མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་ཞིག་གསོས་ཇི་ལྟར་བྱས་པའི་སྐོར། Posted on 2016-11-21 By ཁ་བརྡ་ 15 Comments on མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་ཞིག་གསོས་ཇི་ལྟར་བྱས་པའི་སྐོར། མི་གསོན་པོས། བལ་ཡུལ་ནི་སྟོན་པ་སངས་རྒྱས་ཀྱི་གཟུགས་སྐུའི་མཚན་དཔེ་གང་དུ་བཞད་པའི་གནས་ཁྱད་པ་ཅན་ལུམ་བྷི་ནི་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་འཆི་མེད་ཚེའི་རིག་འཛིན་བརྙེས་པའི་གནས་མ་རཱ་ཏི་ཀ་སོགས་མདོ་སྔགས་གཉིས་ཀྱི་སྒྲུབ་གནས་དམིགས་བསལ་ཅན་མང་པོ་བཞུགས་པའི་ཡུལ་ཁྱད་པ་ཅན་ཞིག་ཡིན་པ་ནི་ལོ་རྒྱུས་དང་རྗེས་ཤུལ་སོགས་ལས་གསལ་བར་མཐོང་ཐུབ་པ་དང་། ཡུལ་འདིར་དུས་འགྱུར་གྱི་བྱུང་རིམ་མང་པོས་བསྟན་པ་ལ་འཕེལ་གྲིབ་ཇི་ལྟར་བྱུང་ཡང་བྱིན་བརླབས་ཀྱི་ཚན་ཁ་རྒྱུན་མ་ཆད་པའི་མཆོད་རྟེན་ཆེན་པོ་རྣམ་གསུམ་ཞེས་ཡོངས་སུ་གྲགས་པ་བསོད་ནམས་ཀྱི་བགོ་སྐལ་དུ་བཞུགས་བཞིན་པ་ལས་སྔར་ལོར་འབྱུང་བཞི་འཁྲུག་པའི་ས་ཡོམ་གོད་ཆགས་ཁྲོད། མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་ལ་གས་ཆགས་ཆེན་པོ་བྱུང་བར་བརྟེན། ཨོ་རྒྱན་ཆེན་པོས༔ ཉོན་ཅིག་རྒྱལ་པོ་ཆེན་པོ༔ མཆོད་རྟེན་ཆེན་པོ་འདི་ཉིད་ཡང་དག་པར་ན་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་དང་དབྱེར་མེད་པས༔ ཞིག་རལ་ཉམས་པ་ལ་སོགས་པ་མི་འབྱུང༔ ཀུན་རྫོབ་ལྟར་སྣང་དུ་འབྱུང་བཞིའི་རྐྱེན་གྱིས་ཞིག་ཅིང་རལ་པའི་ཚུལ་འགའ་ཞིག་སྟོན་པར་འགྱུར་ཏེ༔ དེའི་དུས་སུ་སྐལ་བ་དང་ལས་འཕྲོ་ལྡན་པའི་གང་ཟག་ཞིག་གིས་ཚེ་འདི་བློས་བཏང་ནས་ལྷག་པའི་བསམ་པ་ཆེན་པོ་བསྐྱེད་ནས་ཞིག་གསོས་བྱས་ན་འགྲུབ་པར་འགྱུར་རོ༔ ཞེས་རྡོ་རྗེ་ལུང་ལས་གསལ་བ་ལྟར་སྐྱེས་རབས་ཕྲེང་བ་དུ་མ་མཆོད་རྟེན་འདི་དང་ལས་སྨོན་གྱི་འབྲེལ་བ་གྲུབ་པའི་བྱམས་ཆེན་ཆོས་ཀྱི་རྒྱལ་པོ་ཀྭན་ཏིང་ཏཱའི་སི་ཏུ་པདྨ་དོན་ཡོད་གྲུབ་པ་མཆོག་གིས་སྔོན་སྨོན་དང་ཐུགས་བསྐྱེད་དུས་སུ་སྨིན་པས་འགྲོ་གྲོན་དང་འོ་བརྒྱལ་ལ་མ་འཛེམས་པར་མཆོད་རྟེན་ཆེན་མོའི་ཞིག་གསོས་ཀྱི་བགྱི་བ་ཡོད་ཚད་ལྷུར་དུ་བཞེས་ནས་ལས་ཀྱི་བྱེད་པོ་སྡེ་དགེའི་འདུན་སྐོར་གནས་ར་ཚང་གི་བུ་ཀརྨ་རྒྱལ་མཚན་ལ་ཆེད་དུ་ཞལ་བཀོད་གནང་ནས་གསེར་སྲང་སྟོང་ཕྲག་གསུམ་ལ་ཉེ་བའི་གསེར་ཟངས་ཀྱི་ན་བཟའ་བསྒྲོན་འབུལ་ཞུས་ཏེ་ད་ལྟར་ཞིག་གསོས་ལེགས་གྲུབ་བྱུང་བ་སྟེ། བསྟན་འགྲོའི་རྒྱན་དུ་དཔལ་ཀུན་སྤུངས་པའི་མཆོད་སྡོང་ཆེན་པོ་ཇི་སྲིད་འགྲོ་ཁམས་མ་སྟོང་བར་དུ་དེ་སྲིད་འགྲོ་བའི་བསོད་ནམས་ཀྱི་བགོ་སྐལ་དུ་བསྐྲུན་པའི་ལེགས་བྱས་ལ་རྗེས་སུ་ཡི་རངས་དང་འབྲེལ། “ཞིག་གསོས་ཆེན་པོ་བྱེད་པའི་སྐྱེས་བུ་དེ་ལ་འབྲེལ་བ་བཞག་པ་ཐམས་ཅད་ཀྱང༔ མོས་གུས་དང་དད་པ་ཆེ་ཆུང་གིས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྣ་རེ་ཐོབ་ཅིང༔ མཐར་ཐུག་ཨོ་རྒྱན་ངའི་དྲུང་དུ་རིག་འཛིན་གྱི་ས་ལ་ངེས་པར་གནས་པར་འགྱུར་རོ༔” ཞེས་ཨོ་རྒྱན་ཆེན་པོ་གང་ཉིད་ཀྱིས་གསུངས་པ་རྣམས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཟིན་བྲིས་བཏབ་ཏེ༔ བླ་མ་ཡང་གསང་ཐུགས་ཀྱི་སྒྲུབ་པའི་ཆོས་སྐོར་དང་ལྷན་དུ་གཏེར་དུ་སྦས་པའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ལོ་རྒྱུས་ཐོས་གྲོལ་ཆེན་མོ་ལས་དངོས་སུ་ལུང་གིས་བསྔགས་པ་ལྟར་ཞིག་གསོས་ཀྱི་བྱེད་པོ་འཁོར་ལོའི་མགོན་པོ་བྱམས་ཆེན་རྡོ་རྗེ་འཆང་དབང་གང་ཉིད་ལ་མི་ཕྱེད་དད་འདུན་ཆེན་པོས་ཚེ་རབས་གཏན་དུ་སྐྱབས་སུ་འཛིན་པའི་ངེས་ཤེས་རབ་ཏུ་བརྟན། དེ་བཞིན་སི་ཏུའི་སྐུ་རབས་འདི་ཙམ་ཁོ་ན་མ་ཡིན་པར་ཏཱའི་སི་ཏུ་རིམ་བྱོན་རྣམས་དང་བལ་ཡུལ་མཆོད་རྟེན་རྣམ་གསུམ་དང་ཐུན་མིན་གྱི་འབྲེལ་བ་ཟབ་པའི་ཚུལ་ཡང་། རང་བྱུང་གི་སྔོན་རབས་ཞེས་པའི་མདོ། རང་བྱུང་མཆོད་རྟེན་གྱི་ལོ་རྒྱུས་ཞུ་བ་པོ་ཡང་ཀྭན་ཏིང་ཏཱའི་སི་ཏུའི་སྤྲུལ་གཞི་རྒྱལ་ཚབ་ཆེན་པོ་བྱམས་པ་མགོན་པོ་ཡིན་པ་ནི་མདོ་དེ་ཉིད་ལས་གསལ་བ་ལྟར་དང་། དེ་བཞིན་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་ཆེས་ཐོག་མའི་གསར་བཞེངས་གནང་མཁན་གྱི་ཁྱི་རྫིའི་བུ་ཞེས་མཆོད་རྟེན་ལ་བུམ་པ་བཏགས་ཏེ་ནམ་ཞིག་ཁ་བ་ཅན་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་སྐབས་སུ་ཚེ་ཉི་ཟླ་དང་མཉམ་པ། ནུས་པས་ལྷ་འདྲེ་མི་གསུམ་འདུལ་ནས་སངས་རྒྱས་ཀྱི་བསྟན་པ་མཐར་དག་བསྲུང་བའི་སྔགས་འཆང་ནུས་པ་ཅན་ཞིག་སྐྱེ་བར་སྨོན་ལམ་བཏབ་པར་བརྟེན། སྣང་སྲིད་ཟིལ་གྱིས་གནོན་ཞིང་སྡེ་བརྒྱད་བྲན་དུ་བཀོལ་བའི་བདག་ཉིད་དུ་སྐུ་བཞེངས་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་གང་ཉིད་ཀྱི་ཐུགས་སྤྲུལ་པདྨའི་ལྗགས་ལྡན་དྲུག་སོགས་འབྱུང་བ་རྡོ་རྗེ་ལུང་གིས་གསལ་བར་ལྟར་སི་ཏུའི་སྐྱེས་རབས་ཆོས་ཀྱི་སྤྱན་དང་པདྨའི་ལྗགས་ལྡན་དག་ནི། སློབ་དཔོན་ཆེན་པོའི་རྣམ་འཕྲུལ་ཉག་གཅིག་ཡིན་པར་གསར་རྙིང་གི་སློབ་དཔོན་ཀུན་ཞལ་མཐུན་པས་མཆོད་རྟེན་ཆེན་མོ་འདི་ཉིད་ཐོག་མར་བཞེངས་མཁན་གང་གི་སྐྱེས་རབས་དང་འབྲེལ་ནས་ཡོད། གཞན་ཡང་སི་ཏུ་སྐུ་འཕྲེང་བརྒྱད་པ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་གང་ཉིད་བལ་ཡུལ་དུ་ཕེབས་ཏེ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་ལ་ཞིག་གསོས་དང་རབ་གནས་བཞུགས་གསོལ་སོགས་གནང་བའི་ལོ་རྒྱུས་རྣམ་ཐར་ལས་གསལ་བ་དང་། དེ་བཞིན་ཀ་ཐོག་ཚེ་དབང་ནོར་བུས་མཆོད་རྟེན་ཞིག་གསོས་མཛད་པ་ལའང་ཕྱག་རོགས་རྒྱ་ཆེན་ཞུས་པ་དང་རང་བྱུང་མཆོད་རྟེན་ཆེན་མོའི་ལོ་རྒྱུས་བོད་སྐད་དུ་བསྒྱུར་གནང་བ་སོགས་ཀྱི་སྒོ་ནས་མཆོད་རྟེན་ལ་ཞབས་ཞུས་བླ་མེད་གནང་།གཏེར་སྟོན་ཡོལ་མོ་བ་རིག་འཛིན་ཆེན་པོའི་སྐུ་འཕྲེང་བཞི་པ་ཟིལ་གནོན་དབང་རྒྱལ་རྡོ་རྗེ་མཆོག་གིས་མཆོད་རྟེན་རིན་པོ་ཆེར་ཞིག་གསོས་མཛད་ཟིན་པའི་རྗེས་སུ་གཟིགས་སྣང་ལ་མར་མེ་མཛད་དང་། ཤཱཀྱ་ཐུབ་པ། རྒྱལ་ཚབ་བྱམས་པ་མགོན་པོ་བཅས་དངོས་སུ་མཆོད་རྟེན་ལ་ཐིམ་པའི་གཟིམས་སྣང་བྱུང་བ་ལྟར་རྒྱལ་བ་བྱམས་པ་མགོན་པོ་མཆོད་རྟེན་འདི་དང་ནམ་ཡང་ཁ་འབྲལ་མ་མྱོང་བ་ནི་ངོ་མཚར་གྱི་དཔལ་དུ་ཆེ། དེ་ལྟར་ལོ་རྒྱུས་ཀྱི་བྱུང་རིམ་ཐོག་ནས་དད་དམ་རྟེན་ཅིང་འབྲེལ་འབྱུང་ལ་གཡོ་བ་མེད་པའི་བྱམས་མགོན་སི་ཏུ་རིན་པོ་ཆེས་སྔར་ལོའི་ས་ཡོམ་གྱིས་མཆོད་རྟེན་རིན་པོ་ཆེ་ལ་གས་ཆགས་བྱུང་བར་ཐུགས་ཀྱིས་མ་བཟོད་ནས་ཞིག་གསོས་ཀྱི་འགན་ཁུར་ཆ་ཚང་བྱེད་རྒྱུའི་སྙན་སེང་བལ་ཡུལ་གཞུང་ལ་ཞུས་པ་ལྟར། མཆོད་རྟེན་རིན་པོ་ཆེ་ལ་གས་ཆག་བྱུང་ནས་བདུན་ཕྲག་གཉིས་ཀྱི་རྗེས་སུ་ཟླ་བཟང་དགོན་གྱི་ཕྱག་མཛོད་བླ་མ་ཚུལ་ཁྲིམས་དང་། བལ་ཡུལ་ས་གནས་འགོ་འཛིན་ཟུར་པ་ཀོང་པོ་དོན་གྲུབ་གཉིས་བརྒྱུད་དེ་བལ་ཡུལ་གཞུང་དང་མཆོད་རྟེན་བདག་གཉེར་ཁང་གཉིས་ཀྱིས་མཆོད་རྟེན་ཞིག་གསོས་བྱེད་རྒྱུའི་ཞལ་བཞེས་ཐོབ་སྟེ། དཔལ་སྤུངས་བླ་བྲང་དང་མཉམ་དུ་ཞིག་གསོས་ཀྱི་ཆོད་གན་བཞག་པ་ལྟར། གནས་ར་ཀརྨ་རྒྱལ་མཚན་གྱི་བླ་མའི་བཀའ་སློབ་དང་ལམ་སྟོན་སེམས་ལ་བཟུང་སྟེ་འགན་ཁུར་གཙོ་བོར་གནང་ནས་ཞིག་གསོས་ཀྱི་རྒྱུ་ཆ་བལ་ཡུལ་ནས་མཁོ་སྒྲུབ་བྱས་ཏེ་གནའ་བོའི་ལུགས་སྲོལ་དང་མཐུན་པའི་སྒོ་ནས་རྒྱུས་སྤུས་ཚད་ལྡན་ཤ་སྟག་གིས་བཞེངས་བསྐྲུན་བྱས། ཆེས་ཐོག་མའི་ཞིག་གསོས་ཀྱི་ལས་རིམ་ཡོངས་ཀྱི་གཙོ་བོར་སྲོག་ཤིང་གསར་འཛུགས་ཞུ་རྒྱུ་དེ་ཡིན་སྟབས། སྲོག་ཤིང་གསར་པའི་གཟུངས་ཡིག་རྣམས་ནི་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་རྟེན་ལ་ནང་བཞུགས་འབུལ་བའི་ལག་ལེན་ཀུན་གསལ་དྲི་བྲལ་ནོར་བུ་ཆུ་ཤེལ་གྱི་དགོངས་དོན་གཞིར་བཟུང་ནས་དཔལ་སྤུངས་དབུ་ཆེན་དོན་གྲུབ་ཚེ་རིང་མཆོག་གིས་ཞིབ་ཚགས་དང་སྤུས་ཚད་ལྡན་པ་བྲིས་གནང་སྟེ། གནས་ལྔའི་ས་བོན་གྱི་ཡི་གེ་ལྔ་པོའང་ཤར་ངོས་ནས་གསར་མའི་ལུགས་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་དགོངས་བཞེད་ལྟར་དང་། ནུབ་ངོས་སུ་དུས་འཁོར་ལུགས་ལྟར་བྱས་ཏེ་ལཉྫའི་ཡིག་འབྲུ་རྣམས་ཐིག་རྩ་ཚད་ལྡན་གསེར་ཟངས་ཀྱི་འབུར་ལྡན་དུ་བརྐོས་བྲིས་བྱས་ཡོད། དེ་བཞིན་ཆོ་ག་དང་མཐུན་པའི་སྒོ་ནས་གནད་སྨིན་བསྒྲུབ་རྒྱུ་གལ་ཆེན་དུ་བརྩིས་ཏེ་སྤྱི་ཟླ་བཅུ་པའི་ཚེས་བཅུ་གསུམ་ནས་བཅུ་བདུན་བར་དུ་རྒྱལ་བ་བཀའ་བརྒྱུད་པའི་བླ་སྤྲུལ་རྣམས་དང་། ཚེས་བཅོ་བརྒྱད་ནས་ཉེར་གཉིས་བར་དུ་སྔ་འགྱུར་རྙིང་མ་བའི་བླ་སྤྲུལ་རྣམ་པ། ཚེས་ཉེར་གསུམ་ནས་ཉེར་བདུན་བར་དུ་དཔལ་ལྡན་ས་སྐྱ་པའི་བླ་སྤྲུལ་རྣམ་པ། ཚེས་ཉེར་བརྒྱད་ནས་སྤྱི་ཟླ་བཅུ་གཅིག་པའི་ཚེས་དང་པོའི་བར་དུ་རི་བོ་དགེ་ལུགས་པའི་བླ་སྤྲུལ་རྣམ་པ་བཅས་ཆོས་བརྒྱུད་ཆེན་པོ་དག་གིས་རང་རང་གི་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཚད་ལྡན་ཐོག་ནས་གཟུངས་བསྒྲུབས་གནང་བ་དང་། དེ་བཞིན་ཚེས་གཅིག་ནས་ཉིན་གཉིས་རིང་དུ་ས་གནས་ཀྱི་རྟ་མང་ཚོགས་པའི་ངོས་ནས་གོ་སྒྲིག་ཞུས་ཏེ་གཟུངས་བསྒྲུབས་བྱས། ཚེས་གསུམ་ཉིན་ལྷ་བབ་དུས་ཆེན་དང་སྟབས་བསྟུན་སྲོག་ཤིང་གདན་འདྲེན་ཞུས་ཏེ། སྐྱབས་རྗེ་བདུད་འཇོམ་རིན་པོ་ཆེའི་ཡང་སྲིད་དང་། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ཡང་སྲིད། ནམ་མཁའ་དྲི་མེད་རིན་པོ་ཆེ། མཁས་བཙུན་བཟང་པོ་རིན་པོ་ཆེ་སོགས་ཀྱིས་དབུས་ཆོས་བརྒྱུད་ཆེན་པོ་ཡོངས་ཀྱི་བླ་སྤྲུལ་མཁན་པོ་དགེ་བའི་བཤེས་གཉེན་རིག་པ་འཛིན་པ་བཅས་འདུས་པའི་ཁྱུ་ཚོགས་ཆེན་པོས་སྲོག་ཤིང་གསར་འཛུགས་གནང་དེ་ཁྲུས་གསོལ་རབ་གནས་ཀྱི་བཀའ་དྲིན་བསྐྱངས། སྐབས་འདི་དག་རིང་དུ་བླ་སྤྲུལ་རྣམ་པའི་དབུས་དགེ་འདུན་པ་དག་ལ་མཆོད་སྤྲིན་གྱི་ཚུལ་དུ་བསྙེན་བསྐུར་དང་སྐུ་འགྱེད་དཔལ་སྤུངས་བླ་བྲང་ནས་ཕུལ། རྒྱུ་རྐྱེན་གཞན་དབང་གིས་ཟླ་ཤས་ལས་དོན་འཚམ་འཇོག་བྱེད་དགོས་བྱུང་ཡང་སྤྱི་ཟླ་དང་པོའི་ཚེས་གཅིག་ཉིན་༧བྱམས་མགོན་སི་ཏུ་རིན་པོ་ཆེའི་ཞལ་སློབ་བུ་ཆེན་སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེས་སོ་ཕག་ཐོག་མར་འཇོག་གནང་མཛད་དེ་དངོས་གཞིའི་ཞིག་གསོས་ཨར་ལས་ཀྱི་དབུ་འཛུགས་ཞུས། རིམ་བཞིན་དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེའི་དབུས་པའི་རིས་སུ་མ་ཆད་པའི་བླ་སྤྲུལ་དུ་མ་མཆོད་རྟེན་དུ་དངོས་སུ་ཞབས་ཀྱིས་བཅགས་ཏེ་ཞིག་གསོས་ཆེན་མོ་ལ་བར་ཆད་མེད་པ་ལེགས་གྲུབ་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་གིས་བཀའ་དྲིན་བསྐྱངས། སྐབས་འདིའི་ཞིག་གསོས་ཀྱི་ལས་ཁུར་ཆེ་ཕྲ་ཆུང་གསུམ་ཡོངས་ལ་འགན་ཁུར་གཙོ་བོར་གནས་ར་རྒྱལ་མཚན་ནས་མཛད། ཁོང་ནི་དཔལ་སྤུངས་ཤེས་རབ་གླིང་གི་གཙུག་ལག་ཁང་དང་། རྡོར་གདན་གཏེར་སྒར་དགོན་པ་གསར་བཞེངས་བྱེད་སྐབས་ཀྱི་ལས་ཁུར་ཡོངས་རྫོགས་གཟིགས་རྟོགས་གནང་མཁན་གྱི་ལས་ཀའི་ཉམས་མྱོང་ཧ་ཅང་ཆེ་བ་ཞིག་རེད། དེ་བཞིན་མཆོད་རྟེན་ལས་ཁུངས་དང་དཔལ་སྤུངས་བླ་བྲང་བར་དུ་འབྲེལ་ལམ་དང་ལས་དོན་བྱེད་ཕྱོགས་སོགས་ལ་ས་གནས་འགོ་འཛིན་ཟུར་པ་ཀོང་པོ་དོན་གྲུབ་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ཡོད། ཀོང་པོ་དོན་གྲུབ་ཡང་མཆོད་རྟེན་དང་འབྲེལ་བའི་ཨར་ལས་སོགས་ལ་རྒྱུས་མངའ་དང་ཉམས་མྱོང་ཡོད་མཁན་ཞིག་རེད་འདུག གསེར་གྱི་ན་བཟའ་གསོལ་བའི་གསེར་ལས་སྐོར་གྱི་ལས་འགན་གཙོ་བོ་ནི་བཀའ་བརྒྱུད་པའི་དགོན་སྡེ་མང་པོའི་སྐུ་གསུང་ཐུགས་རྟེན་ལ་གསེར་གསོས་དང་གཟུངས་བཞུགས་སོགས་འབུལ་མཁན་གྱི་ཉམས་མྱོང་ཅན་གྱི་གཉི་ཤང་བླ་མ་རྒྱལ་མཚན་ནས་ཁུར་མཛད། གཟུངས་བཞུགས་རྟེན་རྙིང་སྔར་ཡོད་རྣམས་བསྐྱར་དུ་བཞུགས་སུ་གསོལ་བ་སོགས་ལ་སྤྲུལ་སྐུ་རིག་འཛིན་པདྨ་ནས་མཐུན་འགྱུར་དང་ཕྱག་རོགས་གནང་ཡོད། ༧དཔལ་རྒྱལ་བ་ཀརྨ་པས་བསྩལ་གནང་བའི་སངས་རྒྱས་སྟོང་སྐུ་སོགས་ཀྱི་སྐུ་བརྙན་དག་གཟུགས་བཞུགས་ཕུལ་བའི་འགན་ཁུར་ཟླ་བཟང་དགོན་གྱི་བླ་མ་ཡོན་ཏན་དབང་པོ་ནས་མཛད། དེ་ལྟར་མཆོད་རྟེན་རིན་པོ་ཆེ་ལ་སྔར་ཡོད་ཀྱི་གཟུངས་བཞུགས་རྟེན་དངོས་རྩ་ཆེན་ཟངས་ཀྱི་སྒམ་ཆུང་བརྒྱད་ཡོད་པ་དག་ཉམས་མེད་དུ་བཞུགས་སུ་གསོལ་བ་དང་། སྐབས་འདིར་གསར་དུ་ཕུལ་བའི་གཟུངས་བཞུགས་རྩ་ཆེན་ཁག་ནི། ༧གོང་ས་ཐམས་ཅད་མཁྱེན་པ་མཆོག་གི་དྲུང་ནས་བསྩལ་བའི་སངས་རྒྱས་ཀྱི་རིང་བསྲེལ་འཁྲུལ་མེད། ༧རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེས་བསྩལ་བའི་སངས་རྒྱས་རིང་བསྲེལ་བྱམས་མགོན་སི་ཏུ་རིན་པོ་ཆེའི་ཕྱག་ནས་བྱུང་བ། དཔལ་སྤུངས་རྟེན་ཁྲོད་ལས་བྱུང་བའི་སངས་རྒྱས་རིང་བསྲེལ། རྒྱ་གར་འཕགས་པའི་ཡུལ་གྱི་སྟོན་པའི་གནས་ཆེན་ཡོངས་རྫོགས་དང་གནས་ཆུ་རྣམས་ཀྱི་རིལ་བུ་བྱིན་རླབས་ཅན། སྐྱབས་རྗེ་བྱ་བྲལ་རིན་པོ་ཆེས་བསྩལ་བའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་བཅས་རིང་བསྲེལ་སྐོར་དང་།དེ་བཞིན་སྐུ་གསུང་ཐུགས་རྟེན་སྐོར་ལ་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པས་བསྩལ་གནང་བའི་གསེར་ཟངས་ལས་གྲུབ་པའི་སངས་རྒྱས་སྟོང་སྐུ། སྒྲོལ་དཀར་གྱི་སྐུ་བརྒྱ་ཐམ་པ། སངས་རྒྱས་སྨན་བླའི་སྐུ་བརྒྱ། འཇམ་དབྱངས་སྐུ་ལྔ་བཅུ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་སྐུ་སུམ་ཅུ། ཟངས་ལེབ་ལ་སྐོས་པའི་གུ་རུའི་སྐུ་དང་མཚན་སྔགས་ཅན་བཅས་དང་། ༧བྱམས་མགོན་སི་ཏུ་རིན་པོ་ཆེས་དངུལ་གན་བརྡུང་ལས་གྲུབ་པའི་སྟོན་མཆོག་ཐུབ་པའི་དབང་པོའི་སྐུ་བརྙན་ཨེམ་ཆི་བརྒྱད་ཅན་དང་། གསེར་གན་བརྡུང་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་ཨེམ་ཆི་བཅུ་ཅན། གསེར་ཡིག་ལས་གྲུབ་པའི་འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་བཅས་གཟུངས་བཞུགས་སུ་ཕུལ་མཛད། རྟེན་འདུས་སྐོར་ལ་༧ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེས་བསྩལ་བའི་དཔལ་ས་སྐྱ་བའི་རྟེན་འདུས་རིལ་བུ་དང་། ༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་བསྩལ་གནང་བའི་མར་པ། མི་ལ། དྭགས་པོ་བཅས་ཀྱི་རིལ་བུ་དང་། རིལ་ནག་ཨ་མ་ཆེན་མོ། སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེས་བསྡུས་བསྒྲུབ་གནང་བའི་རྟེན་འདུས་རིལ་བུ། འཇམ་མགོན་བླ་བྲང་ནས་བསྩལ་གནང་བའི་ཉེ་བའི་སྲས་ཆེན་བརྒྱད་ཀྱི་རིལ་བུ་ཆེན་མོ། ཁམས་སྒར་བཀྲ་ཤིས་ལྗོངས་ཀྱི་སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེས་བསྩལ་བའི་རྟེན་འདུས། མཆོག་གླིང་རྟེན་སྒམ་ནས་བྱུང་བའི་རྟེན་འདུས་རིལ་བུ། དེ་བཞིན་བླ་བྲང་ཁག་དུ་མ་ནས་ཕུལ་བའི་སྐུ་བརྙན་དང་། མཆོད་རྟེན། རྟེན་འདུས་སྣ་ཚོགས་བཅས་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་རླབས་དང་ལྡན་པ་ཆེས་མང་པོ་ཕུལ་ཡོད་ཀྱང་ཆ་ཚང་ཡིག་ཐོག་ཏུ་འགོད་ཐབས་བྲལ། གཞན་ཡང་སྡོམ་གསུམ་བརྒྱུད་པའི་མཚན་སྔགས་དང་། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་ལྷའི་རྩ་སྔགས་སྙིང་པོ་ཉེར་སྙིང་དང་བཅས་པ། གཟུངས་ཆེན་སྡེ་ལྔ་བཅས་གཟུངས་རིགས་རྣམས་དང་། འཁོར་ལོ་སྣ་ཚོགས་བཅས་གཟུངས་བཞུགས་ཕལ་ཆེ་བ་དག་བྱིན་རླབས་ཁྱད་པ་ཅན་གྱི་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་པར་མ་གཙོ་བོར་བྱས་ཏེ་ཕུལ་ཡོད། དེ་བཞིན་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་ཞུས་དག་དང་ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྦྱིན་བདག་བྱས་ཏེ་བཞེངས་པའི་སྡེ་དགེའི་བཀའ་འགྱུར་ཆ་ཚང་སྡེ་དགེ་པར་མ་དངོས་བོད་ནས་གདན་དྲངས་པ་ཞིག་གདོང་ཚེ་ཀར་དགེ་ནས་ཕུལ། གཞན་ཡང་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་། ཀུན་མཁྱེན་བསྟན་པའི་ཉིན་བྱེད། མཁྱེན་ཀོང་མཆོག་གསུམ་རྣམ་པའི་གཡང་རྫས་ཀུན་འདུས་རིལ་བུ་བཅས་འཛམ་གླིང་ན་རིན་ཐང་བྲལ་བའི་རྟེན་དངོས་རྩ་ཆེན་དུ་མ་གཟུངས་བཞུགས་སུ་ཕུལ་མཛད། དབུ་རྩེའི་ཆོས་འཁོར་བཅུ་གསུམ་ནང་དུ་སྲོག་ཤིང་རྙིང་པ་ལ་གཟུངས་འཁོར་གསར་བསྣན་དང་བཅས། སྤྱི་ཟླ་༩་ཚེས་༡༦་སྟེ། བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་སྐྱབས་རྗེ་སངས་རྒྱས་གཉན་པ་རིན་པོ་ཆེས་སྲོག་ཤིང་ལ་རབ་གནས་དང་ཁྲུས་གསོལ་མཛད་ཟིན་པ་ན། རིལ་བསྲེལ་རིགས་དང་། མར་མི་དྭགས་གསུམ་གྱི་རིལ་བུ་ཆེན་མོ་རྒྱལ་དབང་ཀརྨ་པའི་ཕྱག་ནས་བྱུང་བ་དང་། རིལ་ནག་ཨ་མ་ཆེན་མོ་བཅས་དཔལ་སྤུངས་གདན་སའི་དབུ་མཛད་དོན་གྲུབ་ཚེ་རིང་གཙོས་པའི་དགེ་འདུན་པ་རྣམས་ཀྱིས་བཀྲ་ཤིས་བརྒྱད་པ་སོགས་ཀྱིས་སྣེ་དྲངས་ཏེ་བཞུགས་གསོལ་མཛད། ཉེ་ཆར་བོད་ཟླ་དགུ་པའི་ཚེ་བཅོ་ལྔ་ཉིན་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་གདུང་བརྒྱུད་ནུབ་རི་སྦས་ཡུལ་སྐྱིད་མོ་ལུང་གི་དབུ་བླ་ཆེན་མོ་བཀྲ་ཤིས་རྡོ་རྗེ་མཆོག་དགུང་ལོ་དགུ་ཅུ་གོ་བརྒྱད་སོན་པ་གང་དང་སྐུ་དབོན་ཚོགས་གཉིས་རིན་པོ་ཆེ་བཅས་ཀྱིས་མཆོད་རྟེན་རིན་པོ་ཆེ་ལ་ན་བཟའ་གསོལ་སྐབས་མཇའ་འོད་ཀྱི་གུར་ཕུབ་པ་སོགས་ངོ་མཚར་བའི་ལྟས་མངོན་སུམ་ཀུན་གྱི་མཐོང་སྣང་དུ་གྲུབ་པ་བྱུང་། མདོར་ན་ཕྱི་ནང་གསང་གསུམ་དང་འབྲེལ་བའི་མཆོད་རྟེན་རིན་པོ་ཆེ་ལ་འོས་པའི་ཡོ་བྱད་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པའི་སྒོ་ནས་ཞིག་གསོས་ཡོངས་སུ་རྫོགས་པ་གྲུབ་ཟིན་པ་ལྟར། དེ་རིང་དཔལ་ལྡན་ས་སྐྱའི་མཁོན་གདུང་གོང་མ་སྐུ་བགྲེས་རིན་པོ་ཆེ་དང་ཞབས་དྲུང་རྣམ་གཉིས་བཅས་ས་སྐྱའི་འདུས་ཚོགས་ཀྱིས་དཔལ་ཀྱེེ་རྡོ་རྗེའི་ཆོ་གའི་སྒོ་ནས་རབ་གནས་བྱིན་རླབས་མཛད་པ་དང་། དེ་བཞིན་སྔ་འགྱུར་བསྟན་པའི་སྲོག་ཤིང་སྐྱབས་རྗེ་བདུད་འཇོམས་ཡང་སྲིད་རིན་པོ་ཆེ་དང་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེའི་ཡང་སྲིད་རིན་པོ་ཆེ་རྣམ་གཉིས་ཀྱི་དབུས་སྔ་འགྱུར་རྙིང་མའི་འདུས་ཚོགས་ཀྱིས་རིག་འཛིན་སྙིང་པོའི་སྒོ་ནས་རབ་གནས་དང་། དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་དང་རྒྱུད་སྟོད་མཁན་པོ་རྣམ་གཉིས་དབུ་བཞུགས་གནང་དེ་རི་བོ་དགེ་ལུགས་པའི་འདུས་ཚོགས་ཀྱིས་རྡོ་རྗེ་འཇིགས་བྱེད་ཀྱི་ཆོ་གའི་སྒོ་ནས་རབ་གནས་དང་། སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་དང་ཡོངས་དགེ་མི་འགྱུར་རིན་པོ་ཆེ་རྣམ་གཉིས་དབུས་བཀའ་བརྒྱུད་པའི་འདུས་ཚོགས་ཀྱིས་འཁོར་ལོ་བདེ་མཆོག་གི་ཆོ་གའི་སྒོ་ནས་རབ་གནས་མཛད་པ་སོགས་མདོར་ན་རིས་སུ་མ་ཆད་པའི་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་འདུས་ཚོགས་སྟོང་ཕྲག་དུ་མས་མཐར་རྟེན་རབ་གནས་བཀྲ་ཤིས་ཀྱི་བགྱི་བ་ཟབ་མོ་དང་བཅས་རྣམ་དཀར་དགེ་བའི་འབྲས་བཟང་རྫོགས་བྱང་དུ་བསྔོ་བ་དང་འབྲེལ། ཞོགས་དུས་ཆུ་ཚོད་བཅུ་པའི་སྐབས་སུ་སྤྱན་འབྱེད་ཀྱི་རྟེན་འབྲེལ་ཆེ་བ་འདོན་ཆེད་ནམ་མཁའ་ནས་གནམ་གྲུ་བརྒྱུད་དེ་བཀྲ་ཤིས་པའི་མེ་ཏོག་ཙམ་པ་ཀ་དང་མཆོད་ཕྲེང་སྣ་ཚོགས་ཆར་དུ་བསྙིལ་ཏེ་བསྟན་འགྲོའི་དོན་དུ་ཆོས་སྐུ་ཐུགས་ཀྱི་རྟེན་མཆོག་གི་སྒོ་མོ་སླར་ཡང་རབ་ཏུ་ཕྱེས་སོ། སྐབས་འདིར་གློག་མཆོད་ལ་སོགས་པ་མཆོད་ཕྲེང་གི་འགྲོ་གྲོན་དང་། དེ་བཞིན་བླ་ཆེན་རྣམ་པ་གདན་འདྲེན་ཞབས་ཞུའི་འགྲོ་གྲོན། འདུས་ཚོགས་ལ་ཉིན་གང་གི་ཞལ་ལག་སྦྱིན་བདག་སོགས་ཆ་ཚང་དཔལ་སྤུངས་བྱམས་མགོན་སི་ཏུའི་བླ་བྲང་ནས་བཏང་གནང་མཛད། དེ་ལྟར་སྔོན་སྨོན་ཐུགས་བསྐྱེད་ཀྱི་འཇུག་པ་དུས་སུ་སྨིན་པའི་བྱམས་ཆེན་ཡེ་ཤེས་ཀྱི་བཀོད་པ་ཆོས་སྐུ་ཐུགས་ཀྱི་རྟེན་དང་འབྱེར་མེད་པ། རྒྱལ་སྲས་འགྲོ་བའི་མགོན་པོའི་འཕྲིན་ལས་ཀྱི་བགྱི་བ་མཐའ་ཡས་པའི་རྣམ་ཐར་གྱི་ཆ་ཤས། སྐྱེ་བ་དང་ཚེ་རབས་ནས་ཐུགས་བསྐྱེད་དང་སྨོན་ལམ་གྱི་འཇུག་པ་ལྷན་ཅིག་ཏུ་གནས་པའི་མཆོད་རྟེན་རིན་པོ་ཆེ་ལ་སྔར་ན་མ་གྲགས་པའི་གསེར་ཟངས་ཀྱི་ན་བཟའ་རླབས་པོ་ཆེ་གསོལ་ཏེ། ཞིག་གསོས་ཀྱི་བགྱི་བ་གང་དག་ལེགས་གྲུབ་བྱུང་སྟབས། ཞིག་གསོས་ཆེན་པོ་འདི་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་འཇོག་མཁན་དག་ལ་ཕན་ཡོན་ཇི་ལྟར་ཡོད་ཚུལ་གཏེར་ལུང་ལས་གསལ་བ་དག་སྤྲོ་བ་བསྐྱེད་ཆེད་དུ་འདིར་བཀོད་ན། དེ་ཡང་གཏེར་སྟོན་ཆེན་པོ་ལྷ་བཙུན་སྔོན་མོས་བསམ་ཡས་གཙུག་ལག་ཁང་གི་རྣམ་སྣང་ཆེན་མོའི་སྐུ་རྒྱབ་ནས་གཏེར་དུ་བཞེས་པའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ལོ་རྒྱུས་ཐོས་གྲོལ་ཆེན་མོ་ཞེས་པ་ལས། “མདོར་ན་ཞིག་གསོས་འདི་ལ་འབྲེལ་བ་བཞག་པའི་སེམས་ཅན་ཐམས་ཅད༔ སྐྱེ་བ་གསུམ་དུ་ལྷ་དང་མིའི་ལུས་རྣམ་པར་དག་པ་ཐོབ་ཅིང༔ མཐར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སངས་རྒྱས་པ་འགྱུར་རོ༔ ཞིག་གསོས་ཆེན་པོ་འདི་ཉིད་ལ་དད་པ་དང༔ མོས་པ་དང༔ གུས་པ་དང་རྗེས་སུ་ཡི་རངས་བྱེད་པ་ཐམས་ཅད་ཀྱང༔ སྐྱེ་བ་བདུན་ལ་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་དུ་༔ རིག་འཛིན་གྱི་གྲལ་དུ་འཁོད་པར་འགྱུར་རོ༔ ཞིག་གསོས་ཆེན་པོ་འདི་ཉིད་སེམས་ཅན་གང་གིས་མིག་གིས་མཐོང་བ༔ རྣ་བས་ཐོས་པ༔ ཡིད་ལ་དྲན་པ་ཐམས་ཅད་ཀྱང་བསྐལ་པ་ཆེན་པོ་དྲུག་ཁྲིར༔ བསགས་པའི་ལས་ངན་པའི་སྒྲིབ་པ་མཐའ་དག་རྩ་བ་ནས་བྱང་བར་འགྱུར་རོ༔ ཞིག་གསོས་ཆེན་པོ་བྱེད་པའི་སྐྱེས་བུ་དེ་ལ་འབྲེལ་བ་བཞག་པ་ཐམས་ཅད་ཀྱང༔ མོས་གུས་དང་དད་པ་ཆེ་ཆུང་གིས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྣ་རེ་ཐོབ་ཅིང༔ མཐར་ཐུག་ཨོ་རྒྱན་ངའི་དྲུང་དུ་རིག་འཛིན་གྱི་ས་ལ་ངེས་པར་གནས་པར་འགྱུར་རོ༔” ཞེས་སོགས་རྒྱ་ཆེན་འདུག་ཀྱང་ཡིག་ཚོགས་ལ་འཇིགས་ཏེ་འདིར་ཆ་ཚང་བཀོད་མེད་པས་གཟིགས་འདོད་ཡོད་མཁན་རྣམས་ཀྱིས་བོད་ཀྱི་ནང་བསྟན་དཔེ་ཁང་ཞེས་TBRCདྲ་རྒྱའི་ཐོག་ནས་གཟིགས་ཀློག་མཛད་ཐུབ་འདུག དེ་ལྟར་ལོ་རྒྱུས་ཀྱི་བྱུང་བ་རིང་མོའི་ཁྲོད་དུ་མཆོད་རྟེན་རིན་པོ་ཆེ་ལ་ཞིག་གསོས་བྱེད་མཁན་གཙོ་བོ་རྣམས་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོ། ཞྭ་དམར་སྐུ་འཕྲེང་དྲུག་པ། ༧རྒྱལ་བ་ཀརྨ་པ་སྐུ་འཕྲེང་བཅུ་གསུམ་པ། སི་ཏུ་སྐུ་འཕྲེང་བརྒྱད་པ་ཆོས་ཀྱི་འབྱུང་གནས། ཡོལ་མོ་བ་ཤཱཀྱ་བཟང་པོ་སྐུ་འཕྲེང་རིམ་བྱོན། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ། ཞབས་དཀར་ཚོགས་དྲུག་རང་གྲོལ། གྲུབ་དབང་ཤཱཀྱ་ཤྲི། སི་ཏུ་པདྨ་དོན་ཡོད་སོགས་ཡིན་ལ་དེ་དག་ལས་ཞིག་གསོས་ཆེ་ཤོས་མཛད་མཁན་ནི་ཡོལ་མོ་བ་ཤཱཀྱ་བཟང་པོ་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ། བྱམས་མགོན་ཏཱའི་སི་ཏུ་བཅུ་གཉིས་པ་པདྨ་དོན་ཡོད་གྲུབ་པ་གསུམ་དང་། གསེར་ཟངས་ཀྱི་ན་བཟའ་བསྒྲོན་མཁན་ནི་ཞབས་དཀར་ཚོགས་དྲུག་རང་གྲོལ་དང་སི་ཏུ་པདྨ་དོན་ཡོད་རྣམ་གཉིས་ཡིན་ཞིང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་གསེར་སྲང་སྟོང་གཅིག་གིས་ན་བཟའ་བསྒྲོན་གནང་བ་དང་། ད་ལན་བྱམས་མགོན་སི་ཏུ་རིན་པོས་གསེར་བཟང་ཀེ་ལོ་སུམ་ཅུ་གསེར་ཟངས་ཀྱི་ན་བཟའ་བསྒྲོན་འབུལ་ཞུས་ཡོད། སྐབས་འདིར་གདུལ་བྱ་གཞན་ལ་བསོད་ནམས་བསགས་པའི་བགོ་སྐལ་བསྩལ་ཏེ་གསེར་གྱི་ཞབས་འདེབས་ཉུང་ངུ་ཕུལ་བ་ལས་གཞི་རྩའི་གསེར་གྱི་འགྲོ་གྲོན་མང་ཆེ་བ་སི་ཏུ་རིན་པོ་ཆེས་གནང་མཛད། དེ་བཞིན་ཞིག་གསོས་ཀྱི་འགྲོ་གྲོན་ཕལ་མོ་ཆེ་དཔལ་སྤུངས་བླ་བྲང་ནས་ཕུལ་བ་དེ་ཡང་༧བྱམས་མགོན་སི་ཏུ་རིན་པོ་ཆེས་མི་ལོ་སུམ་ཅུ་ཙམ་གྱི་སྔོན་ནས་བལ་ཡུལ་དུ་སློབ་གྲྭ་ཆེན་མོ་ཞིག་འཛུགས་འཆར་གནང་བའི་རྟེན་གཞི་ས་ཆ་ཞིག་ཡོད་པ་དེ་ཉིད་ཀྱི་རིན་བབ་ཡོངས་རྫོགས་མཆོད་རྟེན་རིན་པོ་ཆེའི་ཞིག་གསོས་ཀྱི་རྟེན་རྩ་རུ་ཕུལ་གནང་འདུག དེ་ལྟར་ད་ལན་གྱི་ཞིག་གསོས་འདི་ནི་ཞིག་གསོས་ཡོངས་ལས་གཞིི་རྒྱ་ཆེ་ཤོས་དང་སྤུས་ཚད་ལེགས་ཤོས་སུ་ཆགས་ཡོད། སྤྱིར་བྱམས་མགོན་བླ་མ་མཆོག་གིས་བསྟན་འགྲོ་བདེ་ཐབས་དང་ཚོགས་བསགས་ཀྱི་བགྱི་བ་ཁོ་ན་ལས་ཆེ་འདོད་དང་གྲགས་འདོད་ཀྱི་ཆ་ཕྲ་མོ་ཙམ་ཡང་འདྲེས་མེད་སྟབས་གང་ཞིག་བགྱིས་པ་འགྲོ་བའི་མིག་གི་མཐོང་སྣང་དུ་གྲུབ་པ་ཞིག་ཡིན་སྟབས་གསལ་བཤད་ཞུ་དགོས་པ་དང་ཟིན་བྲིས་འདེབས་དགོས་པ་ཞིག་མིན་ཀྱང་། གདུལ་བྱ་གཞན་ལ་ཡི་རངས་དད་པའི་དགེ་རྩ་ཟབ་མོ་འཇོག་པའི་རྒྱུ་དང་རང་གི་ཚོགས་བསགས་ཀྱི་བགྱི་བ་རུ་མོས་ཏེ། གཏེར་ཆེན་བླ་མ་མི་འགྱུར་རྡོ་རྗེའི་ཞལ་སློབ་ཀྱི་གྲལ་མཐར་གནས་པ་མི་གསོན་པོའམ་ཀུན་དགའ་འཕྲིན་ལས་ཞེས་༧བྱམས་མགོན་རྡོ་རྗེ་འཆང་ཡབ་སྲས་ཟུང་ལ་མི་ཕྱེད་པའི་དད་འདུན་ཟབ་མོ་སྙིང་དུ་བལྟམས་པ་གང་དེས་ཞིག་གསོས་ཀྱི་ལས་བྱེད་རྣམས་ལ་བཅར་འདྲི་ཡང་ཡང་བྱས་ཏེ་ཟིན་བྲིས་བཏབ།། །། ངོ་སྤྲོད།
ཡ་ཡ། ་མི་གསོན་པོས་ཏཱ་ཡི་སི་ཏུ་ལ་བསྟོད་ར་ཚད་མེད་པ་བཏང་འདུག ཾམཆོད་རྟེན་ཞིག་གསོས་བྱེད་པ་ལེགས་ཀྱང་། ཀུན་སློང་སྙན་གྲགས་སོགས་འཇིག་རྟེན་ཆོས་བརྒྱད་དང་མ་འདྲེས་པ་དགོས། དེ་ཡང་མཉམ་མེད་དྭགས་པོ་ལྷ་རྗེས། ཆོས་ཆོས་བཞིན་དུ་མ་བྱས་ན། ཆོས་ཀྱི་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། གསུངས་པ་དེས་ཀུན་སློང་ལ་གསུངས་པ་འདྲ། གཞན་ཡང་། བལ་ཡུལ་དང་འབྲེལ་བ་ཡོད་པའི་བོད་བརྒྱུད་ནང་བསྟན་བླ་མའི་ནང་ནས་རྒྱལ་བ་ཞྭ་དམར་བཅུ་པ་ཆོས་གྲུབ་རྒྱ་མཚོ་དེ་ཡང་གལ་གནད་ཆེ་བ་ཞིག་རེད་འདུག དེ་བཞིན་དུ་དེ་དང་དུས་མཉམ་དུ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་མགོན་རིན་པོ་ཆེ་ཡང་བལ་ཡུལ་དུ་གནས་གཟིགས་ལ་ཕེབས་འདུག ཡིན་ནའང་མཚོད་བརྟེན་ཉམས་གསོ་བྱེད་མིན་ཤེས་མ་སོང་།
ཤིན་ཏུ་སྙན་ཅིང་སྙན་རྩོམ་དང་།།ལེགས་སོ་བགྱིས་པས་ལེགས་གསོལ་ཞུ།།དགའ་དད་མཆོད་པའི་མཆོད་པ་ཆེ།།ཐམས་ཅད་དོན་གཉིས་དོན་གྲུབ་ཤོག །
རང་ཅག་ནང་པ་སངས་རྒྱས་པའི་བསྟན་པ་ལ་མོས་པའི་དད་ལྡན་ཡོངས་ཀྱིས་ཕྱག་མཆོད་བྱ་བའི་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་ཞིག་གསོས་གནང་མཁན་རྒྱུ་སྦྱོར་བ་བྱམས་མགོན་སི་ཏུ་རིན་པོ་ཆེ་གཙོས་ཕྱག་རོགས་ཞུ་མཁན་ཡོངས་ཀྱི་ལྷག་བསམ་ལ་རྗེས་སུ་ཡིད་རངས་དང་བསམ་པ་ཆོས་བཞིན་འགྲུབ་པའི་སྨོན་ལམ་ཡོད།
རྒྱལ་བ་ཞྭ་དམར་པས་བལ་ཡུལ་Gokarna རྣམ་རྒྱལ་སློབ་གྲྭ་གསར་རྒྱག་སྐབས་ས་ཆ་དེར་ཞྭ་དམར་རིན་པོ་ཆེ་དགོན་པ་རྒྱབ་རྒྱུའི་འཆར་གཞི་ཡོད་པའི་ས་ཆ་གང་མཚམས་འདུག ཡིན་ནའང་རིན་པོ་ཆེ་ནས་ས་ཆ་མང་ཆེ་བ་ཞྭ་དམར་པས་སློབ་གྲར་གནང་། སྐབས་དེའི་བལ་ཡུལ་དོན་གཅོད་དང་འབྲེལ་ཡོད་ཤེས་རིག་ལས་ཁུངས་ནས་ཤེས་རྟོགས་བྱུང་ངེས། དེ་བཞིན་འབྲས་ལྗོངས་ལྷོ་ཕྱོགས་Namchi རུ་གུ་རུའི་སྐུ་འདྲ་ཆེན་པོ་གསར་བཞེངས་སྐབས་རིན་པོ་ཆེ་ནས་ཧིན་སྒོར་འབུམ་མང་པོ་་ཞལ་འདེབས་གནང་སྐད་འདུག ཡིན་ནའང་ཁྱབ་བསྒྲགས་བྱེད་་དགོས་མ་རེད་གསུངས་འདུག དེ་དག་ལ་བལྟ་ན་བླ་མ་དེ་དངོས་གནས་གཏམ་སྙན་གྲགས་ལ་རྡོག་རྫིས་བཏང་མཁན་ཞིག་རེད་འདུག
མི་ཁ་ཤེས་ཞིག་གིས་མཆོད་རྟེན་ཆེན་མོའི་སྦྱིན་བདག་དེ་བྱམས་མགོན་སི་ཏུ་ཡིན་རབས་བཤད་བཞིན་འདུག་ དངོས་ཡོད་གནས་ཚུལ་ནི་བྱམས་མགོན་སི་ཏུ་གིས་མཆོད་རྟེན་ཞིག་གསོལ་སྐབས་སུ་གསེར་ཀེ་ལོ་29 སྦྱིན་བདག་མ་གཏོགས་བྱས་མེད་པ་རེད་ མཆོད་རྟེན་སྤྱི་ཡོངས་ལ་ཉམས་གསོལ་དང་མགོ་ནས་བལྟ་མཁན་དེ་རྙིང་མ་པ་སྤྲུལ་སྐུ་ཞིག་རེད་ འོན་ཅང་དེང་སོང་བླ་ཆེན་ལ་ལས་ག་གེ་མོ་ཞིག་གིས་སྦྱིན་བདག་བྱས་ཡོད་ལུགས་དང་དེ་ལ་རབ་གནས་བྱེད་དགོས་ལོགས་དང་བལ་ཡུལ་ལ་འགྲོ་ཆོག་པའི་ཡིག་ཆ་སྤྲོད་དགོས་ལུགས་སོགས་ སྒྲུང་སྙན་མོ་དཔེ་མེད་བཤད་ཡ་འདུག་ ཧ་ཧ་ཧ་ཧ་
གསེར་ཟངས་རྒྱ་མའམ། ཀི་ལོ་ཟེར་བ་དང་། གསེར་ཀི་ལི་ཟེར་བ་གཉིས་ལ་གོང་ཚད་གནམ་སའི་ཁྱད་པར་ཡོད་རེད་དོ། གང་ཡིན་ཟེར་ན་འདིར་མ་རྩོམ་དང་མཆན་བུའི་དགོངས་དོན་གཉིས་ལ་མི་འདྲ་བ་ཆེན་པོ་འདུག་པས་་་་་་
གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོ་གིས་དགེ་བཤེས་མཚན་རྟགས་བཞེས། http://tibettimes.net/%E0%BD%82%E0%BE%B3%E0%BD%B2%E0%BD%84%E0%BC%8B%E0%BD%98%E0%BD%86%E0%BD%BC%E0%BD%82%E0%BC%8B%E0%BD%A6%E0%BE%A4%E0%BE%B2%E0%BD%B4%E0%BD%A3%E0%BC%8B%E0%BD%A2%E0%BD%B2%E0%BD%93%E0%BC%8B%E0%BD%94%E0%BD%BC/ ་ ་་་་་་་་ ༧གོང་ས་མཆོག་ལ་བསྙེན་རྫོགས་ཀྱི་སྡོམ་པ་འབུལ་གནང་མཛད་ནས་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། གདན་ས་གསུམ་གཙོ་གྱུར་གྱི་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་དུ་མས་ཞབས་པད་སྤྱི་བོའི་གཙུག་ཏུ་བཀུར། མཐར་དགུང་གྲངས་རེ་གཉིས་ཐོག་ ༡༩༦༦ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན། ་་་་་་་་་་ ་ འདིར་གུང་གྲངས་རེ་གཉིས་དང་། ༡༩༦༦ལོར་དགོངས་པ་ཆོས་སུ་ཐིམ་ཚུལ་བསྟན་ཟེར་བ་གཉིས་ནོར་བ་ཆེན་པོ་འདུག ངས་དུས་བབ་ལ་མཆན་བཞག་རྒྱུ་མཚམས་བཞགན་ས་ལོ་འགའ་ཕྱིན་ན་ཡང་། རང་བློས་མ་བཟོད་ནས་འདིར་དྲངས་ནས་བྲིས་པ་ཡིན།
གླིང་རིན་པོ་དགུང་ལོ་༨༠ བརྒྱད་ཅུ་ལྷག་བཞུགས་ཡོད། ༡༩༧༧ མིན་ན་ཡང་། ༡༩༦༦ རྩ་་བ་ཉིད་ནས་མ་རེད། དིང་སང་གསར་འགྱུར་བ་ཚོའི་ལས་ཀ་འདི་འདྲ་བྱས་ན་ཞབས་འདྲེན་རེད། ད་དུང་རྒྱ་མི་དང་། རྒྱ་ནག་གཞུང་ལ་ཁམགཏད་གཅོག་བགྱིད་ཡིན་ཟེར་ན། ཛམ་གླིང་མི་ཚང་མ་བགད་མོ་ཁྲ་ཁྲ་སིང་སིང་ཤོར་རྒྱུ་ལས་མ་འདསས་སོ།། །།
བོད་སྐད་སྡེ་ཚན། | གསར་འགྱུར། མཆོད་རྟེན་བྱ་རུང་ཁ་ཤོར་ཉམས་གསོ་ལེགས་འགྲུབ་བྱུང་འདུག http://www.rfa.org/tibetan/sargyur/nepal-quake-damaged-boudhanath-stupa-reopen-11222016151850.html
བྱ་རུང་ཁ་ཤོར་ ལོ་རྒྱུས་དེ་ཆོས་ལུགས་ཀྱི་རྨོང་དད་དང་ཕྱོགས་ཞན་ཁོ་ན་བྱས་ནས་འཁྱོག་བཤད་བྱས་པ་རེད་ ལོ་རྒྱུསདངོས་ལ་དེ་འདྲ་རྩ་བ་ནས་མ་རེད་ དོན་དངོས་ལ་བོད་ཀྱི་རྒྱ་པོའི་སྟོབས་ཤུགས་ཀྱི་མི་རྒྱུ་གཉིས་བཏོང་ནས་བཞིན་པ་རེད་ མཆོད་རྟེན་བཞིན་དུས་ ཆ་མགོད་པ་ནི་ པན་འཇབ་ཡོ་ག་པོ་ཏོ་ ༼ གུ་རུ་སམ་རྦ་བ་༽ རེད་ མཆོད་རྟེན་སྦྱིན་བདག་དངོས་ནི་བོད་ཀྱི་རྒྱ་པོ་ཆེན་པོས་བྱས་ བོད་ཀྱི་རྒྱ་པོས་ གསེར་དངུལ་ཟངས་གསུམ་དང་ མི་ཤུགས་དང་རྒྱུ་ཤུགས་བཏོང་ནས་མཆོད་རྟེན་བཞིན་པ་ རེད་ མཆོད་རྟེན་དེ་རྒྱུད་འཛིན་བྱེད་མཁན་ནམ་བདག་པོ་རྒྱབ་མཁན་ནི་སྐབས་དེ་དུས་བོད་ཀྱི་རྟ་དམག་གི་ཆུ་བོ་གང་གའ་ཆུ་མགོ་ནས་ཆུ་མདབ་བྷང་ག་ལ་བར་དུ་བཟུང་ཡོད་ མཆོད་རྟེན་འདི་ཡང་བོད་ཀྱི་རྟ་དམག་གིས་རྒྱུན་དུ་བཏོང་འཛིན་བྱེད་ཀྱི་ཡོད་ འདི་ནི་དངོས་ཡོད་ཀྱི་གནས་ལུགས་ཅིག་རེད་ དེ་མིན་ཆོས་ལུགས་ཀྱི་རྨོང་དད་ཀྱི་བཤད་ཚུལ་ དཔེ་ན་ བོང་བུས་སྨོན་ལམ་བཏབ་དང་གླང་གི་སྨོན་ལམ་བཏབ་ཟེར་བ་ནི་ རྨོང་དད་ཁོ་ན་དང་ཆོས་ལུགས་ཁོ་ན་ལས་ ལོ་རྒྱུས་དངོས་ལ་འཁྱོག་བཤད་བྱས་པ་རེད་ལ་ འཁྱོག་བཤད་བྱེད་ཞོལ་དུ་ དོན་དངོས་ཀྱི་ལོ་རྒྱུས་དེ་རྩ་མིད་བཏོང་བ་ཡང་རེད་
ཡ་ཡ། ་མི་གསོན་པོས་ཏཱ་ཡི་སི་ཏུ་ལ་བསྟོད་ར་ཚད་མེད་པ་བཏང་འདུག ཾམཆོད་རྟེན་ཞིག་གསོས་བྱེད་པ་ལེགས་ཀྱང་། ཀུན་སློང་སྙན་གྲགས་སོགས་འཇིག་རྟེན་ཆོས་བརྒྱད་དང་མ་འདྲེས་པ་དགོས། དེ་ཡང་མཉམ་མེད་དྭགས་པོ་ལྷ་རྗེས། ཆོས་ཆོས་བཞིན་དུ་མ་བྱས་ན། ཆོས་ཀྱི་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། གསུངས་པ་དེས་ཀུན་སློང་ལ་གསུངས་པ་འདྲ། གཞན་ཡང་། བལ་ཡུལ་དང་འབྲེལ་བ་ཡོད་པའི་བོད་བརྒྱུད་ནང་བསྟན་བླ་མའི་ནང་ནས་རྒྱལ་བ་ཞྭ་དམར་བཅུ་པ་ཆོས་གྲུབ་རྒྱ་མཚོ་དེ་ཡང་གལ་གནད་ཆེ་བ་ཞིག་རེད་འདུག དེ་བཞིན་དུ་དེ་དང་དུས་མཉམ་དུ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་མགོན་རིན་པོ་ཆེ་ཡང་བལ་ཡུལ་དུ་གནས་གཟིགས་ལ་ཕེབས་འདུག ཡིན་ནའང་མཚོད་བརྟེན་ཉམས་གསོ་བྱེད་མིན་ཤེས་མ་སོང་།
ཤིན་ཏུ་སྙན་ཅིང་སྙན་རྩོམ་དང་།།ལེགས་སོ་བགྱིས་པས་ལེགས་གསོལ་ཞུ།།དགའ་དད་མཆོད་པའི་མཆོད་པ་ཆེ།།ཐམས་ཅད་དོན་གཉིས་དོན་གྲུབ་ཤོག །
ལེགས་གསུང་ལེགས་པར་གསུང་བར་བྱ། །མགོན་མེད་མགོན་དུ་འགྱུར་བར་སྨོན།
རང་ཅག་ནང་པ་སངས་རྒྱས་པའི་བསྟན་པ་ལ་མོས་པའི་དད་ལྡན་ཡོངས་ཀྱིས་ཕྱག་མཆོད་བྱ་བའི་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་ཞིག་གསོས་གནང་མཁན་རྒྱུ་སྦྱོར་བ་བྱམས་མགོན་སི་ཏུ་རིན་པོ་ཆེ་གཙོས་ཕྱག་རོགས་ཞུ་མཁན་ཡོངས་ཀྱི་ལྷག་བསམ་ལ་རྗེས་སུ་ཡིད་རངས་དང་བསམ་པ་ཆོས་བཞིན་འགྲུབ་པའི་སྨོན་ལམ་ཡོད།
རྒྱལ་བ་ཞྭ་དམར་པས་བལ་ཡུལ་Gokarna རྣམ་རྒྱལ་སློབ་གྲྭ་གསར་རྒྱག་སྐབས་ས་ཆ་དེར་ཞྭ་དམར་རིན་པོ་ཆེ་དགོན་པ་རྒྱབ་རྒྱུའི་འཆར་གཞི་ཡོད་པའི་ས་ཆ་གང་མཚམས་འདུག ཡིན་ནའང་རིན་པོ་ཆེ་ནས་ས་ཆ་མང་ཆེ་བ་ཞྭ་དམར་པས་སློབ་གྲར་གནང་། སྐབས་དེའི་བལ་ཡུལ་དོན་གཅོད་དང་འབྲེལ་ཡོད་ཤེས་རིག་ལས་ཁུངས་ནས་ཤེས་རྟོགས་བྱུང་ངེས། དེ་བཞིན་འབྲས་ལྗོངས་ལྷོ་ཕྱོགས་Namchi རུ་གུ་རུའི་སྐུ་འདྲ་ཆེན་པོ་གསར་བཞེངས་སྐབས་རིན་པོ་ཆེ་ནས་ཧིན་སྒོར་འབུམ་མང་པོ་་ཞལ་འདེབས་གནང་སྐད་འདུག ཡིན་ནའང་ཁྱབ་བསྒྲགས་བྱེད་་དགོས་མ་རེད་གསུངས་འདུག དེ་དག་ལ་བལྟ་ན་བླ་མ་དེ་དངོས་གནས་གཏམ་སྙན་གྲགས་ལ་རྡོག་རྫིས་བཏང་མཁན་ཞིག་རེད་འདུག
ས་ཆ་མང་ཆེ་བ་རྣམ་རྒྱལ་སློབ་གྲར་གནང་། བཅོས་རོགས།
མི་ཁ་ཤེས་ཞིག་གིས་མཆོད་རྟེན་ཆེན་མོའི་སྦྱིན་བདག་དེ་བྱམས་མགོན་སི་ཏུ་ཡིན་རབས་བཤད་བཞིན་འདུག་ དངོས་ཡོད་གནས་ཚུལ་ནི་བྱམས་མགོན་སི་ཏུ་གིས་མཆོད་རྟེན་ཞིག་གསོལ་སྐབས་སུ་གསེར་ཀེ་ལོ་29 སྦྱིན་བདག་མ་གཏོགས་བྱས་མེད་པ་རེད་ མཆོད་རྟེན་སྤྱི་ཡོངས་ལ་ཉམས་གསོལ་དང་མགོ་ནས་བལྟ་མཁན་དེ་རྙིང་མ་པ་སྤྲུལ་སྐུ་ཞིག་རེད་ འོན་ཅང་དེང་སོང་བླ་ཆེན་ལ་ལས་ག་གེ་མོ་ཞིག་གིས་སྦྱིན་བདག་བྱས་ཡོད་ལུགས་དང་དེ་ལ་རབ་གནས་བྱེད་དགོས་ལོགས་དང་བལ་ཡུལ་ལ་འགྲོ་ཆོག་པའི་ཡིག་ཆ་སྤྲོད་དགོས་ལུགས་སོགས་ སྒྲུང་སྙན་མོ་དཔེ་མེད་བཤད་ཡ་འདུག་ ཧ་ཧ་ཧ་ཧ་
གསལ་བཤད་མཐོང་བ་དོན་ལྡན་བཀའ་དྲིན་ཆེ།
འདན་མའི་བུ་ཆུང་གི་སྐད་ཆ་དེ་བདེན། ང་ཡང་ད་ག་རང་གོ་སོང་།
གསེར་ཟངས་རྒྱ་མའམ། ཀི་ལོ་ཟེར་བ་དང་། གསེར་ཀི་ལི་ཟེར་བ་གཉིས་ལ་གོང་ཚད་གནམ་སའི་ཁྱད་པར་ཡོད་རེད་དོ། གང་ཡིན་ཟེར་ན་འདིར་མ་རྩོམ་དང་མཆན་བུའི་དགོངས་དོན་གཉིས་ལ་མི་འདྲ་བ་ཆེན་པོ་འདུག་པས་་་་་་
གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོ་གིས་དགེ་བཤེས་མཚན་རྟགས་བཞེས།
http://tibettimes.net/%E0%BD%82%E0%BE%B3%E0%BD%B2%E0%BD%84%E0%BC%8B%E0%BD%98%E0%BD%86%E0%BD%BC%E0%BD%82%E0%BC%8B%E0%BD%A6%E0%BE%A4%E0%BE%B2%E0%BD%B4%E0%BD%A3%E0%BC%8B%E0%BD%A2%E0%BD%B2%E0%BD%93%E0%BC%8B%E0%BD%94%E0%BD%BC/
་
་་་་་་་་ ༧གོང་ས་མཆོག་ལ་བསྙེན་རྫོགས་ཀྱི་སྡོམ་པ་འབུལ་གནང་མཛད་ནས་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། གདན་ས་གསུམ་གཙོ་གྱུར་གྱི་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་དུ་མས་ཞབས་པད་སྤྱི་བོའི་གཙུག་ཏུ་བཀུར། མཐར་དགུང་གྲངས་རེ་གཉིས་ཐོག་ ༡༩༦༦ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན། ་་་་་་་་་་
་
འདིར་གུང་གྲངས་རེ་གཉིས་དང་། ༡༩༦༦ལོར་དགོངས་པ་ཆོས་སུ་ཐིམ་ཚུལ་བསྟན་ཟེར་བ་གཉིས་ནོར་བ་ཆེན་པོ་འདུག ངས་དུས་བབ་ལ་མཆན་བཞག་རྒྱུ་མཚམས་བཞགན་ས་ལོ་འགའ་ཕྱིན་ན་ཡང་། རང་བློས་མ་བཟོད་ནས་འདིར་དྲངས་ནས་བྲིས་པ་ཡིན།
གླིང་རིན་པོ་དགུང་ལོ་༨༠ བརྒྱད་ཅུ་ལྷག་བཞུགས་ཡོད། ༡༩༧༧ མིན་ན་ཡང་། ༡༩༦༦ རྩ་་བ་ཉིད་ནས་མ་རེད། དིང་སང་གསར་འགྱུར་བ་ཚོའི་ལས་ཀ་འདི་འདྲ་བྱས་ན་ཞབས་འདྲེན་རེད། ད་དུང་རྒྱ་མི་དང་། རྒྱ་ནག་གཞུང་ལ་ཁམགཏད་གཅོག་བགྱིད་ཡིན་ཟེར་ན། ཛམ་གླིང་མི་ཚང་མ་བགད་མོ་ཁྲ་ཁྲ་སིང་སིང་ཤོར་རྒྱུ་ལས་མ་འདསས་སོ།། །།
ཀ་རྡོ་ལགས། གླིང་་རིན་པོ་ཆེ་༡༩༨༣ ལོར་དགོངས་པ་རྫོགས་པ་གསལ་པོར་དྲན།
བོད་སྐད་སྡེ་ཚན། | གསར་འགྱུར།
མཆོད་རྟེན་བྱ་རུང་ཁ་ཤོར་ཉམས་གསོ་ལེགས་འགྲུབ་བྱུང་འདུག
http://www.rfa.org/tibetan/sargyur/nepal-quake-damaged-boudhanath-stupa-reopen-11222016151850.html
བྱ་རུང་ཁ་ཤོར་ ལོ་རྒྱུས་དེ་ཆོས་ལུགས་ཀྱི་རྨོང་དད་དང་ཕྱོགས་ཞན་ཁོ་ན་བྱས་ནས་འཁྱོག་བཤད་བྱས་པ་རེད་ ལོ་རྒྱུསདངོས་ལ་དེ་འདྲ་རྩ་བ་ནས་མ་རེད་ དོན་དངོས་ལ་བོད་ཀྱི་རྒྱ་པོའི་སྟོབས་ཤུགས་ཀྱི་མི་རྒྱུ་གཉིས་བཏོང་ནས་བཞིན་པ་རེད་ མཆོད་རྟེན་བཞིན་དུས་ ཆ་མགོད་པ་ནི་ པན་འཇབ་ཡོ་ག་པོ་ཏོ་ ༼ གུ་རུ་སམ་རྦ་བ་༽ རེད་ མཆོད་རྟེན་སྦྱིན་བདག་དངོས་ནི་བོད་ཀྱི་རྒྱ་པོ་ཆེན་པོས་བྱས་ བོད་ཀྱི་རྒྱ་པོས་ གསེར་དངུལ་ཟངས་གསུམ་དང་ མི་ཤུགས་དང་རྒྱུ་ཤུགས་བཏོང་ནས་མཆོད་རྟེན་བཞིན་པ་ རེད་ མཆོད་རྟེན་དེ་རྒྱུད་འཛིན་བྱེད་མཁན་ནམ་བདག་པོ་རྒྱབ་མཁན་ནི་སྐབས་དེ་དུས་བོད་ཀྱི་རྟ་དམག་གི་ཆུ་བོ་གང་གའ་ཆུ་མགོ་ནས་ཆུ་མདབ་བྷང་ག་ལ་བར་དུ་བཟུང་ཡོད་ མཆོད་རྟེན་འདི་ཡང་བོད་ཀྱི་རྟ་དམག་གིས་རྒྱུན་དུ་བཏོང་འཛིན་བྱེད་ཀྱི་ཡོད་ འདི་ནི་དངོས་ཡོད་ཀྱི་གནས་ལུགས་ཅིག་རེད་ དེ་མིན་ཆོས་ལུགས་ཀྱི་རྨོང་དད་ཀྱི་བཤད་ཚུལ་ དཔེ་ན་ བོང་བུས་སྨོན་ལམ་བཏབ་དང་གླང་གི་སྨོན་ལམ་བཏབ་ཟེར་བ་ནི་ རྨོང་དད་ཁོ་ན་དང་ཆོས་ལུགས་ཁོ་ན་ལས་ ལོ་རྒྱུས་དངོས་ལ་འཁྱོག་བཤད་བྱས་པ་རེད་ལ་ འཁྱོག་བཤད་བྱེད་ཞོལ་དུ་ དོན་དངོས་ཀྱི་ལོ་རྒྱུས་དེ་རྩ་མིད་བཏོང་བ་ཡང་རེད་