བྱ་སྨྱོན་པས།
༡
མུན་ནག་གི་རྔམ་ཁ་ཇི་ལྟར་མཐུག་ནའང༌། ཅེ་སྤྱང་གིས་སྐད་ངན་ཇི་ལྟར་ཆེ་ནའང༌།
ང་ཚོ་ལག་གདང་སྤྲེལ་ནས་མཉམ་དུ་འགྲོ།
ང་ཚོས་དམར་བོ་མེ་དཔུང་གི་དྲོད་ཁོལ་ཁུར་ནས་མཉམ་དུ་འགྲོ། གནས་ལུགས་འཚོལ་བཞིན།
བདེན་པ་བརྡར་བཞིན། མཉམ་དུ་འགྲོ།
༢
ལམ་འགྲོ་བ་ཚོ། ང་ཡང་ཁྱོད་ཚོ་ནང་བཞིན། མི་རིགས་ཀྱི་ཞེ་འདོད་ཁུར་ཡོད།
མི་ལོ་ལྔ་བཅུ་ཞེ་འདོད་ཁུར་ཡོད། ང་ཚོར། རེ་སྒུག་གི་མཚན་མོ་འཁྱོལ་དཀའ་བའི་སྡུག་བསྔལ་ཡོད།
དབུལ་ཕོངས་ཀྱི་མིག་ཆུ་མོད་པའི་གཏམ་རྒྱུད་ཡོད། སྡུག་ཡུས་དེའི་དབང་གིས།
ཞེ་འཁོན་དེའི་དབང་གིས། མཉམ་དུ་འགྲོ།
༣
མུན་པ་ནི་ང་ཚོའི་ལང་ཚོ་དང་འཚོ་བ་མིན་པས།
མདུན་ཕྱོགས་ནི་ང་ཚོས་འཚོལ་བཞིན་པའི་འོད་སྣང་དེ་རེད།
ཞི་འཇམ་དང་བདེ་སྟོང་གི་འོད་སྣང་དེ་རེད། ང་ཚོས་མི་རིགས་ཤིག་གི་བློ་སྟོབས་ཁུར་ནས།
ང་ཚོས་རིག་གཞུང་ཞིག་གི་རིན་ཐང་ཁུར་ནས། སྐྱིད་ལ་བདེ་བའི་ཁྱིམ་གཞི་དེ་བསྐྲུན་པར་འགྲོ།
༤
སྣང་ཚུལ་རེ་ཁྲོད་ན། ཡང་ན་གྱེས་བྲལ་གྱི་གདུང་བ་ལྕི་མོས།
ས་མཐའི་འཚོ་བ་ནི་རེ་སྒུག་གིས་བཏབ་པའི་རྨ་ཁ་དང་མཚུངས་ཤིང༌།
ནམ་ཡང་གླེང་མི་ཚར་བའི་ཚོར་བའི་ལམ་བུ་རུ་གྱུར་འདུག དེའི་རྐྱེན་གྱིས།
མཚན་མོར་རྨིས་བཞིན་པའི་རྨི་ལམ་དེ། ཕ་ཡུལ་དང་འབྲེལ་ནས་ཡོད་ལ།
ཉིན་མོར་གླེང་བཞིན་པའི་ཕ་ཡུལ་དེ་རྨི་ལམ་དང་འབྲེལ་ནས་ཡོད་པས།
ཕ་ཡུལ་ནི་ཚེ་གང་གི་རེ་ལྟོས་ཀྱི་མར་མེ་གོང་བུའོ།
༥
དྲང་བདེན་གྱི་གོམ་ཆུང་རེ་རེ། གནས་ལུགས་ཡང་དག་ཞིག་གི་ཟིན་བྲིས་ཡིན་ལ།
ང་ཚོའི་ཁ་རྒྱབ་དབང་ཐང༌། མི་རིགས་ཤིག་གི་མཇུག་མཐའི་དབུགས་ཐག་དེ་ཡིན་པས།
མདུན་ངོས་ཀྱི་བྲག་རི་དང་རྫ་རི་ཁྲོད་དུ་འང༌།
ང་ཚོའི་འཇམ་ལྷོད་ལྷོད་ཀྱི་དབྱངས་རྟ་འཁྱིལ་ཡོད། ང་ཚོའི་དབྱངས་རྟ།
ཆུ་མོའི་བཞུར་རྒྱུན་དང་འགྲོགས་ནས། རྒྱ་མཚོ་ནས་རྒྱ་མཚོར་འདྲེས་སོང་ཨང༌།
༦
ལམ་དུ་བགྲོད་པའི་ངལ་དུབ་ཀྱིས། ང་ཚོ་ཐང་ཆད་མི་སྲིད་ལ་ཕམ་ཡང་མི་སྲིད།
སྟོབས་ཤུགས་ཀྱྀས་བཏེགས་པའི་ལག་ཟུང་མཐོང་ཚེ། ང་རྒྱལ་གྱིས་བཏེགས་པའི་མགོ་འཕངས་མཐོང་ཚེ།
ཚོར་སྣང་གིས་བསྡམ་པའི་སེམས་པ། མཆི་མས་བསྐྱོམས་ཤིང༌།
དུས་ལ་བབས་པའི་གདེང་སྤོབས་ཤིག་ངང་གིས་སྤྲད་ཡོང་ལ།
འགོར་མི་ཉན་པའི་དྲན་སྐུལ་ཞིག་ཀྱང་སེམས་ལ་འཁོར་ཡོང༌།
༧
ལམ་འགྲོ་བ། ང་ཚོ་མཉམ་དུ་འགྲོ། ཤི་གསོན་ནི་ཚེ་སྲོག་གི་རིན་ཐང་མ་རེད།
ང་ཚོའི་ཟུངས་ཁྲག་མི་རིགས་ཀྱི་དོན་དུ་བཞུར་ཐུབ་སོང་ན།
ང་ཚོའི་བར་སྣང་རང་དབང་གི་ཕྱེ་ཐུབ་སོང་ན། ད་བཟོད།
ང་ཚོའི་ཚེ་སྲོག་ལ་རིན་ཐང་ཡོད་སོང་བ་རེད། ང་ཚོའི་རྨི་ལམ་མངོན་འགྱུར་བྱེད་ཐུབ་སོང་བ་རེད།
ལམ་འགྲོ་བ། མཉམ་དུ་འགྲོ། རུས་རྐང་འདི་མ་འཐོར་བར་དུ།
༄༅། །སུམ་ཚན་བརྟག་དཔྱད་ཀྱི་རིགས་པ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
མཆོག་གསུམ་རྒྱལ་བའི་སྤྱི་གཟུགས་བཅོམ་ལྡན་འདས། །
རྩ་གསུམ་ཆོས་སྐྱོང་ཀུན་འདུས་པདྨ་འབྱུང་། །
སྐུ་གསུམ་སྟོན་པའི་མངའ་བདག་ཆོས་རྗེ་མཆོག །
ཁམས་གསུམ་འགྲོ་བའི་བླ་མ་རྟག་ཏུ་དྲན། །
ལྟོ་རྒྱག་ཆོས་པའི་གཟུགས་བརྙན་བསྟན་འཛིན་གཅིག །
ལྟར་སྣང་ཆོས་མེད་སྨྲ་བའི་བསྟན་བཤིག་གཉིས། །
ལྟ་སྒོམ་ངེས་ཤེས་ཅན་གྱི་བླ་མ་གསུམ། །
ཡང་དག་རིགས་པས་གཞལ་ན་སོ་སོར་ལགས། །
བག་ཡོད་དམ་ཆོས་སྒྲུབ་པའི་དགེ་འདུན་གཅིག །
བག་མེད་ལོངས་སྤྱོད་འཚོ་བའི་སྣང་མཐོ་གཉིས། །
བག་ཕེབས་རིག་པ་མཇལ་བའི་སྐལ་བཟང་གསུམ། །
དངོས་དོན་ཆོས་ཉིད་མཐོང་ལ་ཁྱད་པར་ཆེ། །
འཁོར་བའི་ཆོས་བརྒྱད་སྒྲུབ་པའི་འཇིག་རྟེན་གཅིག །
མྱང་འདས་ཡོན་ཏན་མཐོང་བའི་ངེས་འབྱུང་གཉིས། །
ཆགས་སྲེད་བདེ་སྟོང་སྨྲ་བའི་ཀུ་རེ་གསུམ། །
གོ་མྱོང་རྟོགས་པས་ཆོས་དང་ཆོས་མིན་འགྱེད། །
འཆི་བ་མི་རྟག་སྒོམ་པའི་ངང་ཐུང་གཅིག །
འཆི་ཁ་ཆོས་མེད་འཆི་བའི་བློ་རིང་གཉིས། །
འཆི་ཆོས་རྣམ་དག་སྒྲུབ་པའི་ཆོས་པ་གསུམ། །
ཡང་དག་བརྟག་དཔྱོད་མཛོད་དང་གོ་བ་སླ། །
སྔོན་བྱོན་མི་རྟག་སྒྱུ་མའི་ལོ་རྒྱུས་གཅིག །
ད་ལྟ་མི་རྟག་སྐྱིད་སྡུག་སྣང་བ་གཉིས། །
མ་འོངས་མི་ཤེས་འཁྲུལ་བའི་ཡོ་ལོང་གསུམ། །
ཡང་ཡང་སོམས་དང་ངེས་འབྱུང་བསྐུལ་མ་ལགས། །
གཡོ་སྒྱུ་ཐབས་ལ་མཁས་པའི་མི་ངན་གཅིག །
དྲང་བདེན་གཟུར་གནས་ལྡན་པའི་མི་རབ་གཉིས། །
འཁོར་འདས་བཟང་ངན་མཁྱེན་པའི་དཔྱོད་ལྡན་གསུམ། །
རྟོན་བཞི་གོ་ལོག་མེད་ན་རང་སེམས་བདེ། །
གངས་ལྗོངས་ལས་དབང་བསམ་པའི་བོད་མི་གཅིག །
དཀོར་ནག་ཅི་དགར་སྤྱོད་པའི་སྤྲེལ་ལད་གཉིས། །
གུང་བྲན་འདུག་ཆོས་སྒྲུབ་པའི་ཏང་ཡན་གསུམ། །
གངས་ཅན་མི་རིགས་བརྟགས་ཀྱང་ཁྱད་པར་ཆེ། །
ཁ་བཤད་སྟོང་པ་ནེ་ཚོའི་འདོན་པ་གཅིག །
ལག་ལེན་སྟོང་པ་རྨི་ལམ་ནོར་བུ་གཉིས། །
ཁ་ཁོག་མི་མཉམ་གཡོ་སྒྱུའི་མཁན་པོ་གསུམ། །
འཇིག་རྟེན་ཁམས་སུ་སྣང་བར་མ་གྱུར་ཅིག །
ཅི་དྲན་དུ་ཤྲྰིས་སོ། །
ཁྱེད་གཉིས་ཀྱི་རྩོམ་དེ་ཡག་པོ་འདུག
ཡག་པོ་མི་འདུག་ ཀློག་སྤྲོ་བོ་འདུག་