྟ་ཅི་སེམས་མེད་པའི།།
རྒྱུ་སྐར་བདག་པོ་སྐྱེངས་ནས་ནུབ་རིའི་ཕག།
ལན་གྲངས་དུ་མར་ཡིབ་ཀྱང་འདོད་པའི་དོན།།
མ་གྲུབ་ན་ཡང་ལྔ་པའི་ལམ་ཆེན་དུ།།
མ་སོང་རྗེས་སུ་འདོད་ཡོན་དབང་པོ་ལ།།
ཅི་དགར་ལོངས་སུ་སྤྱོད་པ་མངོན་སུམ་དུ།།
གྱུར་སོགས་མཚར་བའི་ཚིག་ཕྲེང་མཐའ་ཡས་ཀྱང་།།
མ་སྨྲས་ཆོག་ཤེས་དམ་པ་གྲོགས་སུ་བརྟེན།།
འདོད་ཡོན་ལ་བྲེལ་ཁྱོ་ཤུག་ཡིན་མིན་འགའ།།
གྲང་རེག་རྣམ་རྒྱས་བཙོག་པའི་རྡུལ་ཁྲོད་དུ།།
མྱོས་པའི་མི་བཞིན་འཁྱམས་པའི་འཇོ་མདའ་ནས།།
བཟང་ངན་དུ་མའི་མཛོད་དུ་ཉལ་བའང་མཚར།།
རིན་ཆེན་རྣམ་གསུམ་ཐུགས་རྗེའི་ཕྱག་རིང་གིས།།
དྲི་མེད་དད་པའི་ཨ་ལོང་ནས་བཟུང་ཕྱིར།།
ངལ་བའི་ཆུ་འཛིན་གྲོགས་སུ་མ་བརྟེན་པར།།
དགོས་འདོད་ཆར་བཞིན་བབས་པ་ཨ་ཧོ་རྨད།།
རྒྱུ་སྐར་ཁྲོད་ནས་སྐར་མདའ་ལྷུང་བ་བཞིན།།
མཐུན་པའི་གྲོགས་མེད་རང་ཉིད་གཅིག་པུ་བ།།
རྒྱུས་མེད་མི་ཡུལ་ཆས་པའི་གྲབས་བྱེད་ཚེ།།
རྔ་མོང་རྔེའུ་བྲལ་བས་མཚོན་ནུས་མིན།།
འོན་ཏེ་མཐའ་བཞིའི་ཚུལ་ལ་ཡིད་གཏད་པས།།
དྲན་མེད་བརྒྱལ་བའི་ལམ་དུ་མ་ཞུགས་ཀྱང་།།
ཆུ་འཛིན་གསེབ་ནས་ཆར་གྱི་ཟེགས་མ་བཞིན།།
དཀྱུས་རིང་ཟུང་ནས་མཆི་མའི་རྒྱུན་དག་བབས།།
དམ་ཚིག་མ་ཉམས་མིག་ལས་གཅེས་པའི་གྲོགས།།
རྣམས་ཀྱི་ཞུ་ཚིག་འོ་མའི་རྒྱུན་བཟང་གིས།།
ཁ་ལོའི་ཨ་མྲ་ལེགས་པར་བཅུས་པའི་མཐུས།།
སྟོབས་ལྡན་རླངས་པའི་འཁོར་ལོར་ཞུགས་ལ་སོགས།།
བློ་གྲོས་རབ་གསལ་མཛེས་པའི་ལུས་མཆོག་མས།།
ཕྲ་རག་ཤེས་བྱའི་མཛེས་རྒྱན་ནོར་བུའི་ཚོགས།།
ངག་གི་གཟུགས་བྱད་མཛེས་ཕྱིར་སྤུད་པ་ཡི།།
མཆེད་པོའི་ཡིད་ངོར་མཛེས་པར་བཀྲ་ན་ཡང་།།
དགའ་སྐྱོ་མཚར་བའི་སྣང་བ་མཐའ་ཡས་པ།།
སྐྱེད་བྱེད་མཚར་བའི་ཞུ་ཡིག་འབུལ་འདོད་པས།།
སྔར་མཐོང་མཚར་བའི་དོན་རྣམས་བརྗོད་བྱ་རུ།།
བླངས་ཏེ་མཚར་བའི་ཚིག་ཕྲེང་དེ་དག་སྤེལ།།
སྙན་ངག་གི་མཛོད་ལས་འཇོ་མདའ་ལ་ཡོང་བའི་རབ་ཏུ་བྱེད་པའོ།།
ངོ་མ་ཡག་གི
དཀར་བའི་གངས་རི་གངས་ལྗོངས་བོད་ཡུལ་མཛེས།
དཀར་བའི་བསམ་པ་ཆོལ་གསུམ་བློ་རྩ་བརྟན།
དཀར་པོ་དགེ་བ་གཞན་ཕན་བྱང་ཆུབ་སེམས།
དཀར་ཕྱོགས་སྐྱོངས་བའི་ལྷ་སྲུངས་རྟག་ཏུ་མཆོད།
ཀྱེ་ཀྱེ། ཞེས་འབོད་སྟངས་ལ་བལྟས་ན་སྲུང་མའི་ཕྲིན་བཅོལ་འདྲ་ཡིན་ནམ་སྙམ་ཡང་། ཞིབ་ཏུ་བཀླགས་པས་རང་གི་བྱུང་བ་བརྗོད་པ་ཡིན་འདུག ས་གསུམ་འཕོང་རྐྱེན་འཕྲོག་བྱེད་དཔའ་བོའི་མདའ། །ཞེས་པ་འདི། ས་གསུམ་འཕོང་སྐྱེན་སྲིད་སྒྲུབ་དཔའ་བོའི་མདའ། །ཞེས་དགོས་སམ་སྙམ།
འཇིག་རྟེན་རྒྱུ་མ་དངོས་པོའི་རང་ཤིས་ཙམ།
རྟག་པའི་དངོས་པོ་རི་བོང་རཱ་ལས་གཞན།
ཉོན་མོངས་སྡུག་ལྔའི་མཚོ་ལས་གྲོལ་འདོད་ན།
ཐོས་བསམ་སྒོམ་གྱིས་དར་ཆེན་བཙུགས་ན་དགའ
༄༅། འཁོར་བ་སྤྱི་དང་བྱེ་བྲག་སྡུག་བསྔལ་ལས།
ཐར་འདོད་བག་ཙམ་སྐྱེས་པ་བླ་མའི་དྲིན།
སླར་ཡང་བཀའ་དྲིན་དྲན་ནས་གསོལ་འདེབས་ན།
ངེས་བྱུང་རྣལ་མ་སྐྱེ་བར་བྱིན་གྱིས་རློབས།