གནས་ཚུལ་མཁོ་གཏོང་བ། ཀླུ་མཁར་བྱམས།
(༢༠༡༣ ལོའི་གསུམ་བཅུའི་དུས་དྲན་ཐེངས་ང་བཞི་པའི་ཐོག་ཚོགས་པ་ལྔའི་ཐུན་མོང་བསྒྲགས་གཏམ།)
གསུམ་བཅུའི་དུས་དྲན་གྱི་ཉིན་མོ་འདི་ནི་བོད་མིའི་སེམས་ལ་ན་ཟུག་བཏང་བའི་སྐྱོ་གར་གྱི་ཉིན་མོ་ཞིག་ཡིན་ལ། བོད་མི་ཡོངས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱལ་ཁབ་བསྐྱར་འཛུགས་ཀྱི་འཐབ་རྩོད་ཆེད་སྤོབས་སེམས་སྐྱེ་དགོས་པའི་ཉིན་མོ་ཞིག་ཀྱང་ཡིན། དེ་རིང་འཛམ་གླིང་ས་གནས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ཀྱིས་རྣམ་པ་འདྲ་མིན་གྱི་ཐོག་ནས་དུས་དྲན་འདི་སྲུང་བརྩི་ཞུ་བཞིན་ཡོད་ལ། འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། ཁོང་ཚོའི་ནང་མི་གཉེན་ཉེ་བཅས་པར་བླ་ན་མེད་པའི་གུས་འདུད་འབུལ་བཞིན་ཡོད།
སྤྱི་ལོ་༡༩༥༡ ཟླ་༥ ཚེས་༢༣ ཉིན་རྒྱ་ནག་གཞུང་གིས་སྡིག་སྐུལ་བཙན་ཤེད་ཀྱི་འོག་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པ་ནས། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྲིད་དབང་ཆ་གཞི་རྩའི་ས་གནས་གཞུང་ལ་ཡོད་པའི་ཁས་ལེན་བྱས་ཡོད་ཀྱང་། སྤྱི་ལོ་༡༩༥༡ ལོ་ནས་སྤྱི་ལོ་༡༩༥༩ ལོ་བར་གྱི་མི་ལོ་བརྒྱད་ཙམ་ལ་རྒྱ་བོད་མཉམ་ལས་བྱེད་པའི་ལག་ལེན་དངོས་ཀྱི་ཐོག་ནས་རྒྱ་གཞུང་གིས་ཁས་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་ཞེས་པ་ནི་བོད་མི་རིགས་རྩ་མེད་བཟོ་བའི་ཐབས་བྱུས་ཤིག་ཡིན་པ་དངོས་ར་འཕྲོད་པར་བརྟེན། བོད་མི་རྣམས་འ་ཆད་འུ་ཐུག་གི་ཐོག་ནས་རང་གི་དབུ་འཁྲིད་དང་རྒྱལ་ཁབ་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ཀྱི་ལམ་བུར་མི་ཞུགས་ཀ་མེད་བྱུང་ཡོད་ལ། བོད་མི་རིགས་ལ་མཚོན་ན་དེ་ནི་རང་ཡུལ་རང་སྐྱོང་གི་གདམས་ག་བྱས་པའི་ཡང་དག་པའི་འགྲོ་ལམ་ཉག་གཅིག་དང་། ལོ་རྒྱུས་ཀྱི་ཉམས་མྱོང་ཐོག་ནས་བལྟས་ན་འདི་ལས་ལྷག་པའི་གདམས་ག་གཞན་མེད་པ་ར་སྤྲོད་བྱུང་ཡོད། དེར་བརྟེན། རྒྱ་དམར་བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་རྩ་མེད་བཟོ་ཆེད་ཀྱི་འཐབ་རྩོད་འདིའི་ནང་བོད་ཀྱི་སེར་སྐྱ་མི་མང་ཙམ་མ་ཟད། དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་གིས་ཆ་ཤས་ངེས་ཅན་ཞིག་བླངས་ཡོད་སྟབས། དེའི་ཐོག་ནས་བོད་དོན་འཐབ་རྩོད་ནི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་འཐབ་རྩོད་ཅིག་ཡིན་པའང་གསལ་པོར་མཚོན་ཡོད།
ད་ལྟའི་བོད་ཀྱི་གནས་སྟངས་ཀྱི་ཆ་ནས་བཤད་ན། འདས་པའི་ལོ་ཤས་ནང་བོད་གཞིས་བྱེས་གཉིས་ནང་བཙན་རྒོལ་རྒྱལ་སྐྱོབ་ཆེད་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་ལྷག་གིས་རང་ལུས་མེར་བསྲེགས་བཏང་གནང་བ་ནི། མིའི་རིགས་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་འཐབ་རྩོད་ཅིག་རེད། དེའི་ཐོག་ནས་བོད་དོན་འཐབ་རྩོད་དེ་ལོ་རྒྱུས་ཀྱི་དུས་མཚམས་གསར་པ་ཞིག་ལ་སླེབས་པ་མཚོན་གྱི་ཡོད་ལ། དེ་བས་ཀྱང་གལ་ཆེ་བ་ཞིག་ནི། འདི་ལོ་ནི་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ཏེ་མི་ལོ་ཧྲིལ་པོ་བརྒྱ་འཁོར་བའི་དུས་ཚིགས་ཁྱད་པར་བ་ཞིག་ལའང་འཁེལ་ཡོད། མན་ཇུ་གོང་མས་བོད་རྒྱའི་མཆོད་ཡོན་འབྲེལ་བ་བེད་སྤྱད་དེ་བོད་ས་ཟ་ཧམ་ཇེ་ཆེར་ཕྱིན་པའི་དབང་གིས། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་སྤྱི་ལོ་༡༩༡༣ ལོར་བོད་རྒྱ་མཆོད་ཡོན་གྱི་འབྲེལ་བ་ཙམ་ལས་གོང་འོག་ཁོངས་གཏོགས་ཀྱི་འབྲེལ་བ་མེད་པའི་རྒྱལ་འབྲེལ་ཆབ་སྲིད་ཀྱི་ངོ་བོ་བོད་རང་བཙན་གསལ་བསྒྲགས་བསྐྱངས་གནང་མཛད་པ་དེ་ནི། རྒྱལ་སྤྱིའི་ཁྲིམས་ལུགས་དང་། བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་ཆབ་སྲིད་ཀྱི་དོན་སྙིང་བླ་ལྷག་ལྡན་པའི་དཀྱོགས་མཚམས་རང་བཞིན་གྱི་ལོ་ཞིག་ཡིན།
དེ་དང་ཆབས་ཅིག་འདི་ལོ་ནི་ཞི་ཅིང་ཕེང་གིས་འགོ་ཁྲིད་བྱས་པའི་རྒྱ་ནག་གི་འགོ་ཁྲིད་གསར་རྙིང་འཕོ་འགྱུར་འགྲོ་བའི་ལོ་ཞིག་ཡིན་པར་བརྟེན། བོད་དོན་འཐབ་རྩོད་ཀྱི་ངོས་ནས་བཤད་ན་དེ་ཡང་གལ་གནད་ཆེ་བའི་དཀྱོགས་མཚམས་ཤིག་ལ་འཁེལ་ཡོད། དཀྱོགས་མཚམས་འདི་གསུམ་གྱི་ཁྲོད་ནས་བོད་དོན་བདེན་མཐའ་སེལ་ཐུབ་དང་མི་ཐུབ་ནི། གཙོ་བོ་ང་ཚོ་རང་ཉིད་ཀྱི་བྱ་སྤྱོད་དང་ཆབ་སྲིད་ཀྱི་འགུལ་སྐྱོད་བྱེད་སྟངས་ལ་རག་ལས་ཡོད་པར་བརྟེན། བོད་ཡུལ་བོད་མིས་སྐྱོང་བའི་སྐལ་བཟང་གི་དུས་སྐབས་ཤིག་གི་དོན་དུ་ང་ཚོའི་ཆབ་སྲིད་ཀྱི་འགུལ་སྐྱོད་ཡོད་ཚད་ཡང་དག་པའི་ལམ་བུར་སྣེ་ཁྲིད་བྱེད་དགོས།
ཚོགས་པ་ལྔ་ཐུན་མོང་གི་ངོས་འཛིན་ནི།
•རྒྱ་དམར་མི་སེར་སྤེལ་མཁན་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་ཆེད་བོད་ཕྱི་ནང་གཉིས་ནས་རང་བསྲེགས་གནང་མཁན་ཞལ་གྲངས་བརྒྱ་ཁར་ཁེངས་པ་དེར་རྒྱལ་སྤྱིའི་ཐོག་ཁ་ཡོད་ལག་ཡོད་ཀྱི་བདག་སྤྲོད་མ་གནང་ཕྱིན། དེ་ཡིས་འགྲོ་བ་མིའི་རིགས་ཀྱི་དྲང་བདེན་དང་། འཚེ་མེད་ཞི་བའི་འཐབ་རྩོད་ལ་གྱོང་གུད་ཆེན་པོ་ཕོགས་རྒྱུ་མ་ཟད། མི་རྣམས་ལོག་སྤྱོད་དབང་བསྒྱུར་སྔུན་ནས་གཉའ་ཞུམ་བག་འཁུམས་ངང་ལྷགས་པར་མིག་དཔེ་ངན་པ་ཆགས་རྒྱུར་ངེས་གཏན་ཡིན།
•གསར་དུ་འཕོ་འགྱུར་བྱུང་བའི་རྒྱ་དམར་གཞུང་གི་འགོ་ཁྲིད་ཚོས། བོད་ནང་ཆེས་མ་མཐའི་མི་གཤིས་དང་མཐུན་པའི་སྲིད་བྱུས་ཤིག་ལག་བསྟར་མ་བྱས་པར། ད་ལྟའི་ཀླ་ཀློའི་བྱ་སྤྱོད་འདི་མུར་རྒྱུན་འཁྱོངས་བྱས་པ་ཡིན་ན། ཁོ་ཚོ་མི་རེ་གཉིས་ཤིག་ལོ་རྒྱུས་ཐོག་གི་ཉེས་ཅན་པ་ཆགས་རྒྱུ་ཙམ་མ་ཡིན་པར། བོད་རྒྱ་མི་རིགས་ཁག་བར་སངས་ཐབས་མེད་པའི་ཤ་འཁོན་གྱི་རྨ་ཁ་བཟོ་རྒྱུ་ངེས་གཏན་ཡིན།
•བོད་རྒྱ་འོག་དུ་ཤོར་བའི་གོ་རིམ་ཁྲིམས་མཐུན་མིན་པ་ཙམ་མ་ཡིན་པར། བོད་སྲིད་རྒྱ་ལག་དུ་ཤོར་བ་དང་ཆབས་ཅིག རྒྱ་བོད་མི་རིགས་གཉིས་པོ་རྒྱལ་ཁབ་གཅིག་གི་སྒྲོམ་གཞིའི་ནང་ལོ་ངོ་དྲུག་ཅུར་བསྡད་པའི་གནས་སྟངས་འདི་བཞིན། གཅིག་སྡུད་སྒེར་གཅོད་གཞུང་ཞིག་གི་འོག་མི་རིགས་འདི་གཉིས་མཉམ་པོར་གནས་ཐུབ་ཐབས་མེད་པ་གསལ་བཤད་བྱས་པ་དེ་ཡིན་སྟབས།
གནད་དོན་འདིར་གཟུར་གནས་རྒྱ་རིགས་མང་ཚོགས་ལའང་ངེས་ཤེས་སྐྱེས་ཐུབ་པར་ང་ཚོས་རེ་སྐུལ་ནན་ཆེར་ཞུ་རྒྱུ་ཡིན།
•ང་ཚོའི་ངོས་ནས་བཤད་ན། གསུམ་བཅུའི་སྒེར་ལངས་ཀྱི་དུས་དྲན་འདི་སྲུང་བརྩི་བྱེད་ཐེངས་རེར། མིའི་ཚེ་སྲོག་དང་འབྲེལ་
བའི་ཉེན་མཆོངས་སམ་འཕག་འཚག་ཐེངས་རེ་ཡིན་པ་གསལ་བོ་ཤེས་ཡོད།འོན་ཀྱང་། འཐབ་རྩོད་ཀྱི་རྒྱལ་ཁ་ནི་རྒྱུན་འཁྱོངས་
རང་བཞིན་ཡིན་སྟབས། སྤྱི་ལོ་༡༩༥༩ ལོར་བོད་ནང་གསུམ་བཅུའི་སྒེར་ལངས་ཆེན་མོ་ཐོག་མར་བྱུང་བ་ནས་དེ་རིང་གི་བར་དུ་ལོ་ངོ་༥༤ ཕྱིན་པའི་རིང་ལ། བོད་ཕྱི་ནང་གཉིས་ནས་དུས་དྲན་འདི་དང་འབྲེལ་བའི་འབོད་སྒྲ་འཇགས་མྱོང་མེད་ཁར། ད་ཆ་བོད་ཕྱི་ནང་གཉིས་ན་འཐབ་རྩོད་ཀྱི་ངར་ཤུགས་ཇེ་རྒྱས་དང་། རྣམ་གྲངས་ཇེ་མང་། ཁྱབ་ཚད་ཇེ་ཆེ་ཡིན་པ་བཅས་ཀྱིས་གསལ་བཤད་ཐུབ་པ་ནི། བོད་མི་རིགས་ལ་མཚོན་ན་ཕོ་ཟད་མོ་ལ་ཐུག་གི་བར་དུ་ལོག་སྦྱོད་དབང་བསྒྱུར་ལ་མོས་མཐུན་ངོས་ལེན་བྱ་རྒྱུ་མིན་པ་གསལ་བཤད་བྱས་པ་དེ་རེད།
ཚོགས་པ་ཁག་ལྔའི་ཐུན་མོང་གི་དགོས་འདུན།
(1) རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་ནང་མི་དང་། དེ་དག་ལ་བསྔོ་སྨོན་འདས་མཆོད་བྱེད་མཁན་ལ་སོགས་པའི་ཐོག་ལོག་ཁྲིམས་སྣ་ཚོགས་བཟོས་ནས། ཉེས་མེད་མང་ཚོགས་བཙོན་འཇུག་བྱེད་ཀྱིན་པའི་བྱ་སྤྱོད་རྣམས་འཕྲལ་མར་མཚམས་འཇོག་དགོས་པ་དང་། དེ་བཞིན་བཙོན་འོག་ན་སྡུག་སྦྱོང་མནར་གཅོད་ཚད་མེད་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་ཡོད་ཚད་གློད་གྲོལ་དགོས་པ།
(2) རྒྱ་དམར་གཞུང་གིས་བོད་ཆོལ་ཁ་གསུམ་ནང་དྲག་པོའི་ཁྲིམས་གཞི་བསྡམས་འདུག་པ་དེ་འཕྲལ་མར་ཕྱིར་འཐེན་དགོས་པ་དང་། རྒྱལ་སྤྱིའི་རང་བཞིན་གྱི་སྐུ་ཚབ་ཚོགས་པ་ཁག་དང་། རང་དབང་ལྡན་པའི་གསར་འགོད་པ་རྣམས་དངོས་ཡོད་གནས་སྟངས་རྟོགས་ཞིབ་ཆེད་བོད་ནང་གཏོང་དགོས་པ།
(3) རྒྱ་གར་གཞུང་མང་གཉིས་ཀྱིས་བོད་ཀྱི་འཐབ་རྩོད་ཐོག་ད་བར་ཚད་མཐོའི་རྒྱབ་སྐྱོར་གནང་བ་ལ་ཐུགས་ཆེ་རྗེ་ཞུ་རྒྱུ་དང་སྦྲགས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་བབ་་དང་ལྷར་པར་དུ་བོད་ནང་རྒྱ་མིས་བཙན་འཛུལ་བྱས་པ་དེས་རྒྱ་གར་གྱི་བདེ་འཇགས་ལ་ཐད་གར་ཉེན་ཁར་འཕྲལ་པའི་སྐོར་ལ་ཁ་ཡོད་ལག་ཡོད་ཀྱི་སྲིད་བྱུས་གཏན་འབེབ་གསལ་བསྒྲགས་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།
བོད་ཀྱི་གཞོན་ནུ་ལྷན་ཚོགས།
བོད་ཀྱི་བུད་མེད་ལྷན་ཚོགས།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ།
བོད་རང་བཙན་སློབ་ཕྲུག་ཚོགས་པ།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།
སྤྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ ཉིན། དྷ་རམ་ཤཱ་ལ་ནས།
༼གསར་དུ་འཕོ་འགྱུར་བྱུང་བའི་རྒྱ་དམར་གཞུང་གི་འགོ་ཁྲིད་ཚོས། བོད་ནང་ཆེས་མ་མཐའི་མི་གཤིས་དང་མཐུན་པའི་སྲིད་བྱུས་ཤིག་ལག་བསྟར་མ་བྱས་པར། ད་ལྟའི་ཀླ་ཀློའི་བྱ་སྤྱོད་འདི་མུར་རྒྱུན་འཁྱོངས་བྱས་པ་ཡིན་ན། ཁོ་ཚོ་མི་རེ་གཉིས་ཤིག་ལོ་རྒྱུས་ཐོག་གི་ཉེས་ཅན་པ་ཆགས་རྒྱུ་ཙམ་མ་ཡིན་པར། བོད་རྒྱ་མི་རིགས་ཁག་བར་སངས་ཐབས་མེད་པའི་ཤ་འཁོན་གྱི་རྨ་ཁ་བཟོ་རྒྱུ་ངེས་གཏན་ཡིན།༽ཤ་འཁོན་ཙམ་མ་ཡིན་པར་ནམ་ཞིག་འུ་ཐུག་ཐབས་མེད་ཀྱིས་ཤི་སྨས་དང་། མི་རིགས་ཐབ་རྩོས་ཤི་བསད་ཁྲག་གི་འཁོར་ལོ་བསྐོར་རྒྱུའང་ངེས་པ་རེད།
རོབ་ཙམ་ལྟས་པ་ཡིན།
ཀླུ་མཁར་བྱམས་ལགས་་་་་བསྒྲགས་གཏམ་ཡག་པོ་བྲིས་ཤག་་་་་ངས་བལྟས་ན་་་་་ཁྱེད་རང་ཚོས་ཚོགས་པ་ལྔ་པོ་དེས་རྒྱ་མི་ལ་འཐབ་རྩོད་དང་ངོ་རྒོལ་མ་བརྩམ་པའི་སྔོན་ལ་་་་་ཕྱི་རྒྱལ་ཁག་དང་རྒྱ་གར་བལ་པོ་བཅས་ལ་ཡོད་པའི་བོད་པ་ཚོ་མཐུན་ལམ་ཡག་པོ་གཅིག་བཟོ་ཡག་གི་ཆེད་དུ་ངོ་རྒོལ་ལམ་འཐབ་རྩོད་ཅིག་བྱས་ན་དངོས་གནས་ཕན་ཐོག་ཆེན་པོ་ཡོང་ས་རེད། དེ་ནས་རིམ་པ་བཞིན་དུ་རྩ་དོན་རྩོད་ནའང་འགྲིག་གི་རེད་སྙམ།
བྲོད་ཁོག་མ་རྒྱག་པའི་རང་དབང་མིང་ཅན་ཁྱོད་ཙམ་ལས་གཞན་བོད་པ་ཚང་མ་མཐུན་ལམ་ཡག་ཐག་ཆོད་ཡོད། སེམས་ཁྲལ་མ་བྱོས། དེ་ལས་ཀརྨ་གཉིས་གསུམ་བཞི་ལྔ་སོགས་མང་དུ་འདུག་པ་དེ་ཚོ་མཐུན་ལམ་བྱོས།
ཨ་རྡུ་མན་ཞེས་པ་འདིས་ནམ་ཡིན་ཡང་བོད་པ་ཚང་ནང་དཀྲུག་གི་སྐད་ཆ་ལས་བཤད་རྒྱུ་མི་འདུག མི་འདི་ཁ་བརྡ་ཚང་ནས་རྒྱང་ཕུད་བཏང་ན་ལེགས།
ཁ་བརྡ་ནང་བོད་གཞུང་དམངས་གཉིས་ལ་འཁོན་འཛིན་མཁན་གྱི་མཆན་བུ་བ་ཁ་ཤས་ཡོད་དཔེར་ན། སྤྲུལ་དབང་ཆེན། ཨ་རྡུ་མ་ཟེར་མཁན་དེ་ཚོ་རེད། ཡང་ཤར་གྱི་ཁུག་རྟ་ཟེར་མཁན་ཁ་བོད་ལ་དཀར་ཀྱང་ཁོག་རྒྱ་ལ་དཀར་མཁན་ཡོད། སྔོན་མ་ཤར་ཁུག་གི་མིང་ཐོས་པ་ཙམ་གྱིས་དོགས་པ་ཟ་བྱུང་ང་ཚོའི་ཤར་ཕྱོགས་ནི་རྒྱ་ནག་རེད། ད་རེས་ཁོའི་བྱེད་སྟངས་ལ་ལྟོས་དང་བོད་མི་དམངས་ཀྱིས་རྒྱ་ནག་ལ་ངོ་རྒོལ་གྱི་ཉིན་མོ་སུམ་ཅུའི་དུས་དྲན་ཉིན་རྒྱ་ཡི་དར་ཆ་དམང་པོ་འཕྱར་ལུགས་ལྟོས་དང་། ཁོ་གླིང་ཚ་དང་ནམ་ཡང་མི་འདྲ། གླིང་ཚ་ལོ་སྔོན་མར་ནང་མི་རྒྱུ་ནོར་བཞག་ས་ནག་འདོམ་གྱིས་འཇལ་ཞིང་བལ་ཡུལ་བར་གོམ་བགྲོད་གནང་བཞིན་ཁོ་རང་གི་ལྟ་བ་ཞིག་གིས་རྒྱ་དར་འཕྱར་བ་རེད། ཡིན་ནའང་ད་ལོ་བོད་མི་དམངས་ཀྱི་དགོངས་པ་དང་མཐུན་པར་རྒྱ་དར་མི་འཕྱར་རྒྱུ་ཐག་ཆོད་གནང་བ་རེད། ཡིན་ནའང་ཤར་ཁུག་གིས་བོད་མི་དམངས་ཀྱི་འདོད་པ་མེད་པ་ཤེས་བཞིན་དུ། བོད་མི་ནང་ཁུལ་མི་བདེ་བ་ཡོང་བ་ཤེས་བཞིན་དུ་དར་དམར་འཕྱར་བ་དང་། ལྷག་པར་གླིང་ཚ་ལྟ་བུ་མ་ཡིན་པར་སོ་སོ་ལ་དཀའ་ངལ་མེད་པ། ཉེན་ཁ་མེད་པའི་སྒོ་ནས་འཕྱར་བ་རེད། མདོར་ན་དམིགས་ཡུལ་ནི་བོད་མི་ནང་མ་མཐུན་པ་བྱུང་རྒྱུ་ཞིག་གི་ཆེད་དུ་ཡིན་པ་གསལ་པོ་རེད། ཤར་ཁུག་གིས་ཟམ་གདོང་རིན་པོ་ཆེའི་མཚན། ལམ་དབུ་མ། རྒྱ་ཡི་དར་ཆ་སོགས་བེད་སྤྱད་ནས་ནང་ཁུལ་རྙོག་གླེང་བཟོ་གི་ཡོད་པ་གསལ་པོ་རེད། མཁྱེན་ལྡན་རྣམས་ཀྱི་ཞིབ་འཇུག་གནང་དང་ཤེས་གསལ་རེད།
ཤར་ཕྱོགས་ཁུག་རྟ་ཞེས་པ་འདི་ནི་རྒྱ་དམར་གཞུང་ནས་ཆེད་གཏོང་བྱས་པའི་ཕོ་ཉ་ཞིག་ཀྱང་ཡིན་པ་གདོན་མི་ཟ།
༈ མཇུག་འབྲས་མི་ཤེས་པའི་ལོ་རྒྱུས་བདེན་པ་ཞིག་བཤད་ན། ཞི་ཅིན་ཕེང་རྒྱ་ནག་གི་གཙོ་འཛིན་དུ་སླེབས་པ་ནས་བཟུང་འགྱུར་བ་མང་པོ་གཏོང་གི་འདུག ༡༽ ཉི་ཧོང་གི་འབྲེལ་བ་ཞི་བདེའི་སྒོ་ནས་ཐག་གཅོད་རྒྱུ། ༢༽བོད་ཀྱི་ངོ་རྒོལ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་རྒྱུ། ༣༽བློ་མཐུན་ཝུའུ་་རྡ་རམ་ས་ལ་ཉམས་ཚད་ཀྱི་གྲོས་མོལ་དུ་བཏང་བ། ༤༽བོད་གཞུང་ཞེས་པ་དང་བཀའ་་བློན་ཟེར་བ་ངོས་ལེན་མེད་ཀྱང་། ཏཱ་ལའི་བླ་མར་ཐད་ཀར་བོད་དུ་ཕེབས་སྐོར་ལ་སྐད་ཆ་བཤད་རྒྱུ། ༥༽རྒྱ་ནག་དམངས་གཙོའི་ལམ་དུ་བསྐྱོད་རྒྱུ། ༦༽མོའུ་དང་འབྲེལ་བ་ཡོད་པའི་པར་རྗེས་དྲན་སོགས་ཏང་ཁོ་ནའི་ངོ་བོར་བསྒྱུར་རྒྱུའམ་འགྱུར་བ་གཏོང་རྒྱུ། ༧༽རྒྱ་ནག་རྒྱལ་ཁབ་ཨ་མེ་རི་ཀ་ལས་ལྷག་པའི་སྟོབས་ལྡན་རྒྱལ་ཁབ་དང་ཞི་བདེའི་གླིང་དུ་བསྒྱུར་རྒྱུ། ༨༽གཞུང་མི་ཡིན་ཚེ་ལོག་གཡེམ་དང་ལྐོག་དངུལ། སྒེར་གཅོད་སོགས་རྩད་ནས་མེད་པ་བྱེད་རྒྱུ། ༩༽མི་དམངས་ལ་བསམ་འཆར་ཅི་ཡོད་ངོ་རྒོལ་མ་ཡིན་པར་བདེན་དོན་གསལ་སྤྲོད་ཀྱིས་གོང་དུ་འབུལ་ན་ཆད་པ་གཏན་ནས་མེད་པ་བྱ་རྒྱུ། དེ་ལྟར་དོན་ཚན་ཤིན་ཏུ་མང་པོ་འཁོད་པའི་(ཏང་ནང་ཁུལ་གྱི་ཚོད་ལྟའི་ཡིག་ཆའི་)རྒྱབ་ཤ་དཀར་པོའི་དེབ་ཅིག་ཡོད་པ་ལས་བཤུས་ཟེར། བོད་དང་འབྲེལ་བ་རྣམས་རྒྱ་ནག་ཡི་གེ་ལས་བོད་དུ་བསྒྱུར། བློ་མཐུན་ཝུའུ་རྡ་སར་བཏང་བ་བདེན་པ་རེད། དེར་མ་ཟད་བོད་ཀྱི་བཀའ་བློན་འདེམས་པའི་སྔོན་དུ། རྒྱ་ནག་གིས། བོད་ཀྱི་སྐུ་ཚབས་དོན་གཅོད་ཚང་མ་སྒོ་རྒྱག་རྒྱུ་དང་། བོད་གཞུང་ཟེར་བའི་མིང་སྒྱུར་ན་གྲོས་མོལ་བྱེད་ཆོག་ཅེས་བཤད་འདུག་ཟེར། བོད་གཞུང་ཟེར་བའི་མིང་འདི་རྒྱ་དཀར་ནག་གཉིས་ལ་མ་འགྲིགས་པ་ཞིག་ཡིན་ནམ། རྒྱ་གར་གྱིས་བཏང་སྙོམས་སུ་བཞག་པ་རྒྱ་མིས་བཙན་སྒྱུར་བྱེད་བཅུག་པ་ཞིག་ཡིན་ཆ་མ་འཚལ། ཆབ་སྲིད་ལ་རྒྱུས་མེད་ཁོ་བོས་ནི་དེ་ཙམ་སྲིད་དམ་སྙམ་པ་བྱུང་། རྒྱུས་ཡོད་རྣམས་ཧ་ལས་རྒྱུ་ཅི་ཡོད། ཡི་གེ་འདི་ལག་ཏུ་འབྱོར་མ་ཐག་གསར་འགྱུར་གྱི་ཚུལ་དུ་ཕུལ།
དྲི་མེད་ལྷག་བསམ་ལགས
ཁྱོད་ཀྱིས་ཐོས་ཚད་མཐོང་ཚད་གསར་འགྱུར་ཁུངས་ལྡན་ཞིག་ག་ལ་ཡིན། གང་བསམ་པདང་དྲན་པ་དེ་བས་ཀྱང་ག་ལ་ཡིན། བོད་གཞུང་ཟེར་བའི་མིང་འདི་རྒྱ་མིས་བཙན་སྒྱུར་བྱེད་བཅུག་པ་ཞིག་ཡིན་ཆ་མ་འཚལ། ཞེས་བཤད་འདུག་པའི་དོན་གང་ཡིན། འགོ་འཇུག་བར་གསུམ་གྱི་བྱུང་རིམ་ལ་བལྟོས་དང་ཁྱོད་ཀྱི་རྣམ་དྭོགས་སེལ་ངེས་རེད།
གཡུ་རྣས་བཤད་པ་བདེན་པ་རེད། ངས་ཐོས་ཚད་མཐོང་ཚད་གསར་འགྱུར་ཁུངས་ལྡན་ཞིག་ག་ལ་ཡིན། འོན་ཀྱང་པྲན་གྱི་ལོ་རྒྱུས་རྒྱུད་སྤྲོད་མཁན་རྣམས་མི་བརྟན་པོ། གདེང་འཇོག་ཆོག་པ་ཞིག་ཡིན། ཁོང་ཚོ་ལ་དོགས་པ་མེད། རྒྱ་ནག་གི་ལག་ལེན་བྱེད་མིན་དང་། ཁ་བཤད་ཨེ་བདེན་ལོ་གཅིག་པོ་འདིའི་ནང་དུ་བལྟ་རྒྱུ་ཡིན། བོད་གཞུང་གི་མིང་སྒྱུར་བཅུག་པ་རྒྱ་གར་ཁོ་ནའི་དོན་རྐྱེན་ཞིག་མིན་པ་འདྲ། རྒྱུ་མཚན་རྒྱ་ནག་གིས་རྡ་སར་བཏོན་པའི་ཆ་རྐྱེན་གཅིག་རེད། མིང་དེ་ཁྲིམས་མཐུན་ཡིན་མིན་ཇི་ལྟར་ཡང་་རྒྱ་གར་དུ་ལོ་ལྔ་བཅུའི་རིང་བེད་སྤྱོད་ཆོག་པ་གློ་བུར་དུ་འཕེན་དགོས་བྱུང་བ་ཡང་བདེན་པ་རེད། ཕྲན་གཞུང་ལས་པ་མིན་པས་མགོ་མཇུག་བར་གསུམ་གྱི་ལོ་རྒྱུས་ལ་དེ་ཙམ་རྒྱུས་མེད། གཞུང་མེད་པས་བོད་ཀྱི་སྒྲིགས་འཛུག་མང་པོ་ཆགས་པའི་་ཉེན་ཁ་ཡང་འཕར་བཞིན་པ་རེད། ཉེ་་ཆར་རྡ་ས་དང་རྒྱ་ནག་བར་འབྲེལ་བ་བྱུང་བ་བདེན་པ་རེད། ཕྲན་གྱིས་དྲྭ་གྲོགས་རྣམས་ལ་གསར་འགྱུར་བཤད་པ་ཙམ་ལས། ཆབ་སྲིད་མི་ཤེས་པའང་དངོས་མ་ཡིན། ཆབ་སྲིད་ལ་མ་ཞུགས་པས་ཉམས་མྱོང་མེད་པའི་བཤད་པ་རེད་ཅེས་གསུངས་ནའང་ངོས་ལེན་ཡོད། བཤད་ནོར་གང་བྱུང་ལ་དགོངས་འགལ་མེད་པར་ཞུ། །
༄༅། །ཚོགས་པ་འདིའི་ནང་ལ་བོད་སྤྱིའི་ངོ་བོ་མཚོན་ཐུབ་པའི་ཚོགས་པ་ཡོད་དམ། ། ༡བོད་ཀྱི་གཞོན་ནུ་ལྷན་ཚོགས།
༢བོད་ཀྱི་བུད་མེད་ལྷན་ཚོགས།
༣བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ།
༤བོད་རང་བཙན་སློབ་ཕྲུག་ཚོགས་པ།
༥བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་ཀྱི་རྒྱལ་ཡོངས་དམངས་གཙོའི་ཚོགས་པ་དང་བོད་ཀྱི་སྒྲིགས་འཛུག་གཉིས་སོ་སོ་ཡིན་ནམ་ཐ་དད་རེད། བཀའ་འདྲི་ཞུ།།