སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
མ་ཡིག་ལ་འདི་ནས་གཟིགས།
རྩོམ་པ་པོ། ཨེན་ཆིས།
འཛམ་གླིང་འདིའི་སྒང་ལ། ཕྱག་གསུམ་འཚལ་ཏེ་དཀོན་མཆོག་གསུམ་པོར་སྐྱབས་བཅོལ་དང་གསོལ་བ་འདེབས་པའི་མི་རིགས་ནི་བོད་རིགས་ཁོ་ན་ལས་མེད། འདི་ལྟར་ཆོས་ལུགས་ལ་དད་གུས་ལྡན་པའི་མི་རིགས་ཤིག་ལ། དེང་རབས་ཀྱི་རང་བཞིན་དང་ཁྱད་ཆོས་ལྡན་པའི་ཏཱ་ལའི་བླ་མ་དེ་ཉིད་བྱུང་པ་རེད། འདི་ནི་ཏཱ་ལའི་བླ་མའི་ངོ་མཚར་གྱི་མཛད་རྗེས་ཁོ་ན་ཞིག་ག་ལ་ཡིན། སྤྱི་ལོ༢༠༡༡ཟླ༨པའི་ནང་། ཏཱ་ལིའི་བླ་མས་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་རྒྱུ་གསལ་བསྒྲགས་བྱས་པ་དང་། དུས་དེ་ནསཆོས་སྲིད་གཉིས་ཐ་དད་དུ་གྱུར་པ་རེད་ལ། འདིས་ཀྱང་ལོ་ངོ་བརྒྱ་ཕྲག་མང་པོར་ཆོས་སྲིད་ཟུང་འབྲེལ་གྱི་ཏཱ་ལའི་བླ་མའི་ལམ་ལུགས་དེ་ཉིད་དེ་ནས་མཇུག་སྒྲིལ་པར་མཚོན་ཐུབ་ཀྱི་ཡོད་པ་ དང་། བཙན་བྱོལ་བོད་གཞུང་གི་མང་གཙོ་སྒྲོམ་གཞི་དེ་ཉིད་ཆ་ཚང་ཞིག་འགྲུབ་ཡོད་པ་རེད།
ཏཱ་ལའི་བླ་མའི་དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པའི་མཛད་འཕྲིན་འདིས། བོད་ལ་རྡོ་རིང་གསར་པ་ཞིག་བསླངས་པ་དང་། ཆོས་ལུགས་ཀྱི་སྲོལ་རྒྱུན་དུ་བརྒྱུད་པའི་བོད་ཀྱི་སྤྱི་ཚོགས་ཀྱི་སྒྲོམ་གཞི་འདིར་ཚན་རིག་གི་རྒྱུ་ཆ་དེ་ཉིད་འཐིམ་དུ་འཇུག་པ་རེད། རྒྱ་གར་ཀྱི་རྟོགས་བརྗོད་སྨྲ་བ་མཱ་ཡན་ཁི.ཤིས་ཧ་ཡ་ལགས་ཀྱིས་ཏཱ་ལའི་བླ་མའི་རྒྱལ་ཁ་གལ་གནད་ཆེ་ཤོས་ཤིག་ནི་མང་ཚོགས་ཀྱིས་ཚན་རིག་ལག་རྩལ་དང་ཚན་རིག་རང་བཞིན་ལ་དོ་སྣང་ཆེ་ཤོས་སླེབས་པའི་དུས་རབས་འདིར། ཏཱ་ལའི་བླ་མའི་ལམ་ལུགས་འདི་ལ་དེ་བས་གསར་བའི་དོན་སྙིང་ཞིག་ལྡན་ཡོད། བློ་ཕངས་པ་ཞིག་ནི། ཏཱ་ལའི་བླ་མ་སྟེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་གུས་བཀུར་བྱེད་ཡུལ་གྱི་འཛམ་གླིང་ཀུན་སྤྱོད་ཀྱི་སྲུང་སྐྱོབ་པ་དེ་ཉིད། རྒྱ་ནག་ཏུ་རྗུས་གཡོག་བྱས་པ་རེད། བོད་ཀྱི་ལས་དབང་དང་འབྲེལ་བ་དམ་ཟབ་ཡོད་པའི་རྒྱ་ནག་མི་མང་རྣམས་ནི། གཞན་བསྐུས་ཀྱི་རྐྱེན་པས་དངོས་ཡོད་ཀྱི་གནས་ཚུལ་གང་ཡང་མི་ཤེས་པ་དང་རྒྱུན་དུ་དཔོན་རིགས་དང་སྲིད་དབང་གིས་བདུད་འདྲེ་རུ་བསྒྱུར་བའི་ཏཱ་ལིའི་བླ་མ་དེ་ཉིད་ལ་ཤེས་རྟོགས་ཐུབ་མེད། གནས་སྟངས་འདིས་དོན་དངོས་ཐོག་རྒྱ་ནག་མི་མང་གི་ཤེས་རྟོགས་རང་དབང་དང་སྨྲ་བརྗོད་རང་དབང་དེ་དག་བརྩིས་མེད་བཏང་པ་རེད་ལ། ཁོང་ཚོས་བོད་སའི་ནང་དུ་བྱུང་དང་འབྱུང་མུས་ཀྱི་གལ་ཆེན་གནད་དོན་དང་དེའི་འཕོ་འགྱུར་སོགས་ལ་གང་ཡང་རྒྱུན་ལོན་དཀའ་ཞིང་ཁ་སྐྱེངས་དགོས་པ་ཡིན།
ཏྰ་ལའི་བླ་མ རྒྱལ་ཁབ་དང་དབང་ཆ་མེད་པའི་སེར་མོ་བ་ཞིག
རང་ཉིད་ཁེར་རྐྱང་གིས་ལོ་ངོ་བཅུ་ཕྲག་རིང་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་གུང་ཁྲན་ལ་ཁ་གཏད་བཅགས་པ་དང་། ཅི་ཞིག་གིས་ཁོང་ལ་འཛམ་གླིང་ཧྲིལ་བུས་རྒྱབ་སྐྱོར་ཐོབ་པ་བྱུང་ཡོད་པ་དང་། བོད་ཞེས་པ་ཕལ་ཆེར་གཏིང་བརྗེད་ཀྱི་མི་རིགས་འདི་ཉིད་སླར་ཡང་མི་རིགས་གཞན་དང་འདྲ་ཉམས་ཀྱི་གསོན་ཤུགས་ལྡན་པ་བྱས་ཡོད་དམ། ནུས་པ་ཅི་ཞིག་གིས་མི་རིགས་འདྲ་མིན་མང་པོ་དང་ཆོས་ལུགས་དད་མོས་འདྲ་མིན་གྱི་མི་མང་ཚོས་ཁོང་གི་ཞབས་རྗེས་བསྙེགས་ཏེ་གོམ་པ་མཉམ་སྤོ་བྱེད་ཀྱིན་ཡོད་པ་རེད་དམ། ཡང་ཅི་ཞིག་གིས་དཔལ་འབྱོར་གཙོ་བོར་སྒྱུར་བའི་དེང་གི་སྤྱི་ཚོགས་སུ། དཔལ་འབྱོར་ཆེས་ཆེར་འཕེལ་རྒྱས་སོང་བའི་རྒྱ་ནག་རྒྱལ་ཁབ་དེའང་ཏཱ་ལལི་བླ་མ་ཞེས་འབོད་བའི་སྐྱེ་བོ་དེས་བསམ་བློར་གདེང་སྤོབས་མི་འདེང་པ་བཟོས་པ་རེད། འདིར་ང་ཚོས་ཅིས་ཀྱང་ཁོང་ལ་སྒྲོ་འདོགས་ཀྱི་གཡོ་བརྫུས་དང་ཁོང་གི་གཡས་གཡོན་དུ་འཁོར་བའི་ཆབ་སྲིད་ཀྱི་སྐད་ཆ་དང་རྟོགས་བཟོས་ཀྱི་ཚོན་བརྩི་དེ་དག་དང་བྲལ་ནས། དངོས་ཡོད་དང་དོན་དམ་དུ་གནས་བའི་ཏཱ་ལའི་བླ་མ་དེ་ཉིད་ཕྱིར་སྟོན་བྱེད་དགོས་སྙམ།
ཡང་སྲིད་དང་མང་ཚོགས་ཀྱི་གོ་རྟོགས།
ངུར་སྨིག་ན་བཟའ་བསྣབས་བའི་ཏཱ་ལའི་བླ་མས་རྒྱུན་དུ་རང་ཉིད་ནི་སེར་མོ་བ་དཀྱུས་མ་ཞིག་ཡིན་ཞེས་གསུངས་བསྡད་ཡོད་པ་དང་། ཁོང་གིས་གལ་སྲིད་ཐོས་བསམ་བྱས་བ་ཡིན་ན། མི་སུ་ཡིན་ནའང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ཀྱི་རེད་ཅེས་གསུངས་པ་རེད།༼ཏཱ་ལའི་བླ་མའི་མཛད་རྣམ་གསར་པ་ནས།༽དོན་དངོས་ཐོག ཡང་སྲིད་ཀྱི་གནས་དོན་འདིས་མི་ཚོར་ངོ་མཚར་སྐྱེས་སུ་འཇུག་པ་མ་ཚད། ད་དུང་ཁོང་གི་འཚར་ལོངས་ཀྱི་བརྒྱུད་རིམ་དེའང་། རྟོགས་པ་དང་ཡོན་ཏན་གྱིས་ཕྱུག་པའི་མཁས་ཆེན་དུ་མ་དང་གཅིག་མཚུངས་ཡིན་པ་དང་ཉིན་ནས་ཉིན་དུ་སློབ་སྦྱོང་ཧུར་ཐག་བྱས་པ་རེད།
བོད་ཀྱི་ནང་ཆོས་སུ་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་དེ་ནི། གནའ་རབས་རྒྱ་གར་གྱི་ནང་པའི་ལྟ་གྲུབ་དང་ཤེར་རྟོགས་ཀྱི་བསམ་བློ་ལས་བྱུང་པ་དང་། དེ་ཡང་ཅུང་གོ་སླར་རུ་བཤད་ན། ནང་ཆོས་ཀྱི་རྒྱུ་འབྲེལ་དང་རྟེན་འབྱུང་གི་ལྟ་གྲུབ་དེ་ནས་བྱུང་པ་རེད། བོད་པ་ཚང་མས་སྐྱེ་བ་སྔ་ཕྱིར་ཡིད་ཆེས་ཀྱི་ཡོད་ལ། སྐྱེས་ཆེན་དམ་པ་དེ་ཚོ་ནི་འགྲོ་བ་སེམས་ཅན་གྱི་དོན་དུ་ལྷའམ་དགྲ་བཅོམ་པ་སོགས་ཀྱིས་གཟུགས་སུ་སྤྲུལ་པ་ཡིན་པར་འདོད་ལ། དེ་དག་ལ་གསོལ་འདེབས་དང་སྐྱབས་འཇུག་ཞུ་བའི་གོམས་སྲོལ་དེ་ཉིད་ཀྱང་རྒྱུན་འཛིན་བྱེད་ཀྱིན་ཡོད།༼ཏཱ་ལིའི་བླ་མའི་ཡང་སྲིད་སྐོར་ཀྱི་བཀའ་སློབ་ནས༽ལུགས་སྲོལ་ལྟར་རྟགས་དང་མཚན་མ། ལུང་དང་ཞིབ་འཇུག་སོགས་ཀྱི་བྱེད་སྒོ་སྣ་ཚོགས་བརྒྱུད་ཡང་སྲིད་ངོས་འཛིན་བྱས་པ་དང་། དེ་ནས་ཁྲིར་འདོན་བྱས་པ་དང་བོད་མི་ཡོངས་ཀྱི་བསམ་བློའི་དབུ་ཁྲིད་དུ་འགྱུར་གྱི་ཡོད། མཆོག་སྤྲུལ་དེ་ཉིད་དགུང་ལོ་ལྔ་དྲུག་ནས་བཟུང་གྲྭ་བཙུན་གྱི་སྒྲིག་ཁྲིམས་སྲུང་ཏེ་སློབ་སྦྱོང་དབུ་འཛུགས་ཞུ་དགོས་པ་དང་། དེ་ཡང་རིག་གནས། ཤེར་རྟོགས་རིག་གནས། བཟོ་རིག་པ། སྨན་རིག་པ། སྙན་ངག གཏམ་རྒྱུད་རིག་པ། སྐར་རྩིས། བརྡ་སྤྲོད། དངོས་བརྗོད་སོགས་སྦྱངས་དགོས་ཀྱི་ཡོད་ལ། སྦྱངས་ཡུན་ཡང་ལོ་ངོ་བཅུ་གྲངས་ཡིན་པ་དང་། ནར་སོན་རྗེས་ལམ་སྲོལ་ལྟར་བོད་འབངས་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་དགོས།
ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གི་མཁྱེན་རྒྱ་དང་ཐུགས་རིག་འདི་ལྟར་བྱུང་པ་དང་། ཀུན་དང་མ་འདྲ་ས་ནི། གནས་སྟངས་ཀྱི་རྐྱེན་པས་ཏཱ་ལའི་བླ་མ་ཁོང་དགུང་ལོ་བཅོ་ལྔར་སྲིད་དབང་ལ་འཁོད་མོད། ད་དུང་བཙན་བྱོལ་མ་ཕེབས་སྔོན་དུ་ནང་པའི་མཁས་དབང་གི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོན་པ་རེད། སྐབས་དེ་དུས་ཁོང་དགོང་ལོ་༢༤རེད།
ཏཱ་ལའི་བླ་མ་ནི་ཆུང་དུས་ནས་བསམ་བློ་གཏོང་རྒྱུར་དགའ་པོ་ཡོད་པ་དང་།སྣ་ཚོགས་ལ་དོ་སྣང་ཡོད་པ་མ་ཟད་འཕྲུག་ཆ་དོད་པོ་ཡོད་པ་ཞིག་ཡིན། འཚོ་བའི་ཁོར་ཡུག་དམིགས་བསལ་ཡིན་པས། ཏཱ་ལའི་བླ་མའི་བྱིས་དུས་ཕལ་མོ་ཆེར་ཁོང་གི་གཡས་གཡོན་དུ་གནས་པའི་ཞབས་ཞུ་བ་དང་འགྲོགས་པ་རེད། ཞབས་ཞུ་བ་དེ་ཚོ་ཕལ་མོ་ཆེ་ནི་མི་རྒན་རེད། ཁོང་ཚོས་སོ་སོའི་འགན་ཁུར་བསྒྲུབས་པ་དང་། ཏཱ་ལའི་བླ་མའི་སློབ་སྦྱོང་དང་ཉམས་ལེན་ཐད་ལྟ་སྐྱོང་བྱས་ཡོད། ཏཱ་ལའི་བླ་མས་ཁོང་ཚོ་གྲོགས་པོར་བརྩིས་པ་དང་། ཁོང་ཚོས་རང་གིས་སྒྲུང་བཤད་པར་གསན་པ་དང་། ཁོང་ཚོའི་མི་ཚེའི་ནང་བྱུང་བའི་འདྲ་མཉམ་མིན་པའི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས་པ་དང་། འདི་ཚོས་ཁོང་ལ་ཆུང་དུས་ནས་བོད་པའི་འཚོ་བ་དེའང་ཉིན་ལྟར་བཀྲ་ཤིས་ལོ་ལེགས་མིན་པར་མཁྱེན་དུ་བཅུག་པ་དང་། ༼ཏཱ་ལའི་བླ་མའི་མཛད་རྣམ་ནས༽ཁེར་རྐྱང་གི་ཏཱ་ལའི་བླ་མའི་རྩེད་དགར་རོལ་ས་གཞན་ཞིག་ནི། སློབ་སྦྱོང་གི་ངལ་གསོ་བར་མཚམས་སུ། ཁང་པའི་རྭ་བ་དང་ཁང་པའི་སྒང་ཐོག་ཏུ། རྒྱང་ཤེལ་བཟུང་ནས་རྒྱང་རིང་གི་ཡུལ་ལྗོངས་ལ་གཟིགས་པ་དེ་ཡིན་ལ། ཁོང་དང་ཐག་གང་ཙམ་ཡོད་སར་བཙོན་ཁང་ཞིག་ཡོད་པ་དང་། དེ་ནི་ཁོང་གི་རྣམ་ཀུན་གཟིགས་ཞིབ་གནང་ས་གཙོ་བོ་དེ་ཡིན་པ་དང་། དུས་ཚོད་ཕལ་ཆེར་བཙོན་པ་དེ་ཚོ་རླུང་གསོས་ཡོང་དུས་ལ་འཁེལ་གྱི་ཡོད། ཏཱ་ལའི་བླ་མས་ཁོང་ཚོར་སྙིང་རྗེ་སྐྱེས་པ་དང་། ཁོང་གིས་ངོས་ནས་ཁོང་ཚོ་གྲོགས་པོར་བརྩིས་ཀྱིས་ཡོད་ལ། ཁོང་ཚོའི་བྱ་སྤྱོད་ཡོང་ལ་དོ་སྣང་གནང་གི་ཡོད་པ་དང་། “ཁོང་ཚོས་ཀྱང་ང་ངོ་ཤེས་ཀྱི་ཡོད་པ་དང་།མཚམས་རེར་ཁོང་ཚོས་ང་མཐོང་དུས་ཕྱག་འཚལ་གྱི་ཡོད་། ངོས་ནས་ཁོང་ཚོས་ཚང་མ་ངོ་ཤེས་ཀྱི་ཡོད། ངོས་ཀྱིས་ཁོང་ཚོ་སུ་རྙིང་པ་ཡིན་པ་དང་བཙོན་པ་གསར་པ་སུ་སླེབས་ཡོད་པ་སོགས་ཚང་མ་ཤེས་ཀྱིས་ཡོད་”ཅེས་གསུངས། སྤྱི་ལོ་༡༩༤༩ལོར་ཀྲུ ང་གོ་དམག་དཔུང་ཐོབ་པ་དང་། དེའི་ཕྱི་ལོའི་ཟླ་༡༡་ཚེས་༡༧ཉིན། ཏཱ་ལའི་བླ་མ་ཛ་དྲག་གི་དུས་དེར་སྲིད་ཁྲིར་འཁོད་པ་དང་། དུས་དེ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་དུས་རབས་དེ་འགོ་ཚུགས་པ་རེད། དབང་འཛིན་གྱི་ཏཱ་ལའི་བླ་མས་བསྒྲུབས་པའི་བྱ་བ་དང་པོ་ནི། བཙོན་པ་ཡོངས་སུ་སྐྱོབ་པ་དེ་རེད་ལ། དེའི་རྗེས། ལྷོ་ཁར་སྐྱབས་བཅོལ་དུ་ཕེབས་པའི་ལམ་ཁར། ཁོང་གིས་རང་མོས་ཀྱིས་མི་མང་པོ་དང་ཐུག་འཕྲད་བྱས་པ་རེད་ལ། ཁོང་ཚོ་དང་བཀའ་མོལ་གནང་བ་བརྒྱུད། ཁོང་གིས་“ཕོ་བྲང་ཟབ་མོའི”་ནང་ནམ་ཡང་མཁྱེན་ཐབས་བྲལ་བའི་སྤྱི་ཚོགས་ཀྱི་དོན་དངོས་མང་པོ་མཁྱེན་རྟོགས་བྱུང་པ་རེད། ཁོང་གིས་“ངོས་ནས་ངོས་ཀྱི་མི་མང་ཚོའི་འཚོ་བའི་ཁྲོད་ཐོབ་ཐང་འདྲ་མཉམ་མེད་པའི་དཀའ་སྡུག་དུ་མ་མྱོངས་ཀྱི་ཡོད་པ་ཤེས་སོང་ལ། གལ་སྲིད་ངོས་ནས་ད་ལྟའི་གནས་སྟངས་འདི་བསྒྱུར་བཅོས་ཤིག་གཏོང་ཐུབ་སོང་ན། ངོས་ནས་ཅིས་ཀྱང་གང་ཐུབ་ཀྱིས་ཁོང་ཚོའི་དཀའ་ངལ་སེལ་ཐབས་བྱ་རྒྱུ་ཡིན་”ཞེས་གསུངས། དང་ཐོག་ཏཱ་ལའི་བླ་མས་སྲོལ་རྒྱུན་གྱི་བུ་ལོན་དེ་ཉིད་མེད་པར་བཟོས་པ་དང་། མི་མང་གི་ཁུར་བོ་ཅུང་ཡང་དུ་བཏང་པ་རེད། དེ་ནས། ཁོང་གིས་ཁྲིམས་ལུགས་དང་། སློབ་གསོ། ས་ཞིང་སོགས་བཅོས་བསྒྱུར་གནང་པ་དང་། རྒྱུ་མཚན་ནི་རྗེས་ལུས་ཀྱི་ཐོན་ཁོངས་ཇེ་ལེགས་སུ་གཏོང་པ་དེ་ཡིན་པ་རེད། ཡིན་ནའང་འདི་དག་ཡོད་ཚད་ཡུན་རིང་མ་འགོར་པར་གུང་ཁྲན་ཏང་གི་གཞི་རྒྱ་ཆེ་བའི་ལས་རིམ་མི་དམངས་མཉམ་ལས་ཀྱི་རྦ་རླབས་དེས་མེད་པར་བཟོས་པ་རེད། སྤྱི་ལོ་༡༩༥༤ལོའི་སྟོན་ཁར། དགོང་ལོ་གཞོན་བའི་ཏཱ་ལའི་བླ་མ་རྒྱ་དམར་གྱི་མཐོ་རིམ་འགོ་ཁྲིད་རྣམས་དང་ལྷན་ཐུག་འཕྲད་བྱུང་པ་དང་པེ་ཅིང་དུ་དུས་ཡུན་ཐུང་ཐུང་ཞིག་གི་གནས་སྡོད་ཉམས་མྱོང་ནས། རྒྱ་ནག་གི་གཡོ་རྫུས་ཅན་གྱི་ཆབ་སྲིད་དེས་ཁོང་ལ་ཞལ་སྐྱེན་པའི་ཚོར་བ་ཞིག་ཕྱིན་ལ། ཁོང་གིས་རྒྱ་ནག་གི་ཆབ་སྲིད་ཀྱི་འཚོ་བའི་ཁྲོད་འགལ་ཟླ་མང་པོ་ཡོད་པ་གཟིགས། དེ་ནས་ཁོང་གིས་བོད་མི་རིགས་ཀྱི་ཐད་ཐུགས་འཚབ་བྱུང་པ་རེད། བཙན་བྱོལ་དུ་ཕེབས་པའི་དུས་འགོ་ནས། ཁོང་ཉིད་འགན་དབང་ཆ་ཚང་འཁུར་དགོས་བྱུང་པ་དང་། ཁོང་གི་ཐུགས་རིག་དང་མཁྱེན་འཇོན་གྱིས་གོ་རྟོགས་ལས་བྱུང་བའི་མང་གཙོར་བཅོས་བསྒྱུར་གྱི་བསམ་བློ་དེ་ཉིད་ལམ་སེང་ལག་བསྟར་བྱས་པ་རེད།
“ས་ངན”་ནས་བྲལ་བ་དང་། ཡལ་ག་ནས་མང་གཙོ་ཡི་བྱང་ཆབ་ལྗོན་ཤིང་།
འདིར་དང་ཐོག་བཤད་དགོས་པ་ནི་བོད་པ་བཙན་བྱོལ་དུ་སྡོད་སའི་རྒྱལ་ཁབ་འདི་རེད། མི་ཚང་མས་རྒྱ་གར་ནི་འཛམ་གླིང་སྒང་མང་གཙོ་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་ཞེས་བཤད་ཀྱིས་ཡོད་མོད། ཡིན་ནའང་རྒྱ་ནག་གི་མི་མང་པོར་མཚོན་ན། རྒྱལ་ཁབ་འདིས་མང་གཙོ་དང་གོ་རིམ་ལྡན་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མང་གཙོ་དེ་དང་བསྡུར་ཐབས་མེད་པར་སྣང་ལ། རྒྱ་གར་འདི་ལྟར་གྲངས་ཀྱི་མི་ལོན་པའི་མི་རིགས་དང་། ཆོས་ལུགས། སྐད་ཡིགརིགས་རུས་སོགས་བཀལ་བཀོད་རྒྱུད་འཛིན་གྱི་ཤུས་བཞགས་མང་པོ་ཡོད་པ་དང་། འདིས་སྤྱི་ཚོགས་འདི་ཉིད་ཆེས་འགལ་ཟླ་དང་རྙོག་དྲས་ཁེངས་བའི་སྤྱི་ཚོགས་ཤིག་སྒྲུབ་ཡོད་པ་རེད། དེའི་སྒང་མི་འབོར་མང་བ་དང་། དབུལ་ཕྱུག་གཉིས་ཀྱི་བར་གལ་རིང་ཞིང་རྦད་དེ་མི་འདྲ་བའི་འཛམ་གླིང་གཉིས་སུ་གནས་པ་དང་། ཚོད་སྒོམ་ནང་གི་རྒྱ་གར་ནི་རྙོག་ཟིང་ཆེ་ཞིང་སྐྱོབ་ཐབས་མེད་པ་དང་། དབུལ་ཞིང་ཕོངས་པ་མ་ཟད་རྗེས་ལུས་ལྡན་པ་དང་། སྤྲང་པོ་ཁྱུ་ཡིས་འཚོགས་པའི་རྒྱལ་ཁབ་ཞིག་ཡིན་པར་སེམས། འདི་ལྟ་བུའི་རྒྱལ་ཁབ་ཞིག་ཡིན་ནའང་། རྒྱལ་ཁབ་འདིས་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་ཀྱིན་ཡོད་ཙང་། རྗེས་ལུས་དང་དབུལ་ཕོང་གིས་རྒྱལ་ཁབ་འདིའི་སྤྱི་ཚོགས་བདེ་འཇགས་ལ་ཤུགས་རྐྱེན་གང་ཡང་ཐེབས་མེད། (བློ་ཕངས་པ་ཞིག་ནི་གནས་དོན་འདིའི་ཐད་རང་རློམ་དང་ང་རྒྱལ་ཆེ་བའི་རྒྱ་ནག་གིས་ནམ་ཡང་དོ་སྣང་བྱུང་མེད།) དུས་རབས་ཕྱེ་ཀའི་སྔོན་ལ། རྒྱ་གར་གྱིས་རང་ཉིད་དཀའ་སྡུག་ཏུ་གནས་ཀྱང་སྤྲོ་བ་ཆེན་པོས་བཙན་བྱོལ་བོད་མི་ཚོར་སྣེ་ལེན་བྱས་པ་དང་།ཁོང་ཚོ་ལ་ས་ཞིང་དང་སྡོད་གནས་སྤྲད་པ་མ་ཟད། སྐབས་དེ་དུས་ཀྱི་སྲིད་བློན་ནེ་རོ་ནས་སེམས་ཁུར་ཆེན་པོས་ཏཱ་ལའི་བླ་མར་བོད་ཀྱི་བྱིས་པའི་སློབ་གྲྭ་རྒྱག་དགོས་པའི་སེམས་ཤུགས་བསྣན་པ་དང་། ད་དུང་ཁོང་གིས་བོད་ཀྱི་བྱིས་པ་ཚོ་མཉམ་སྡོད་ཀྱིས་སློབ་སྦྱོང་བྱེད་དུ་འཇུག་པ་དང་། སློབ་སྦྱོང་དང་རྒྱ་གར་གྱི་དེང་རབས་ཤེས་ཡོན་སྲིད་ཇུས་གཉིས་དང་གོམས་སྟབས་མཉམ་སྒྱུར་བྱེད་པའི་སྒང་། བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་རིག་གནས་སོགས་སློབ་སྦྱོང་བྱས་ནས། བོད་ཀྱི་ཆོས་དང་རིག་གཞུང་། ལེགས་བྱང་སོགས་རྒྱུན་འཛིན་ཐུབ་པར་བྱེད་དགོས་པ་སོགས་གསུངས་ཡོད་ལ། འཛམ་གླིང་ལ་མིག་བལྟས་ཤིག་བྱེད་པ་ན། རྒྱལ་ཁབ་མང་ཤོས་ཀྱིས་བཙན་བྱོལ་བ་དང་ལེན་བྱེད་དུས། བསུན་སྣང་མེད་པར་ཁོང་ཚོ་སོ་སོའི་རྒྱལ་ཁབ་ཀྱི་སྟངས་འཛིན་ཆ་རྐྱེན་དུ་བརྫངས་པས་ན། ཁོང་ཚོའི་ངོ་བོ་ཁས་ལེན་ཡོད་མེད་ནི་བཙན་བྱོལ་བ་སྤྱིའི་དཀའ་ངན་ཞིག་ཡིན་པ་རེད། རྒྱལ་ཁབ་སུ་ཞིག་གིས་རྒྱ་གར་ནང་བཞིན་འདི་ལྟར་ཁོག་རྒྱ་ཡངས་ཤིང་བཟོད་སྒོམས་ཐུབ་པར་ཚོད་དཔག་བྱེད་དཀའ།
མི་ཚོས་རྒྱ་གར་གཞུང་གིས་འདི་ལྟར་བྱེད་དགོས་དོན་ནི་ཁོང་ཚོས་རྒྱ་ནག་ལ་ཁ་གཏད་གཅོད་བྱེད་དུ་རེད་ཅེས་བཤད་སྲོལ་ཡོད། བཤད་སྲོལ་འདི་ལ་རྒྱུ་མཚན་མེད་པ་མ་རེད་མོད། ཡིན་ནའང་ཚང་མ་བདེན་པ་ག་ལ་ཡིན། རེད་ཨཱ། སྐབས་དེ་དུས་རྒྱ་ནག་སྲིད་གཞུང་ལ་རེ་བ་བཅངས་ཤིང་སྲིད་གཞུང་གསར་པ་དེ་ཉིད་དང་མཛའ་མཐུན་གྱི་གྲོགས་པོར་གནས་འདོད་ཀྱི་ནེ་རོ་ལ་མཚོན་ན། སྔར་ས་ནས་བོད་ལ་རྒྱབ་སྐྱོར་མེད་པར་བསྟན་པ་དང་། ཁོང་གིས་ཏཱ་ལའི་བླ་མས་ཅིས་ཀྱང་སྤྱི་ལོ་༡༩༥༡ལོར་བཞག་པའི་བོད་ས་ཞི་བའི་བཅིངས་འགྲོས་ཀྱི་ཆིངས་ཡིག་དོན་ཚན་བཅུ་བདུན་དེ་ཉིད་བརྩི་སྲུང་དང་ལག་བསྟར་བྱེད་དགོས་ཚུལ་གྱི་སྐུལ་མ་བཏང་པ་རེད་མོད། ཡིན་ནའང་།“རྒྱ་གར་ནི་མ་གཞི་ནས་རང་དབང་ཅན་གྱི་རྒྱལ་ཁབ་ཞིག་རེད།”ཅེས་གསུངས།(ནེ་རོའི་སྐད་ཆ)ཏཱ་ལའི་བླ་མ་རྒྱ་གར་ཏུ་བཙན་བྱོལ་དུ་ཡོང་དུས། རྒྱ་གར་གྱི་ཆབ་སྲིད་པ་ནེ་རོ་འདི་ཉིད་ཀྱི་ཆོས་ལུགས་དད་གུས་ཀྱི་གཤིས་རྒྱུད་རང་བཞིན་དེས་དངོས་དོན་ཆབ་སྲིད་ཀྱི་གནད་དོན་དེ་འཐུས་འཚབ་བྱས་པ་རེད་ལ། འདི་ལྟ་བུའི་གནས་སྟངས་ནི་རྒྱ་གར་སྲིད་དོན་དཔོན་རིགས་ཚོའི་ནང་ཉུང་ཉུང་མིན། སྔོན་བྱུང་རྒྱ་གར་གྱི་སྲིན་བློན་ཟུར་པ་ཞིག་གིས།“རྒྱ་གར་གྱི་རིག་གཞུང་དང་བོད་ཀྱི་རིག་གཞུང་གཉིས་ནི་བྱང་ཆུབ་ལྗོན་ཤིང་གཅིག་གི་ཡལ་ག་གཉིས་ཡིན”ཞེས་དཔེ་བཞག་པ་ལྟར་རེད། གཏིང་ཟབ་ལོ་རྒྱུས་ཀྱི་ཕྱུག་ཞིང་དུས་ཡུན་རིང་བའི་རྒྱ་གར་གྱི་སྲིད་གཞུང་གི་ལོ་རྒྱུས་ཁྲོད། བློ་རྒྱ་ཆེས་ཆེར་གྱིས་བོད་ཀྱི་ཐུན་མིན་རིག་གཞུང་དང་ངོ་བོར་སྲུང་སྐྱོབ་བྱས་པ་དེས། རྒྱལ་སྤྱིའི་སྤྱི་ཚོགས་ནང་ཕན་ཡོན་ཆེས་ཆེར་བསྐྲུན་པ་རེད།
ཆོས་ལུགས་དང་མང་གཙོའི་གོ་རྟོགས་ཕྱུག་པའི་ས་ཆ་འདི་རུ་། ཏཱ་ལའི་བླ་མས་ད་གཟོད་རང་ཉིད་ཀྱི་མང་གཙོར་བཅོས་བསྒྱུར་གྱི་དམིགས་ཡུལ་དང་ཕུགས་བསམ་དེ་འགྲུབ་པ་རེད།
ཏཱ་ལའི་བླ་མས་ཅི་ཡང་མེད་ས་ནས་”ཕྱོགས་ཡོངས་ཀྱི་མང་གཙོའི་རང་བཞིན་གྱི་དཀའ་ཚེགས་ཀྱི་ཕྱོགས་ལ་གོམ་ཁར་བསྒྱུར་པ་དང་།”འཚོ་བའི་གནས་སྡོད་བྱས་པ་དང་། དེ་ནས་ས་ཞིང་རྨོ་འདེབས་བྱས་པ། བརྟན་སྡོད་གཞིས་ཆགས་གསར་འཛུགས་སོགས་ལས་རིམ་སྤེལ་པ་དང་། གཉིས་པ་ནི་སློབ་གསོ་དམ་འཛིན་བྱས་པ་མ་ཟད། ཏཱ་ལའི་བླ་མ་བཙན་བྱོལ་དུ་ཕེབས་སྟེ་ལོ་གཉིས་པ་ནས་ཕྲུ་གུའི་སློབ་གྲྭ་བཙུགས་པ་རེད། ཕྲུ་གུ་༥༥་ནས་གྲུབ་པའི་འཛིན་གྲྭ་དེ་ནི་བཙན་བྱོལ་བོད་ཀྱི་སློབ་མའི་འཛིན་གྲྭ་ཐོག་མ་དེ་གྱུར་ཡོད། དུས་མཉམ་དུ། བོད་རིགས་ཡོད་པའི་ས་ཆ་ཚང་མར་རིམ་གྱིས་སྲོལ་རྒྱུན་གྱི་དགོན་སྡེ་ཁག་དང་གཙུག་ལག་ཁང་སོགས་བཞེངས་པ་དང་། གྲྭ་བ་ཚོའི་དགོས་མཁོ་དང་སྟབས་བསྟུན་གྱིས་སློབ་ཚན་བཀོད་བསྒྲིགས་བྱས་པ་རེད། གསུམ་པ་ནི། ཆབ་སྲིད་བཅོས་བསྒྱུར་དང་དེ་ནས་གྲོས་ཚོགས་བཙུགས་པ་རེད། སྤྱི་ལོ་༡༩༦༠ལོའི་ཟླ་བ་༩པར་དཔྱ་ཁྲིམས་མཆན་ཐོབ་བྱུང་ཡོད་པ་མ་ཟད་མིའི་བཟང་སྤྱོད་ཀྱི་རང་བཞིན་ལྡན་པའི་ཁྲལ་བསྡུ་ལམ་སྲོལ་བཏོད་ཡོད་པ་རེད།(དང་པོར་རང་མོས་ཀྱིས་སྤྲོད་པ་དང་།དེ་ནས་རྒྱ་གར་གྱི་ཁྲིམས་ལུགས་དཔེ་མཚོན་གྱིས་ཁྲལ་བསྡུ་ལམ་སྲོལ་བཏོད་པ།)ལས་བྱེད་ཀྱིས་མང་ཚོགས་ཞབས་འདེགས་ཀྱི་སྒྲིག་སྲོལ་གཏན་འབེབས་གནང་པ་མ་ཟད། ད་དུང་རིམ་བཞིན་རིག་གཞུང་སློབ་གྲྭ་དང་རིག་གནས་མ་ལག་སྒྲིག་འཛུགས་དང་མང་ཚོགས་སྒྲིག་འཛུགས་སོགས་གསར་འཛུགས་བྱས་པ་རེད།
འགྱུར་བ་འདི་དག་བོད་མི་རྣམས་ལ་མཚོན་ན་གློ་བུར་ཐོལ་ཅར་ཡིན་ནའང་། འདི་ནི་བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་དེས་མང་གཙོའི་ཁྱད་ཆོས་ལ་སློབ་སྦྱོང་དང་འཚོ་བའི་དངོས་སུ་ལག་བསྟར་བྱས་པའི་རྒྱུད་རིམ་ཁྲོད་འགྱུར་བ་བཏང་པ་རེད། ཡིན་ནའང་། སྐབས་དེ་དུས་ཀྱི་རྒྱ་ནག་ལ་མཚོན་ན།”མེ་མདའི་སོ་ཁ་ནས་སྲིད་དབང་རྒྱུན་འཛིན”གྱི་ལྟ་བ་ལ་རྨོངས་དད་བྱས་པ་དང་། མུ་མཐུད་དུ་ཕྱོགས་ཡོངས་ནས་མེ་མདས་བཀོད་སྡོམ་བྱས་པ་དང་། ཞི་བདེ་བག་ཕེབས་སུ་གནས་འདོད་པའི་ཁྱིམ་གཞི་དེ་ཉིད་ཀྱང་”ས་ངན”དུ་བསྒྱུར་པ་རེད་ལ། ཀྲུང་ཧ་རྒྱལ་ཡོངས་ན་ཆབ་སྲིད་ཀྱིས་རྐྱེན་པའི་རྒོད་ཆ་དང་ངོ་རྒོལ་སོགས་མང་པོ་བྱུང་པ་རེད།”དད་གུས་གསུམ།””ཚད་མེད་བཞི”སོགས་ཀྱི་རང་བཞིན་ལྡན་པའི”གུང་ཁྲན་ཆོས་ལུགས་”ཀྱིས་ཀྲུང་གོའི་མི་དམངས་ཀྱི་སེམས་པར་ཕོག་ཐུག་དང་གནོད་འཚེ་ཤུགས་ཆེན་བཏང་པ་རེད་ལ། དེང་སང་བལྟས་ཡོང་དུས། ས་ཡ་དྲུག་གི་རྒྱལ་ཁམས་བདུད་འདྲེས་སྐོར་བའི་དུས་ངན་དེར། ཏཱ་ལའི་བླ་མ་”ས་ངན”དེ་དང་ཁ་བྲལ་ཐུབ་པ་ནི་བོད་ཀྱི་བསོད་ནམས་རེད་སྙམ།
ཏཱ་ལའི་བླ་མའི་དེང་རབས་རང་བཞིན།
མང་གཙོར་འགྱུར་བ་ཕྱིན་པའི་དུས་མཚུངས་སུ། ཆོས་ལུགས་རྒྱུན་སྲོལ་དེ་དག་སྟབས་བདེར་གཏོང་རྒྱུ་དེ་ཡིན་པ་དང་། སྔོན་ཆད་ལྷ་ས་ལ། ཏཱ་ལའི་བླ་མས་སྔར་ས་ནས་རྙོག་དྲ་ཅན་གྱི་ཆོས་ལུགས་རྒྱུན་སྲོལ་དེས་བོད་འབངས་དང་ཁོང་གཉིས་ཀྱི་བར་ཐག་ཇེ་རིང་དུ་གཏོང་གི་ཡོད་པ་མཁྱེན་གྱིས་ཡོད་ལ། ཁོང་གི་ཐུགས་དགོངས་ན་སྔ་མོ་ནས་རྒྱུན་སྲོལ་རྙིང་པ་དེ་དག་ལ་ཤི་འཐམས་སྟེ་ལྷོད་ཡངས་མི་གཏོང་པ་བྱེད་མི་རུང་སྙམ་པའི་ཚོར་བ་བྱུང་ཡོད་པ་དང་། འདི་དག་རྗེས་ལུས་སུ་འགྱུར་ཡོད་པར་མཁྱེན། བཙན་བྱོལ་གྱི་དོན་དངོས་དེས། ཏཱ་ལའི་བླ་མར་ཛ་དྲག་གི་ཐུགས་ཚོར་ཞིག་ཕྱིན་པ་རེད་ལ། ཁོང་གིས་”ངོས་ནས་ངོས་ཀྱིས་མི་མང་རྣམས་ཀྱི་ངོས་ལ་འདི་ལྟར་རྒྱུན་སྲོལ་གྱི་གུས་བྱ་བྱེད་དུ་འཇུག་མི་འདོད”ཅེས་གསུངས་པ་དང་། དེ་ནས་”ངོས་ནས་གཏན་འབེབས་བྱེད་རྒྱུ་ནི། སུ་དང་སུས་ངོས་དང་ཐུག་འཕྲད་བྱེད་གྱུར་ན། ངོས་དང་མཐོ་དམན་ཉོམ་པའི་ཞབས་སྟེགས་སྟེང་སྡོད་དགོས་ཀྱི་ཡོད་རེད་ལ། སྔོན་གྱི་རྒྱུན་སྲོལ་ལྟར་ངོས་རང་ཁྲི་མཐོ་པོའི་སྒང་སྡོད་པ་དང་། ཐུག་འཕྲད་ཡོང་མཁན་ཚོ་ཆེས་དམའ་ས་ན་སྡོད་པ་མིན་པ་དེ་རེད།”ཅེས་གསུངས། རྒྱུན་སྲོལ་གྱི་བྱེད་སྒོ་དེ་ཉིད་བཅོས་བསྒྱུར་བྱས་པ་དེས། འདྲ་མཉམ་གྱི་གོ་རྟོགས་ཕྱུག་པ་དང་དེའི་རང་བཞིན་དེ་མཚོན་པ་རེད་སྙམ། དེ་ནི་མང་གཙོའི་འཕེལ་རིམ་དང་འབྲེལ་བ་ཆེས་ཆེར་ལྡན་པ་ཞིག་ཀྱང་རེད་སྙམ། གནས་ཚུལ་འདིའི་ཐད། ཏཱ་ལའི་བླ་མ་དང་ཐུག་འཕྲད་མྱོང་བའི་མི་མང་པོར་སེམས་འགུལ་ཐེབས་པའི་ཚོར་བ་མང་པོ་ཕྱིན་ཡོད་།
འདི་ལྟར་ཞི་ཞིང་དུལ་བའི་སྤྱི་ཚོགས་ཁྲོད། བཙན་བྱོལ་སྒྲིག་འཛུགས་གིས་སྤྱི་ལོ་༢༠༠༠ལོ་ནས་མང་མོས་འོས་བསྡུར་བྱས་པ་དང་། མང་མོས་ཀྱིས་བདམས་པའི་བཀའ་བློན་ཁྲི་པ་བྱུང་པ་རེད། ལོ་ངོ་བཅུ་གྲངས་ཀྱི་མྱོང་ཚོར་དང་ལག་ལེན་ཐོག སྤྱི་ལོ་༢༠༡༡ལོར་མང་མོས་འོས་བསྡུ་ཀྱི་སྲིད་སྐྱོང་དེ་བྱུང་པ་དང་། དེ་ནས་ཁོང་གིས་ཆབ་སྲིད་ཀྱི་འགན་དབང་ཡོད་ཚད་བཞེས་པ་དང་། མགོན་སྐྱབས་དམ་པ་ཏཱ་ལའི་བླ་མས་རང་འགུལ་གྱིས་”དབང་ཆ་རྩིས་སྤྲོད”དང་”ཐོབ་དབང་ཇེ་ཆུང་”དུ་བཏང་པ་སོགས་དགེ་སློང་བཅུ་མས་བྱེད་ཕྱོགས་དེར། རྒྱ་ནག་སྐམ་ས་ཆེན་པོར་འཚོ་བ་རོལ་བཞིན་པའི་རྒྱ་ནག་མི་དམངས་ལ་མཚོན་ན་བློ་ཡུལ་དུ་ཤོང་དཀའ་བ་ལོས་ཡིན་ལ། བསམ་གཞིགས་ཀྱང་བྱེད་དཀའ་བ་ཞིག་ལོས་ཡིན།
བཙན་བྱོལ་བོད་གཞུང་གི་མང་གཙོའི་སྒྲོམ་གཞིའི་འཕེལ་རིམ་ཁྲོད། ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་དབང་ཚད་དེ་ཉིད་ཆུང་དུ་འགྲོ་བའི་གོ་རིམ་ཞིག་ཡིན། ཏཱ་ལའི་བླ་མས་”ངོས་དང་ངོས་ཀྱི་བཀའ་ཤག་གང་དུ་ཡོད་ན་དེ་རུ་བོད་གཞུང་ཡོད་”ཞེས་གསུངས་པ་དང་། ད་ཆར་བཀའ་ཤག་གི་ལས་མི་ཏཱ་ལའི་བླ་མས་བཀོད་བཞགས་གནང་གིས་མེད་པ་དང་། དེ་ནི་འོས་བསྡུར་ལས་ཡོང་དགོས་པ་ཡིན། དེ་ལ་རང་དབང་ལྡན་པའི་འོས་བསྡུར་ལྷན་ཁང་ཡོད་ལ། མི་མང་འཐུས་མི་ཚོས་འོས་བསྡུ་ལས་བྱུང་བའི་ལས་རིམ་དེ་དག་ཀྱང་ཁྲིམས་ལུགས་གཏན་འབེབས་ཇི་བཞིན་བྱེད་དགོས། སྔོན་ཆད་ཏཱ་ལའི་བླ་མར་འཐུས་མི་གསུམ་ཐད་བཀོད་བྱེད་པའི་དབང་ཚད་དང་བགྲོ་ཚོགས་མཚམས་འཇོག་དགོས་པའི་བཀའ་མངགས་དབང་ཚད་ཡོད་ནའང་། ད་ཆར་དེ་ཉིད་མེད་པར་བཟོས་ཡོད་པ་རེད། ད་ནི་ཏཱ་ལའི་བླ་མས་ཆབ་སྲིད་ཀྱི་དབང་ཚད་ཡོངས་རྫོགས་ཕྱིར་སྤྲོད་བྱས་པ་རེད་ལ། མཚམས་འདིར་བཤད་དགོས་པའི་གནད་དོན་ཞིག་ནི། འདི་དག་ཡོད་ཚད་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་ཐུགས་འདོད་ལྟར་གནང་པ་རེད་ལ། ཕྱོགས་གཞན་ཞིག་ན་བཤད་ན། ཏཱ་ལའི་བླ་མས་མང་གཙོའི་འགན་དབང་ཆ་ཚང་མི་མང་ལ་རྩིས་སྤྲོད་བྱས་པ་དེ་རེད། ཁོང་གི་དབང་ཆ་ཆུང་དུ་བཏང་པ་ཚང་མ། ཁོང་རང་ཉིད་ཀྱིས་བཏོན་པའི་དགོངས་གཞི་འབའ་ཞིག་ཡིན་པ་རེད། ཏཱ་ལའི་བླ་མས་བཙན་བྱོལ་བོད་མི་ཚོ་མང་གཙོའི་ལམ་དུ་ཁྲིད་པ་རེད།
འདིས་ཏཱ་ལའི་བླ་མས་བྱ་བ་ཅི་རིགས་གང་འདོད་ལྟར་ཐག་གཅོད་བྱེད་ཆོག་པ་རེད་ཅེས་བཤད་ཀྱི་མེད། ཏཱ་ལའི་བླ་མའི་ཁ་གཏད་རུ་ཁག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་དཔེ་མཚོན་ཞིག་ཡིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་སྤྱི་ལོ་༡༩༧༠ལོར་རྡ་རམ་སར་བཙུགས་པ་དང་། ཚོགས་མི་གསུམ་ཁྲི་ལྷག་ཡོད་པ་ཡིན། ཡན་ལག་ཚོགས་པའང་འཛམ་གླིང་ཡུལ་གྲུ་དུ་མར་ཡོད་པ་རེད། ཁོང་ཚོའི་ནང་ཕལ་ཆེར་གྱིས་ཏཱ་ལའི་བླ་མའི་དབུ་མའི་ལམ་ལ་ཁས་ལེན་གྱི་མེད་ལ། ཕྱིའི་མི་རྣམས་ཀྱིས་འདི་ནི་རང་བཙན་ལྟ་བ་ཆེས་ཆེར་ཡོད་པའི་ཚོགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱིས་ཡོད། རྒྱ་ནག་གཞུང་གི་ཚིག་འབོར་ནང་། ཏཱ་ལའི་བླ་མ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ངོ་བོ་གཅིག་ཏུ་བཟུང་བཞིན་ཡོད་པ་དང་། གཞོན་ནུ་ལྷན་ཚོགས་ཀྱི་ལྟ་བ་ཡོད་ཚད་ཏཱ་ལའི་བླ་མའི་ལྟ་བ་ཡིན་པར་གཞིར་བཞག་བྱེད། རྒྱ་ནག་གིས་ནང་ཡང་ཏཱ་ལའི་བླ་མས་གསུངས་པ་ལྟར་ཁོང་གིས་ནང་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྟངས་འཛིན་ཆ་ཚང་བྱེད་ཐུབ་ཀྱི་མེད་པར་ཡིད་ཆེས་བྱེད་ཀྱི་མེད།
འདི་ནི་རྒྱུན་ཤེས་ཀྱི་གནས་དོན་ཞིག་རེད། ཡང་དག་པའི་མང་གཙོའི་སྤྱི་ཚོགས་སུ། མི་ཚང་མར་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་ཡོད་པ་ཡིན་ལ། ལྷག་པར་དེང་རབས་ཀྱི་སློབ་གསོའི་འོག་འཚར་ལོངས་བྱུང་བའི་བོད་རིགས་ན་གཞོན་རྣམས་ལ་མཚོན་ན་དེ་བས་ལྟ་ཅི། ཁོང་ཚོར་གནའ་རབས་ཀྱི་མི་རྣམས་དང་ཡོངས་སུ་མི་འདྲ་བའི་འཚོར་ལོངས་ཀྱི་ཁོར་ཡུག་ཞིག་ཡོད་པ་རེད་ལ། རང་དབང་དང་མང་གཙོའི་ལྟ་བའང་ཤུགས་ཆེ་ཡོད་པ་ཡིན། དེར་བརྟེན་ཏཱ་ལའི་བླ་མས་རང་ཉིད་ཀྱིས་དབུ་མའི་ལམ་རྒྱུན་འཛིན་བྱེད་བའི་དབང་ཆ་ཡོད་པ་ལས། ཁོང་ཚོའི་ལྟ་བ་དང་ལམ་ཕྱོགས་ལ་ཚོད་འཛིན་བྱེད་པའི་དབང་ཆ་དེ་མེད་པ་རེད། ཏཱ་ལའི་བླ་མ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ངོ་བོ་གཅིག་ཏུ་བཟུང་པ་དང་། གདམ་ཀའི་དབང་ཚད་ལ་ཁས་ལེན་དང་ཡིད་ཆེས་མེད་པ་ནི། མང་གཙོའི་ལྟ་གྲུབ་དབེན་བའི་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་ལ་རྒྱུས་མངའ་མེད་པའི་དབང་གི་རེད་ལ།”དེང་རབས་ཅན་གྱི་ཏཱ་ལའི་བླ་མ་དང་བསྡུར་ན་རྒྱ་ནག་གཞུང་ད་དུང་ཡང་རྗེས་ལུས་ཡིན་པ་རེད།”
བྱམས་བརྩེ་དང་དད་གུས་ཏེ་མི་གཤིས་ཀྱི་མཛེས་སྡུག
“ཁེར་རྐྱང་གིས་”རྒྱལ་ཁམས་འགྲིམས་པའི་ཏཱ་ལའི་བླ་མར་མཚོན་ན། ཁོང་གིས་འཛམ་གླིང་དུ་བོད་མི་ཚོའི་བདེ་སྡུག་དང་རེ་འབོད་དེ་དག་ཁྱབ་བསྒྲགས་བྱས་པ་ནི། སུས་ཀྱང་རྟོགས་པར་དཀའ་བའི་ལམ་ལྷོང་ཤིག་རེད། སྤྱི་ལོ་༡༩༧༢ལོར་ཏཱ་ལའི་བླ་མ་ཨ་རིར་ཕེབས་འདོད་བྱུང་པ་དང་། ཡིན་ནའང་མཐོང་མཆན་གྱི་གནད་དོན་དབང་གིས། སྤྱི་ལོ་༡༩༧༩ལོར་གཞི་ནས་ཕེབས་ཐུབ་པ་རེད། ཐེངས་དེའི་འགྲུལ་བཞུད་ན། ཁོང་གིས་ཕྱོགས་གཅིག་ནས་ཨ་རི་རྒྱལ་ཁབ་ཀྱི་རང་དབང་གི་སྙིང་སྟོབས་རོལ་པ་དང་། ཨ་རི་རྒྱལ་ཁབ་ནི་རང་དབང་གི་དཔའ་ཐུས་ཤིག་ཏུ་སྣང་། ཡང་ཕྱོགས་གཞན་ཞིག་ནས་དོན་དངོས་ཐོག་ཨ་རི་བ་ཆེས་ཉུང་ཤས་ཀྱིས་བོད་མིའི་ལས་དབང་རྟོགས་པར་མཁྱེན་ལ། ཁོང་གིས་ཐུགས་ཕམ་པོས་”ངོས་ནས་ད་གཟོད་ཨ་རིར་རྒྱུས་མངའ་མང་ཙམ་ལོན་ཐུབ་སོང་ལ། གནས་དོན་ཁ་ཤས་ཐད་ཨ་རིའི་ཆབ་སྲིད་ཀྱི་ལམ་ལུགས་སུ་ཨ་རི་རང་ཉིད་ཀྱི་རྩ་འཛིན་མི་འདུག”ཅེས་གསུངས། རང་དབང་དང་། སྤྲོ་སྣང་གི་སེམས་ཁམས། བདེན་པ་ཅི་ཡིན་ཁ་ཐུག་གནད་ལ་ཕོགས་པར་གསུངས་པ་སོགས་ནི་ཏཱ་ལའི་བླ་མའི་རྒྱུན་ལྡན་གྱི་ཐུགས་གཤིས་ཡིན་ལ། འདི་ནི་ཁོང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་སྒོ་ཆེན་ཕྱེ་བའི་”གསེར་གྱི་ལྡེ་མིག་”དེའང་ཡིན། ཤེས་གསལ་རེད།
རྒྱ་ནག་སྲིད་གཞུང་གི་བཀག་འགོག་འོག་ཏཱ་ལའི་བླ་མ་ཕྱིར་ཕེབས་ཀྱི་མཐོང་མཆན་སྐོར་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་འགྱུར་ཡོད་མོད། འོན་ཀྱང་ཆབ་སྲིད་ཀྱི་རླུང་བུའི་ཁ་ཕྱོགས་གང་དུ་སྒྱུར་ནའང་། རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོའི་རྣམ་འགྱུར་ཇི་ལྟར་མ་མཚུངས་ནའང་། མཇལ་འཕྲད་གཟབ་རྒྱས་དང་སྟབས་བདེ་ཇི་ལྟར་ཡིན་ནའང་། མཇལ་འཕྲད་བྱེད་མཁན་སྤྱི་དང་སྒེར་གང་ཡིན་ནའང་། གནད་དོན་འདི་རིགས་ཀྱིས་ཁོང་ལ་ཤུགས་རྐྱེན་གང་ཡང་སྤྲོད་ཐུབ་ཀྱི་མེད། ཁོང་ཉིད་སྐྱབས་བཅོལ་སུ་མ་ཕེབས་སྔོན་དུ། རྒྱུན་དུ་བོད་དང་མཛའ་བརྩེའི་འབྲེལ་བ་དམ་ཟབ་ཡོད་པའི་ཨ་རི་དང་དབྱིན་ཇི་གཉིས་ཀྱིས་བོད་ཐོག་འཛིན་བའི་སྲིད་ཇུས་ལ་འགྱུར་བ་ཕྱིན་པ་དང་། བོད་ལ་རོགས་སྐྱོར་བྱེད་པ་མཚམས་འཇོག་བྱས་པ་ནས། ཁོང་གིས་”བོད་པ་རང་ཉིད་ཀྱིས་སྟོབས་ཆེན་རྒྱ་གཞུང་ལ་ཁ་གཏད་གཅོག་དགོས་པ་ལས་གཞན་རོགས་པ་སུ་གང་མེད་པར་མཁྱེན་གསལ་ཡིན།”
དབང་ཆ་དང་རྒྱལ་ཁབ་མེད་པའི་ཏཱ་ལའི་བླ་མས། སོ་སོ་རང་ཉིད་ཀྱི་རང་གཤིས་ཀྱིས་ཚང་མ་གདོང་ལེན་བྱེད་དགོས་པ་དང་།(བྱམས་བརྩེ་དང་དད་གུས་ཀྱིས་བརྒྱན་པའི་ཏཱ་ལའི་བླ་མའི་རང་གཤིས།) དོན་དངོས་ཀྱིས་ར་འཕྲོད་བྱུང་པ་ནི ཁོང་གི་འདི་ལྟར་འཛམ་གླིང་ན་དཀོན་ཞིང་རིན་ཐང་ཆེ་བའི་ཀུན་སྤྱོད་ཀྱི་ནུས་སྟོབས་དེས། བོད་འདི་རྩོད་རྙོག་གི་ཁེངས་ཤིང་མཐར་རྩ་བརླག་ཏུ་སོང་བའི་མི་རིགས་མང་པོའི་ཁོངས་སུ་མ་སོང་པར་གྱུར།
སྤྱི་ལོ་༡༩༧༤ལོར་ཏཱ་ལའི་བླ་མས་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་སྲིད་ཇུས་ཐད་དགོངས་པ་བཞེས་པ་དང་། སྲིད་ཇུས་འདིས་དེ་སྔོན་བཤད་པའི་རང་བཙན་གཙང་མའི་ལྟ་བ་དེའི་འཐུས་འཚབ་བྱེད་ན་འདོད། སྤྱི་ལོ་༡༩༧༩ལོར་ཁོང་གིས་རང་འགུལ་གྱིས་སྐབས་དེ་དུས་རྒྱ་ནག་གི་འགོ་ཁྲིད་ཏིང་ཞའོ་ཕན་ལ་དགོངས་ཚུལ་དེ་ཉིད་གསུངས་པ་རེད་ལ། དེའི་རྗེས་ཀྱི་ལོ་ངོ་བཅུ་གྲངས་རིང་། ཁོང་གིས་རྒྱ་གཞུང་དང་གྲོས་མོལ་ཆེད་སྐུ་ཚབ་ཐེངས་མང་མངགས་གཏོང་གནང་པ་དང་། རེ་བ་ལ་དཀའ་རྙོག་འདི་ཉིད་ཇེ་ལེགས་སུ་འགྲོ་བར་དགོངས། སྤྱི་ལོ་༡༩༨༧ལོའི་ཟླ༦ཚེས༤ཉིན། རྒྱ་ནག་གཞུང་གིས་མང་གཙོ་དོན་གཉེར་བའི་ཞི་བའི་ངོ་རྒོལ་ལ་དྲག་གནོན་བྱས་ཏེ་ཧང་སངས་དགོས་པ་བཟོས་པ་རེད། མ་ཧ་གྷཱ་དཱའི་རྗེས་འདྲངས་པ། ནམ་ཡང་འཚ་མེད་ཞི་བའི་ལྟ་གྲུབ་ལ་ཡིད་ཆེས་དང་རྒྱུན་འཛིན་ན་བྱེད་པའི་ཏཱ་ལའི་བླ་མར་འཛམ་གླིང་ཞི་བདེའི་གཟིངས་རྟགས་ཐོབ་པ་རེད། ལོ་ངོ་༢༢རྗེས་ཀྱི་དེ་རིང་།”སྒྲིག་སྲོལ་ནི་ཏཱ་ལའི་བླ་མ་ལས་གལ་ཆེར་དགོངས་པའི་ཏཱ་ལའི་བླ་མས་”བཙན་བྱོལ་བོད་མི་རྣམས་མང་གཙོར་བསྒྱུར་པ་དང་། ཁོང་གིས་ཆོས་སྲིད་ཐ་དད་ཀྱི་སྒྲིག་སྲོལ་དེའང་འགྲུབ་པ་རེད། གནའ་དེང་གི་དོན་སྙིང་ཆ་ཚང་ལྡན་པའི་”བོད་ཆུང་ཆུང་”དེ་ཉིད་འཛམ་གླིང་ན་འགྲིམས་འདོན་བྱས་པ་དེས། ཏཱ་ལའི་བླ་མས་སླར་ཡང་འཛམ་གླིང་འདི་ཉིད་སེམས་འགུལ་ཐེབས་སུ་འཇུག
ཏཱ་ལའི་བླ་མ་འདི་ལྟར་དུས་རབས་ཕྱེད་ཀ་ཙམ་ཕེབས་ཟིན་པ་དང་།ཁོང་ཉིད་ཆབ་སྲིད་ཀྱི་དབང་ཆ་ནས་ཕྱིར་ཕེབས་པ་དེས། ཤར་ནུབ་གྱི་དོན་ཁས་རང་བཞིན་སྨྲ་བའི་མི་རྣམས་ཀྱིས་”ཆབ་སྲིད་འགྲིག་པ་དང་མི་འགྲིག་པ་སོགས་ཀྱི་སྐད་ཆ་དེ་དག་ཚང་མ་གཏོར་རླག་”བཏང་པ་རེད།
དོན་དངོས་ཀྱི་སྙིང་སྟོབས་དང་”འཇིག་རྟེན་གྱི་འགན་ཁུར” ཏཱ་ལའི་བླ་མས་”ཆོས་པ་ཚོས་ཞལ་འདོན་འདོན་པ་དང་སྨོན་ལམ་རྒྱག་པ་ཙམ་གྱིས་མི་འདང་པ། དེ་ལས་ལྡོག་ཏེ ཁོང་ཚོས་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་གིས་འཛམ་གླིང་འདིའི་དཀའ་རྙོག་ཚོ་སེལ་ཐབས་བྱ་དགོས་ཀྱི་རེད་”ཅེས་གསུངས་ཡོད་པ་རེད།
ནམ་རྒྱུན་ཏུ་ཏཱ་ལའི་བླ་མས་འགྲོ་བ་མིའི་ཐོབ་ཐང་གླེང་པ་དང་། མིའི་ཀུན་སྤྱོད་ལ་དོ་ཁུར་བྱེད་པ། འཛམ་གླིང་ཞི་བདེ་གླེང་པ་དང་ཁོང་གི་འཇིག་རྟེན་གྱི་འགན་ཁུར་ལྟ་བ་དེ་ཉིད་རྒྱུན་འཁྱོངས་གནང་གི་ཡོད། རང་བྱུང་ཁོར་ཡུག་གི་གནོད་འཚེ་ཡིན་ནའང་འདྲ། མིས་བཟོས་གོད་ཆག་ཡིན་ནའང་འདྲ། གང་དུ་དཀའ་ངལ་ཡོད་ན་གང་དུ་ཏཱ་ལའི་བླ་མའི་བྱམས་བརྩེ་དང་ཐུགས་སྨོན་ཡོད། འཛམ་གླིང་འདིའི་སྒང་ལ། ཆོས་ལུགས་མི་འདྲ་བ་དང་། མི་རིགས་མི་འདྲ་བ། རིགས་རྒྱུད་མི་འདྲ་བ་སོགས་སུ་ཡིན་རུང་འདྲ་མཉམ་གྱིས་བཀའ་མོལ་གནང་ཆོག་པ་དང་། ལོ་རབས་༩༠ནང་། ཏཱ་ལའི་བླ་མས་རང་ཉིད་ཀྱིས་བོད་རྒྱ་འབྲེལ་ལམ་གྱི་སྡིངས་ཆ་བསྐྲུན་པ་དེས་བོད་རྒྱ་དབར་འབྲེལ་བ་གསར་བསྐྲུན་བྱས་པ་མ་ཟད། རྒྱ་ནག་མང་གཙོ་དོན་གཉེར་བ་རྣམས་ལ་གསོན་ཤུགས་གསར་པ་ཞིག་ཀྱང་སྦྱིན།
ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ལ་མཚོན་ན། ཏཱ་ལའི་བླ་མ་ནི་ཀུན་གྱིས་དད་གུས་ཆེ་བའི་སྔོན་བྱུང་ཡི་ཤུའི་ཆོས་དཔོན་དམ་པ་དང་འདྲ་བར་མི་ཚང་མས་དགའ་བསུ་དང་དད་གུས་ལྡན་པའི་ཆབ་སྲིད་པ་ཞིག་རེད། ལོ་མང་རིང་། གཞི་རྒྱ་བའི་མཛའ་འབྲེལ་བརྒྱུད། ཏཱ་ལའི་བླ་མ་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཤར་ཕྱོགས་རྒྱལ་ཁབ་ཁག་གི་མཛའ་འབྲེལ་རྒྱུན་ཕེབས་ཀྱི་མགྲོན་པོར་གྱུར་ཡོད་པ་དང་། རྒྱལ་ཁབ་དང་མི་སྒེར་མང་པོས་རྒྱ་ནག་གིས་ཉིན་བཞིན་སྣོན་ཤུགས་ཆེ་སྤྲོད་ཀྱི་བཀག་རྒྱའི་འོག་ཁོང་དང་གྲོགས་འབྲེལ་བྱས་པ་རེད། ཁོང་གི་ནམ་ཀུན་གསུང་པའི་བྱམས་བརྩེ་དང་དད་གུས་ནི་དུས་རབས་ཉི་ཤུ་རྩ་གཅིག་གི་རིན་ཐང་ལྡན་པའི་ཁ་ཕྱོགས་གསར་པར་འགྱུར་གྱིན་ཡོད། ཏཱ་ལའི་བླ་མ-“བོད་ཀྱི་ལས་དབང་གི་སྐྱབས་མགོན་དམ་པ”་འདིས། སྟོབས་ཆེན་གྱི་རྒྱ་ནག་ལ་དབང་ཐང་རང་བཞིན་གྱི་ལྷ་སྒྲུང་ཞིག་བསྐྲུན།
ཏཱ་ལའི་བླ་མའི་རྟོག་སྒྲུང་དེས་རྒྱ་ནག་གི་ཤེས་ཡོན་ཅན་དང་མི་མང་གཉིད་ལས་དཀྲོགས་པ་དང་རྒྱ་ནག་གི་སྲིད་དབང་སྒྱུར་ཐུབ་ཀྱི་ཡོད་དམ། འདི་ལྟར་བྱུང་ན་ཅི་མ་རུང་།
——————————————————————————————————————————————————————-
སྐར་ཁུང་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་།
ཚེ་རིང་ཤཱཀྱ།
ལོ་རན་ ཧར་ཁྲི་ལིས།
སྡོམ་པ་ཚེ་རིང་དབང་མོ།
བསྟན་འཛིན་བདེ་སྐྱིད་།
དཀའ་ཐུབ་ཚེ་རིང་།
སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་།
བུད་ངྔྷ་སྐྱབས།
བློ་བཟང་གྲགས་པ།
སྐལ་བཟང་ཉི་མ།
སྦྲ་རིགས་ཐོགས་མེད་།
འབྲོང་བུ་ཟླ་བ་ཚེ་རིང་།
རིག་འབྱུང་དོན་གྲུབ་བཀྲ་ཤིས།
www.khabdha.org
khabdha@gmail.com