ཁྲོ་གཏུམ།
མདུན་ཅོག་གི་ངོས་སུ་བཤམ་པའི་བཟའ་བཏུང
གྲོད་ཁོག་གི་རྒྱག་ཕྱེ་རུ་གྱུར་བའི་མི་དེ་དག་གི་ཁྲོད་ན
བསམ་བློའི་ནང་རྫོངས་མེད་པའི་ལབ་བརྡོལ་གྱི་གླེང་གཞི་བར་མེད་འབར
བཙོག་ཆུ་བཞུར་སར་སྦྲང་ནག་གི་ཚོགས་ཀྱིས་ད་དུང་སྤྲོ་གླུ་ལེན་པ་ལྟར
རིན་ཐང་མེད་པའི་སྐད་ཆའི་ཤོག་བུ་དག་ཟ་བཞིན་པའི་མི་ག་ཚོད་ཅིག
དར་ནས་རྒས་ཤིང
རྒས་ནས་ཁོག་པར་གྱུར
ལུས་རྒས་པའི་ཁྲོད་དུ་སེམས་པའི་ཤོག་བུ་རལ་བོ་དེ་དག་གིས
ཁོར་ཡུག་གི་དྭངས་གཙང་ལ་བཙོག་པ་བཟོ་ཞོར
གཏན་དུ་བཞུད་སོང་ཡང
འབག་བཙོག་གི་སེམས་པའི་མཁའ་དབུགས་ཤུལ་ཏུ་ལྷག་སྟེ
ལོ་རབས་འགོར
མི་རབས་འགོར
ལོ་རྒྱུས་སུ་བཀོད
ཁྱོས་ཀློག
ངས་ཀློག
ཐམས་ཅད་ཀྱིས་ཀློག
མཐའ་མར་རང་སེམས་འབག་བཙོག་ཏུ་གཅུལ
དེ་བཞིན་མུ་མཐུད་དུ་འགྲོ་དགོས་སམ
ཕྱི་ལོ ༢༠༢༠ ཟླ་ ༡༠ ཚེས་༣༠ ཉིན་ཨོ་གླིང་ནས་བྲིས།
དགོས།
སྤྱོད་ཚུལ་གཙང་དགོས། དཔལ་འབྱོར་གསོག་དགོས།
རང་སྡེས་དགའ་དགོས། གཞན་སྡེས་རངས་དགོས།
རང་ཚུགས་བརྟན་དགོས། གཞན་སེམས་བསྟུན་དགོས།
སེམས་ཤུགས་སྤེལ་དགོས། རང་ཤེད་སྦས་དགོས།
ཞི་བདེར་བརྩོན་དགོས། ཕན་བདེར་སྒྲུབས་དགོས།
སྨྲ་བ་ཉུང་དགོས། ལག་ལེན་མང་དགོས།
ལེགས་བྱང་ཉར་དགོས། གསར་གཏོད་རྩོམ་དགོས།
རང་ཆོས་དད་དགོས། གཞན་ཆོས་གུས་དགོས།
རང་གཅེས་གནོན་དགོས། གཞན་གཅེས་སྦྱོངས་དགོས།
བདེན་འཛིན་སྤོངས་དགོས། རྟེན་འབྲེལ་སྒོམས་དགོས།
ཀརྡོས།