ཨ་འདུས་སྐལ་བཟང་རྒྱ་མཚོ།
ཨོསྭསྟི།
རཏྣའི་མཚན་གྱིས་རབ་བརྗིད་ཅིང་། །
རིགས་ནི་མཐོ་བའི་རུས་སུ་བལྟམས། །
རང་གཞན་རིས་སུ་མི་གཅོད་པའི། །
རིན་པོ་ཆེ་ལ་མཇལ་པར་རངས། །
སང་ནི་ཁྱོད་ཀྱི་འཁྲུངས་སྟོན་ཞེས། །
ཚོགས་པའི་དབུས་སུ་བསྒྲགས་པའི་གཏམ། །
བདག་གི་རྣ་བར་ལྷུང་བ་ཡིས། །
ཡིད་ནི་དགའ་བའི་དཔལ་གྱིས་བཟི། །
མཚན་མཆོག་གསུམ་གྱི་རིགས་སྲས་སུ། །
བལྟམས་པ་ཙམ་གྱིས་བཀུར་འོས་མོད། །
ཁྱོད་ལ་དེ་བས་ལྕི་བ་ཡི། །
ཡོན་ཏན་ལྡན་དེས་ལྷག་ཏུ་དད། །
ཡབ་རྗེ་དབང་གི་རྒྱལ་པོ་དང་། །
མཁན་ཆེན་ཡོན་ཏན་བཟང་པོ་སོགས། །
མཁས་བརྒྱའི་མན་ངག་བདུད་རྩི་ནི། །
ཁྱོད་ཐུགས་བུམ་པའི་རྒྱན་དུ་འཁྱིལ། །
ཆུང་ནས་བྱིས་སྤྱོད་མི་མངའ་ཞིང་། །
སྒམ་པའི་ཐུགས་ནི་འགྲོ་ལ་བྱམས། །
ཀུན་ལ་དཔྱད་པས་འཇུག་པ་ཁྱོད། །
ས་པཎ་ཞབས་ཀྱི་དཔེ་ཟླར་འོས། །
སྤྱོད་པ་ཉན་ཐོས་ལས་དུལ་ཞིང་། །
ལྟ་བ་བིར་ཝ་པ་དང་མཉམ། །
མདོ་རྒྱུད་མན་ངག་མཛོད་གྱུར་པ། །
ཁྱོད་ནི་བསྟན་པའི་ཉིན་བྱེད་ལགས། །
ཁྱད་པར་གསུང་ངག་ཟབ་མོའི་བཅུད། །
རིས་མེད་གདུལ་བྱ་སྟོང་གི་ཁྱུར། །
བརྩེ་བས་གདམས་པའི་སྙན་པ་ཡིས། །
ཤར་ནུབ་ཁྱོན་ཀུན་གཡོ་བར་བྱས། །
འཇམ་དཔལ་དབྱངས་ཀྱི་མཁྱེན་པ་དང་། །
ཕྱག་ན་རྡོ་རྗེའི་ནུས་པའི་མཐུ། །
སྤྱན་རས་གཟིགས་ཀྱི་བརྩེ་བ་སོགས། །
ཁྱོད་ལ་ལྡན་ཞེས་མཁས་རྣམས་སྒྲོགས། །
མདོར་ན་ཏིང་འཛིན་ལྷན་སྐྱེས་སུ། །
མངའ་བའི་དམ་པ་ཁྱོད་འདྲ་བ། །
སྐྱེ་རྒུའི་ཡིད་ལ་མངོན་པ་ཡིས། །
བདག་གི་མིག་ནི་སྐལ་ལྡན་གྱུར། །
ཞེན་ནས་བསྟོད་པ་མ་ལགས་ཏེ། །
འཐད་པ་ཁོ་ནས་བཀུར་པ་ལགས། །
ཅི་ཙམ་ཁྱོད་ལ་དཔྱད་པ་ཡིས། །
བདག་གི་བློ་ནི་གུས་པར་གྱུར། །
སྔོན་ཚེ་རྗེ་བཙུན་གྲགས་པ་དང་། །
བར་དུ་ཡབ་རྗེ་སྔགས་འཆང་རྗེས། །
ས་བསྟན་གདུགས་དཀར་འཕྱར་བ་བཞིན། །
མཛད་འདིས་མཁས་བརྒྱའི་ཁེངས་པ་བསྙིལ། །
མདོར་ན་དགྱེས་པ་རྡོ་རྗེ་ཡི། །
ཐུན་མིན་བཀའ་སྲོལ་འཆད་པ་ལ། །
སྲིད་ན་ཟླ་བོས་མ་བཟུང་བ། །
ཁོ་ནས་སྲིད་འདིར་དགའ་བ་བྱིན། །
སླད་ཀྱང་བསྙུངས་ཚུལ་མི་མངའ་ཞིང་། །
ཐུགས་ཀྱིས་ཞི་ཉིད་མི་འཚོལ་བར། །
ཇི་སྲིད་སྐལ་བ་རྒྱ་མཚོའི་མཐར། །
བསྟན་འགྲོའི་མགོན་དུ་བཞུགས་གསོལ་འདེབས་། །
བདག་ཀྱང་དེང་ནས་ཚེ་རབས་ཀུན། །
དམ་པ་ཁྱོད་ཀྱིས་རྗེས་བཟུང་སྟེ། །
གཉུགས་ཡིད་རྗེན་ཅར་མ་རྟོགས་པར། །
ཐུགས་རྗེའི་འབྲལ་མེད་སྐྱོངས་གྱུར་ཅིག །
དེ་ལྟར་བསྟོད་དབྱངས་སྙན་པའི་སྤྲིན། །
དད་གུས་ཆར་དང་འགྲོགས་པ་ལས། །
རྟག་ཏུ་རྒྱལ་བསྟན་དག་པའི་མཁར། །
སྙན་ངག་འཇའ་འོད་སྤྲོ་བར་ཤོག །
ཅེས་པའང་༧སྐྱབས་མགོན་འཁོན་གདུང་རནྟ་བཛྲ་རིན་པོ་ཆེ་མཆོག་གི་འཁྲུངས་སྟོན་ཉིན་མོར་མགོན་པོ་གང་གི་སློབ་འབངས་རྒྱ་མཚོའི་གྲལ་མཐར་སྙེགས་ཤིང་དྲི་མ་མེད་པའི་གསུང་གི་བདུད་རྩི་མྱང་ཞིང་ཞབས་རྡུལ་ལ་མགོས་ཕྱག་བྱ་བའི་སྐལ་བ་ཅན་ཨ་འདུས་སྐལ་བཟང་རྒྱ་མཚོས་ཀ་སྤུངས་ས་དགོན་འཕྲིན་ལས་ཀུན་ཁྱབ་གླིང་གི་རང་ཤག་ཉི་འོད་ཅན་དུ་ཤར་མར་བྲིས་སོ།།
བདག་སོགས་སློབ་མའི་ཚེ་སྔོན་ལས་བཟང་གིས།
འབྲེལ་བའི་བླ་མ་དམ་པའི་འཁྲུངས་སྐར་འདིར།
ཇི་མཆིས་བསྟོད་དབྱངས་རོལ་མོ་སྣ་ཚོགས་མཆོད།
བཀྲིས་རྟེན་འབྲེལ་དགེ་ལེགས་ཚོགས་གྱུར་ཅུག།
ཅེས་དུས་བཟང་འདས་ཟིན་ཡང་ཚིགས་བཅད་འདིས་བླ་མའི་སྐུ་ཚེ་ཡུན་རིང་བརྟན་པའི་རྟེན་འབྲེལ་ཆེད་སྔོན་དུ་བཏང་སྟེྟེ་ཁྱེད་ཀྱིས་བླ་མའི་འཁྲུངས་སྐར་དུ་ཕུལ་བའི་སྙན་ངག་ལེགས་པོ་ཞིག་འདུག་པ་དེར་བསྟོད་པའི་མེ་ཏོག་སྣ་ཚོགས་ལན་བརྒྱར་གཏོར། །