རྐ་འོད་ཟེར།
——བཞུད་ཟིན་པའི་ཁྱོད་ལ་ཕུལ།
ཁུ་བྱུག་རྒྱང་ནས་གྲགས་པའི་མགྲིན་གླུ་ལྷོད་པོས།།
ཞེ་མཐུན་ཡུན་གྱིས་དྲན་པའི་གདུང་བ་སྟེར་ཀི།
དབྱར་གྱི་ཁུ་བྱུག་སླེབས་པའི་དུས་ཚིཊ་འདི་ཡང་།།
ཐོག་མར་མཇལ་འཛོམས་བྱུང་བའི་དྲན་གསོར་གྱུར་སོང་།།
འཛོམས་མཐའ་བྲལ་བས་མི་གཏོང་ཆོས་ཉིད་བཙན་པོ།།
མཛའ་མོ་རྒྱང་ལ་བཞུད་པའི་གཏམ་རྒྱུད་འཁྱག་པ།།
དྲན་གདུང་མཆི་མས་བརླན་པའི་ཁ་སང་དེ་རིང་།།
ཁེར་རྐྱང་གདུང་བའི་སྐྱུར་ཁ་གཞིབ་རོགས་སུས་བྱེད།།
ཞོགས་པའི་ཉི་གཞོན་རི་ལ་ཤར་བའི་ནངས་མོ།།
ཞོཊ་རླུང་དལ་བུས་སྐྱོམ་པའི་འོག་འགྱུ་ཡངས་མོ།།
ལྷན་ཅིག་ཞོགས་ཟས་རོལ་བའི་ཕྱིར་དྲན་ཞིམ་པོ།།
ཡིད་ཀྱི་སྙན་ངག་ནང་ལ་ཡང་ཡང་བསྐྱིལ་བྱུང་།།
ཐག་རིང་རི་གྲོང་བརྒལ་ནས་མཇལ་ཕྲད་དཀའ་དུས།།
ཚན་ཚན་ཆ་འཕྲིན་དུས་ཀྱི་མྱུར་བའི་རྒྱུད་ལམ།།
དྲན་གདུང་སྙིང་གཏམ་ཁྱེར་བའི་ལག་འཛིན་ཁ་པར།།
སྙིང་གཏམ་ཚིག་གསུམ་ཤོད་པའི་ཕོ་ཉར་གཏོང་རོགས།།
མ་ཐུག་ཉིན་གསུམ་ཡུན་རིང་དུས་ཀྱི་བགྲོད་པ།།
ལོ་གསུམ་ཟླ་གསུམ་བགྲང་བྱ་འཁྱོལ་ཐབས་མི་འདུག།
ལྷན་འཛོམས་རྫོགས་ལྡན་དུས་ཀྱི་ལོ་བཅུའི་བགྲོད་པ།།
ཡིད་ཀྱི་རྩིས་ཁྲའི་ངོས་སུ་ཉུང་ཐག་ཆོད་སོང་།།
མཇལ་འཛོམས་ཕྱིར་དྲན་སྔོག་པའི་མགོ་བོ་སྒུར་ནས།།
དྲན་གདུང་རིས་སུ་འབྲི་བའི་སོར་མོ་བསྐྱོད་སྐབས།།
བཞིན་ལ་འཛུམ་ཀོང་མཛེས་བའི་ཉ་གང་དུང་ཟླ།།
ཡིད་ཀྱི་མཁའ་དབྱིངས་འདི་ན་ཡལ་རྒྱུ་མི་འདུག།
རྩོམ་ཡིག་བྲོ་བ་ཅན་ཞིག་བྲིས་འདུག ངོ་མ་ཡག་བྱུང་། ཐུགས་རྗེ་ཆེ། མུ་འཐུད་ནས་གོམ་འགྲོས་ཀྱི་རྟ་ཁ་མི་ལྷོད་པར་མདུན་ནས་མདུན་དུ་བསྐྱོད་པར་རེ་བས་བསྐུལ་མ་གཏོང་བཞིན་ཡོད།
ྃཡག་གི སྙན་བྱུང་།