སོག་མདའ།
སྟོད་ཕྱོགས་རྒྱ་གར་ཆོས་ཀྱི་ཞིང་ནས་དཔའ་བོ་ངར་མའི་མེ་ཁ་གསོས།།
སྨད་ཕྱོགས་མདོ་སྨད་ས་ཡི་ཐིག་ནས་མེ་ལྕེ་དམར་བོ་རིམ་གྱིས་མཆེད།།
ཆོལ་གསུམ་གངས་རིའི་རང་མདངས་དེ་ཡང་དམར་བོ་མེ་ལྕེའི་འོད་ཀྱིས་གཏམས།།
ཕ་ས་གངས་རིའི་བདེ་སྡུག་་གཉོར་བཞིན་ཆོལ་གསུམ་སྤུན་ཟླ་གཅིག་ལ་སྒྲིལ།།
མཁར་ཆེན་རྙིལ་བའི་ལྡིར་སྒྲ་རིང་མོ་ཡར་ཀླུང་རི་ནས་ཐོལ་གྱིས་ཟགས།།
གསེར་འོད་འཕྲོ་བའི་རྒྱ་ཕིབས་དེ་ཡང་དུད་སྤྲིན་འཁྲིགས་པའི་རྡུལ་གྱིས་ཁེངས།།
ས་གནམ་འཁྲུགས་པའི་འདྲེས་མདོ་དེ་ནས་དོན་གྱི་བདག་པོ་རི་ལ་བརྫངས།།
སོས་མེད་རྨ་ཁའི་ན་ཟུག་གཉོར་བཞིན་ཆོལ་གསུམ་སྤུན་ཟླ་གཅིག་ལ་སྒྲིལ།།
མེས་པོ་དམ་པའི་ཤུལ་བཞག་ནོར་བུ་ཕ་སྐད་དག་མ་རྒྱང་ལ་གཡུགས།།
དབྱངས་གསལ་སོ་བཞིའི་སྲོག་གི་ཀ་བ་ཁ་བའི་གཅེས་ནོར་རི་ལ་དེད།།
མ་དག་བསྲེས་པའི་རྒྱ་མིན་བོད་མིན་སྐད་ཡིག་ཞ་བོ་ནང་ལ་འདྲེན།།
ཕ་སྐད་གཙང་མ་རང་གིས་གཉོར་བཞིན་ཆོལ་གསུམ་སྤུན་ཟླ་གཅིག་ལ་སྒྲིལ།།
ཕྱུགས་རིགས་གཡང་གི་འཚོ་རྟེན་དང་ནི་ཞིང་བའི་ས་རྨོ་གཞུང་ལ་བཞེས།།
ས་ཞབས་གཏེར་གྱི་གསེར་དངུལ་ནོར་བུ་ས་ཡི་སྙིང་བཅུད་འཕྲུལ་གྱིས་སློག།།
མཛེས་པའི་སྤང་དང་རྩྭ་ཐང་ཡངས་པོ་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།།
རང་ས་དྲོན་མོ་རང་གི་གཉོར་བཞིན་ཆོལ་གསུམ་སྤུན་ཟླ་གཅིག་ལ་སྒྲིལ།།
གཉའ་གནོན་བཙན་གྱིས་སྐྱེ་སྒོ་འགོག་པའི་ལུགས་མེད་ཁྲིམས་ཀྱིས་རང་ས་བསྡམས།
ཕ་སའི་དཔོན་པོ་རང་ལ་མི་དབང་གཞན་གྱི་བཀོད་འདོམས་འབྲུག་བཞིན་གྲགས།།
འགྲོ་འདུག་སྤྱོད་གསུམ་རང་དབང་བྲལ་བའི་རང་ས་རང་ཡུལ་ངོ་མ་ནས།།
མི་རིགས་ལ་རྒྱ་སེམས་ནས་གཉོར་བཞིན་ཆོལ་གསུམ་སྤུན་ཟླ་གཅིག་ལ་སྒྲིལ།།
བཀའ་ལུང་གནམ་གྱི་ལྕགས་མདའི་བར་ནས་བཙན་གྱིས་རྒྱལ་ས་བདག་དུ་བཟུང་།།
རིང་ལུགས་དྲི་མེད་དྭངས་གཙང་ཡིན་ཞེས་རྫུན་གྱི་རྐྱལ་བ་དབུགས་ཀྱིས་ཁེངས།།
མི་འདོད་བཞིན་དུ་བཙན་གྱིས་འཕྲོག་པས་རང་ས་དྲོན་པོའི་ཕང་བ་རུ།།
བདེན་དཔང་ཁྲིམས་ཀྱི་རྒྱ་མ་གཉོར་བཞིན་ཆོལ་གསུམ་སྤུན་ཟླ་གཅིག་ལ་སྒྲིལ།།
བཙན་པོའི་ལོ་རྒྱུས་སྙིང་ལ་ཉར་ནས་ད་ལྟའི་དུས་བབས་སེམས་ལ་ཆོངས།།
དོན་གྱི་བདག་པོའི་བཀའ་ལུང་སྒྲུབ་ནས་ཁ་བ་བོད་པའི་བདེ་སྡུག་སོམས།།
གཞིས་བཞུགས་དང་ནི་བྱེས་སུ་གྱར་པའི་ཁྲག་རྒྱུན་གཅིག་པའི་གངས་ཅན་པ།།
ཞི་བདེའི་རང་དབང་དོན་གྱིས་གཉོར་བཞིན་ཆོལ་གསུམ་སྤུན་ཟླ་གཅིག་ལ་སྒྲིལ།།
བརྗོད་བྱ་རྗེད་བྱེད་གང་ལའང་ཉམས་ལྡན་སྙན་རྩོམ་འདིར།།
ཡང་ཡང་ཀློག་ན་ཁ་བ་རི་པའི་སྙིང་སྟོབས་འཕེལ།།
ཀླུ་སྨྱོན་ཨ་རིག་སོག་མདའ་ལ་སོགས་རྩོམ་པོ་རྣམས།།
བོད་པ་ཚང་དང་ཁ་བརྡར་མཁོ་བའི་མི་བུ་ཡིན།།
དངོས་གནས་སོག་མདའ་ཞེས་པའི་མིང་ཐོག་ནས་སྙན་ངག་ཡིད་ཚིམས་པ་འགའ་རེ་འདིར་བསྟབས་པར་སྙིང་ནས་དགའ་བསུ་ཞུ། ཚིག་གི་གོ་རིམ་དང་དོན་གྱི་གནད་འབྱིན་སྟངས་ལ་ཁྱད་ཆོས་འདུག དེ་མིན་ཚིག་སྙན་པ་ཙམ་གྱིས་ཀློག་པ་པོའི་ཡིད་སེམས་འགུགས་མི་ནུས། མུ་མཐུད་ནས་ཕྲིས།
( སྟོད་ཕྱོགས་རྒྱ་གར་ཆོས་ཀྱི་ཞིང་ནས་དཔའ་བོ་ངར་མའི་མེ་ཁ་གསོས།།
སྨད་ཕྱོགས་མདོ་སྨད་ས་ཡི་ཐིག་ནས་མེ་ལྕེ་དམར་བོ་རིམ་གྱིས་མཆེད།།)
འདི་དཔའ་བོ་ཐུབ་བསྟན་དངོས་སྒྲུབ་ནས་བརྩིས་ན་དག་དག་འདུག་མོད། དེ་མིན་གོ་ལོག་ཐེབ་པར་ངེས་པས་གཟབ་པར་མཛོད། མདོར་ན། རྒྱ་ནག་གིས་ཏ་ལའི་རུ་ཚོགས་ཀྱིས་བྱུས་འགོད་ཡིན་ཟེར་བ་དེ་ལབ་ཡིན་ལགས། གཞན་བཤད་རྒྱུ་མི་འདུག
རྩོམ་སྙན། ཁ་བྱང་འདིར་དེ་བས་དགའ་པོ་བྱུང་སོང་།ཤ་རུས་གཅིག་པ་ལ་བསམ་ནས། རང་ལུས་ལ་མེ་སྒྲོན། ཚག་སྒྲ་བཅས་འབར་དང་ལྷན། དུ་དྲི་སྣ་ལ་འཕྱུར་དང་ཟུང་། མྱོང་མ་མྱོང་བའི་སྡུག་བསྔལ་དྲག་པོ་དེ། བཟོད་མ་མྱོང་བའི་དུམ་ཁ་ལྕི་མོ་དེ། བྲང་ནས་རྒྱབ། གཡས་ནས་གཡོན། རྐང་མཐིལ་ནས་སྐྲ་རྩེ། མགྲིན་པ་ནས་ཁོག་པ་བར་དུ་ཁྱབ་ནས་ཡོང་ན་ཡང་། ད་དུང་། ཤ་རུས་གཅིག་པ་རྣམས་ལ་ཕྱི་མིག་བལྟ་བཞིན་པའི་རྣམ་ཤེས་དེས། བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་བོས་ནས་སྐུ་ལུས་མེ་ལ་འབར་སྐབས། ཁོང་གི་ལུས་ཐོག་ནས་འབར་བཞིན་པའི་མེ་དེ་ནི་ཁ་བའི་རྒྱལ་ཁབ་འདིར་དགའ་བའི་ཁོང་གི་ཁྲག་དམར་མོ་དེ་ཡིན་པ་དང་།
མེ་ལྕེ་དེ་ཚོས་བསྒྲིལ་ཡོང་བ་ནི་ཆོལ་ཁ་གསུམ་གྱི་མཛའ་མཐུན་ཡིན། ལོ་རྒྱུས་སྟེང་དུ་སྔར་འབྱུང་མྱོང་མེད་པ། སྤུན་ཟླའི་ལུས་པོ་འབར་ནས་ཡང་ནས་ཡང་དུ་རང་གི་རྣམ་ཤེས་ལ་དུ་དྲི་ཁྱབ་པའི་བོད་མི་རིགས་ཀྱི་སེམས་པ་འདི་ད་ལྟ་སྲ་ནས་སྲ་རུ་འགྲོ་བཞིན་ཡོད་པ་དང་། རང་གི་རྣམ་ཤེས་ལ་ཆགས་པའི་དུ་དྲི་དེ་དག་ཀྱང་བོད་རང་དབང་གི་ཆུ་རྒྱུན་བསིལ་མ་ཞིག་མེད་ན་དག་མི་ཐུབ་པའི་ངེས་ཤེས་འཕེལ་བཞིན་འདུག བོད་རང་དབང་མ་ཐོབ་བར་དུ་ང་ཚོ་བོད་པ་རྣམས་ཀྱི་རྣམ་ཤེས་ལ་དུ་དྲི་ཁྱབ་ཡོད།
དུ་དྲི། སྤུན་ཟླའི་སྐུ་ལུས་འབར་བའི་དུ་དྲི། སྤུན་ཟླའི་དོན་ལྔ་སྣོད་གསུམ་འབར་བའི་དུ་དྲི།
ང་ཚོའི་རྣམ་ཤེས་ལ་ཁྱབ་ཡོད།
བརྗེད་ཐབས་མེད་པ་རེད།
བོད་རང་དབང་མ་བྱུང་བའི་སྔོན་དུ་ཤི་ཡང་རྣམ་ཤེས་འདིས་འཁྱེར་ནས་འགྲོ་དགོས་པ་རེད།
མཐུན་སྒྲུལ་ནི་སྟོབས་ཤུགས་ཡིན། ཞེས་པའི་དཔེ་ལྟར། ང་ཚོ་ཚང་མ་ཡིན་ད།