བསམ་གླིང་ཚེ་རིང་ལྷ་མོ།
འཇམ་དབྱངས་མཁྱེན་བརྩེའི་རྡོ་རྗེ་རྣོན་པོ་ཡིས།།
འགྲོ་བའི་རྨོངས་མུན་རྫ་ཤེལ་ཕུག་པ་དང།།
གང་ལ་གང་གསལ་ལྷ་ཡི་ལུས་ཐོབ་སྟེ།།
འགྲོ་རྣམས་གདུང་བའི་གནས་ལས་གྲོལ་གྱུར་ཅིག
པད་མ་གཞོན་ནུ་འབུམ་གྱིས་མ་དོ་བའི།།
ཚངས་སྲས་མ་ཁྱེད་ཞབས་སེན་འོད་ཆགས་ཅན།།
གང་གི་སྐལ་ལྡན་གདུལ་བྱའི་ཚོགས་རྣམས་ལ།།
ཐབས་དང་ཤེས་རབ་མྱུར་དུ་སྩལ་དུ་གསོལ།།
ཐབས་དང་ཤེས་རབ་ཟབ་མོས་བརྒྱུད་བསྐུལ་ཏེ།།
ལས་ངན་སྡིག་སྒྲིབ་འབྲས་བུ་དུས་ཐུང་ནང།།
དཀའ་བ་ལྕི་མོས་དཔྱིས་ཕྱིན་དག་པ་དང།།
ལྷ་དང་ལྷ་མོའི་སྐྱེ་གནས་ཐོབ་པར་ཤོག
ལྷ་ལུས་ཡིད་འོང་ལག་སོར་པད་མ་ཡིས།།
འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཞབས་བསིལ་ཆབ།།
གསེར་སྐྱོག་དྭངས་མའི་ཡུ་བར་བཟུང་བྱས་ཏེ།།
དལ་བུའི་སོར་མོས་བསིལ་བའི་དཔལ་ཐོབ་ཤོག
སྐུ་ཡི་མཚན་བཟང་དཔེ་བྱད་རྒྱན་རྣམས་གང།།
ཐུགས་བརྩེས་འགྲོ་དོན་སྒྲུབ་ལ་མཐུ་ལྡན་ཕྱིར།།
ལྷ་དང་ལྷ་མོའི་མིག་གི་དབང་པོ་རུ།།
རོ་བརྒྱའི་བཅུད་བཞིན་ལོངས་སྤྱོད་ཉིད་གྱུར་ཅིག
ལྷ་མོ་འབུམ་ཕྲག་གར་ལ་རོལ་བཞིན་དུ།།
ཚངས་སྲས་མ་ཡི་ཞབས་ཟུང་སྤྱི་བོར་བླངས།།
གང་གི་དབྱངས་སྙན་དམ་ཆོས་བདུད་རྩིའི་གསུང་།།
ཐོས་པ་ཙམ་གྱིས་སྒྲིབ་ཀུན་སེལ་བར་ཤོག
མཁྱེན་བརྩེའི་ནུས་པའི་བྱིན་རླབས་ཆབ་རྒྱུན་གང།།
ལྷ་དང་ལྷ་མོའི་སྙིང་ཁར་ཐིམ་བྱས་ཏེ།
སྐུ་བཞིའི་འབྲས་བུ་མངོན་དུ་འགྲུབ་གྱུར་ནས།།
རིགས་དྲུག་གནས་ལས་ངེས་པར་ཐར་བར་ཤོག
ཐར་པ་ཐོབ་ནས་མ་གྱུར་སེམས་ཅན་ཆེད།།
བདེ་ཞིང་ལྷོད་པར་སྐད་ཅིག་མ་ཆགས་པར།།
ཆོས་ལྡན་བོད་ཀྱི་རྒྱལ་ཁབ་སླར་གསོའི་ཆེད།།
ལུས་བརྒྱར་སྤྲུལ་ཏེ་རང་བཙན་ལེན་པར་ཤོག
རང་བཙན་བླངས་ནས་ཇི་སྲིད་འཚོ་ཡི་བར།།
གྲངས་མེད་སྤྲུལ་པས་འཕགས་མཆོག་སྤྱན་རས་གཟིགས།།
བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་བྱས་ཏེ།།
ཆོས་ལྡན་རྒྱལ་ཁབ་དབུ་འཕང་འདེགས་པར་ཤོག
ནམ་ཞིག་སྐྱེ་བོ་རང་བཞིན་ངན་པ་ཡིས།།
ཆོས་ལྡན་ཞིང་འདིར་མ་རིག་མ་ཚུལ་བའི།།
ལས་ངན་སྦྱོར་བ་ཇི་ལྟར་བརྩམ་གྱུར་ཀྱང།།
ཐབས་ཤེས་ཟུང་གིས་ལོག་ལམ་ཁེགས་པར་ཤོག
ཇི་སྲིད་མར་གྱུར་འགྲོ་བ་འཁོར་བ་ནས།།
དག་པའི་ཞིང་དུ་ཆ་ཚང་མ་སླེབས་བར།།
ཆོས་ལྡན་རྒྱལ་ཁབ་ལེགས་པར་སྐྱོང་བ་ཡི།།
དབུ་འོག་དཔུང་འདེགས་གང་ནུས་འགྲུབ་ཐུབ་ཤོག
ཐུགས་རྗེའི་བདག་ཉིད་སྟོན་པའི་དམ་ཆོས་འོད།།
འཛམ་བུའི་གླིང་འདིར་དར་ཞིང་འཕྲོས་པ་ཡིས།།
དཀར་ནག་མི་ཡི་རིགས་ཅན་ཐམས་ཅད་ལ།།
བྱིན་གྱིས་རླབས་ནས་ཐར་པར་འཁྲིད་པར་ཤོག
སྤྲུལ་པ་གྲངས་མེད་འགྲོ་བ་སྐྱོང་བའི་སླད།།
མཐུ་རྩལ་ཆེན་པོས་བོད་ཀྱི་ཁོར་ཡུག་རྣམས།།
སྲུང་ཞིང་བཙོག་སྐྱོན་སྤུ་ཙམ་མེད་གྱུར་ནས།།
དྭངས་བསིལ་ཆབ་ཀྱིས་རྒྱལ་ཁམས་སྐྱོབ་པར་ཤོག
ཁྲོ་ལ་གཏུམ་པའི་སྟག་གཟིག་ཤ་ཟན་རྣམས།།
བྱམས་པའི་སེམས་ཀྱིས་དམར་དད་ཞི་བ་དང།།
གཅིག་གིས་གཅིག་ལ་མ་བུའི་འདུ་ཤེས་ཀྱིས།།
བྱམས་དང་བརྩེ་བས་ཕན་ཚུན་སྐྱོང་བར་ཤོག
དུད་འགྲོ་འབུ་སྲིན་ངན་འགྲོའི་རིགས་ཀུན་ཀྱང།།
རིམ་བཞིན་དལ་འབྱོར་མི་ལུས་ཐོབ་གྱུར་ནས།།
འཕགས་པ་སྤྱན་རས་གཟིགས་ཀྱི་བདེན་པའི་མཐུས།།
སྡིག་ལམ་བྲལ་ནས་ཐར་པར་འཁོད་པར་ཤོག
རབ་བྱུང་སྡེ་རྣམས་རྟོགས་པ་མཐོར་འདེགས་ཤིང།།
མྱུར་དུ་སངས་རྒྱས་དབུ་འཕང་ཐོབ་ནས་ཀྱང།།
ལྷ་དང་ལྷ་མོའི་གཟུགས་སུ་སྤྲུལ་བྱས་ནས།།
གངས་ཅན་སྐྱོང་བར་མཐུ་དང་ལྡན་པར་ཤོག
ནམ་ཞིག་འཇིག་རྟེན་བསྐལ་བ་བརྗེ་བ་དང།།
ད་དུང་མ་རྣམས་ལྷག་མ་ཡོད་གྱུར་ན།།
བར་དོའི་འཕྲང་ནས་དམ་ཆོས་བདུད་རྩི་ཡིས།།
དམྱལ་བའི་འཕྲང་གི་ལམ་སྣེ་འགོག་པར་ཤོག
བདག་སོགས་དཀར་པོ་དགེ་བར་རབ་མོས་པའི།།
གངས་ཅན་པ་ཡིས་བསོད་ནམས་གང་སྒྲུབ་པ།།
རྒྱལ་དབང་ཕྱག་ན་པད་མོའི་ཐུགས་བཞེད་ཀུན།།
ལྷུན་གྱིས་འགྲུབ་པའི་རྒྱུ་རུ་བསྔོ་བར་ཤོག
དེ་ལྟར་གསོལ་འདེབས་གདུང་ཤུགས་དྲག་པོ་ཡིས།།
མཆོག་གསུམ་ཐུགས་རྗེ་རིང་ནས་བསྐུལ་བའི་མཐུས།།
བདག་ཅག་གངས་ཅན་བོད་ཀྱི་རྒྱལ་ཁམས་ནས།།
འཛམ་གླིང་ཀུན་ལ་བདེ་ལེགས་ཁྱབས་པར་ཤོག