བསྟན་འཛིན་འོད་ཟེར།
ཀ་དག་སྟོང་ཆེན་བསྒོམས་པའི་རི་ཁྲོད་ཀྱི་བྱ་བཏང་།།
ཁ་དོག་དཀར་དམར་རྩོད་པའི་དགོན་དཀྱིལ་གྱི་གྲྭ་ཆུང་།།
ག་ས་ག་རུ་བཞུགས་པའི་རྣམ་དག་གི་ཆོས་པ།།
ང་ཡིས་དད་དང་གུས་པས་ཐལ་མོ་དེ་ལོས་སྦྱར།།
ཅ་ཅོའི་ཁྲམ་གཏམ་སྟོང་གི་ཤོམ་ར་དེ་གླེང་བཞིན།།
ཆ་ལུགས་ཡ་མ་ཟུང་གི་འཁོར་ལོ་དེ་བསྐོར་ནས།།
ཇ་ཆང་འདོད་པས་རང་དོན་སྙིང་དབུས་སུ་འཛིན་རྣམས།།
ཉ་གསོད་གདོལ་བ་རྒན་པོའི་བརྟུལ་ཞུག་ལས་མ་མཐོང་།།
ཏ་ཐ་ག་ཏའི་ཟབ་དོན་ཐུགས་རྒྱུད་ན་མངའ་ཞིང་།།
ཐ་སྙད་ཚིག་གིས་བདེན་གཏམ་གླུ་དབྱངས་སུ་ལེན་བཞིན།།
ད་དང་གནའ་རབས་རིག་པའི་ཤེས་ཡོན་གྱིས་ཕྱུག་པའི།།
ན་ཚོད་རྒན་གཞོན་ཀུན་ལ་གུས་འདུད་དེ་ལོས་ཞུ།།
པ་རི་པི་རིའི་སྐད་རིགས་ར་མ་དང་ལུག་ཞིག །
ཕ་སྐད་གཙང་མའི་སྨྲ་ལྕེ་ཏ་མ་ཏིག་བཤད་ནས།།
བ་མིན་གཡག་མིན་རྟོ་ལེས་ངུར་སྒྲ་དེ་འབྱིན་རྣམས།།
མ་རུང་ལྟས་ངན་སྟོང་གི་སྣ་འདྲེན་དུ་བརྩི་ཆོག །
ཙ་རི་སྨན་ལྗོངས་ཕྱུག་མོའི་མཐོ་སྒང་ན་བཞུགས་དང་།།
ཚ་གྲང་མི་སྙོམས་འཛམ་གླིང་ཤར་ནུབ་ན་རྒྱུ་ཞིང་།།
ཛ་ཧུའི་བུ་མོའི་དཔལ་བཞིན་ཡར་ཐོན་ལ་བརྩོན་རྣམས།།
ཝ་ལེར་ཤེས་བརྗོད་གཙང་མས་བསྟོད་བསྔགས་དེ་ལོས་ཞུ།།
ཞ་ཉེ་དངུལ་ལ་བརྫུས་འདྲའི་རྫུན་གཏམ་གྱི་རི་མོ།།
ཟ་འདོད་ཧམ་པའི་སྨྱུག་རྩེས་གང་འདོད་དུ་འབྲི་བཞིན།།
འ་ཅག་བོད་པའི་ཆོས་སྲིད་ལུགས་ཟུང་ལ་རྒོལ་མཁན།།
ཡ་གི་དཔོན་པོ་ཡིན་ཀྱང་ཁྲེལ་རྒོད་ཅིག་ཤོར་ཀི །
ར་བ་གངས་རིའི་ཡུལ་ན་ལས་དབང་གིས་འཛོམས་ཞིང་།།
ལ་རྒྱའི་ཞེན་ཕུག་གཅིག་ལ་རྡོག་རྩ་དེ་གཏད་ནས།།
ཤ་དང་རུས་རྒྱུད་གཅིག་གི་ལས་དབང་ལ་བསམ་ན།།
ས་མཐོའི་བོད་པ་སང་གི་གཅེས་ཕྲུག་དེ་ལོས་ཡིན།།
ཧ་ལ་བོང་བ་ནག་པོའི་དུག་རྫས་འདྲ་མ་ཡིན།།
ཨ་གར་བཟང་དྲུག་སྨན་གྱི་དྲི་བཟང་འདྲ་མིན་མོད།།
ཧ་ལམ་ཁོག་ལ་ཡོད་པའི་བདེ་སྡུག་གི་ཚོར་འདུ།།
ཨ་རོགས་གྲོགས་པོ་ཡོངས་ལ་ཟོལ་མེད་དུ་གླེངས་སོ།།
ཀ་དག་གདོད་མའི་རང་བཞིན་མ་ཤེས་ཀྱང་།
ཁ་བའི་དགེ་སྐྱོན་གནད་ལ་འཁེལ་བའི་གཏམ།
ག་ས་གང་ནས་བརྩལ་ནས་བསྒྲགས་པའི་མཚང་།
ང་ཚོའི་རྣ་བའི་དགྲ་ར་བསུས་བར་གཅེས།
རྗེས་ཟློས་དྲ་མ་གཅིག་བྱས་འདུག
ཀ་བཤད་ཡག་པོ་བྲིས་འདུག ངས་ཀྱང་གཅིག་སྦྱོང་བར་བྱེད།
ཀ་ཁ་ཏོག་ཙམ་ཤེས་པའི་ཁ་བརྡ་བ།
ག་རེ་མཐོང་ཡང་ཕྲག་དོག་ང་རྒྱལ་ཅན།
ཅ་ཅོ་རྐྱང་རྐྱང་བྲིས་ནས་ཆ་ཤས་རྫོགས།
ཇ་ཆང་ཁོ་ནའི་བརྗོད་གཞི་ཉ་པེ་ཉོ།
ཏ་ལའི་བླ་མའི་མིང་ཤད་ཐ་རེ་ཐོར།
ད་ཆ་ང་ཚོས་རིམ་བཞིན་ན་ཐིག་བརྒྱབ།
པ་ཕའི་རེ་བར་རྒྱབ་གཏད་ཕ་རོལ་བུ།
བ་གླང་ལྟ་བུའི་བསམ་མེད་མ་རབས་ལ།
ཙ་རིའི་སྨྱུག་མའི་ལྕག་ཚན་ཚ་པོ་རེ།
ཛ་ངན་མཆན་པོའི་རྐུབ་ལ་ཝ་ལེར་རྒྱོབ།
ཞ་ཉེའི་སེམས་ལ་སྒྱུར་བ་ཟ་རི་བ།
འ་ཆད་འདི་ལ་ཐུག་པའི་ཡ་མ་ར།
ར་བ་གངས་ཀྱི་སྐོར་བའི་ལ་ལུང་བོད།
ཤ་ལུས་གཅིག་པའི་འོ་འདོད་ས་ལ་འཐོར།
ཧ་ཅང་འུ་ཐུག་ང་ཅག་ཨ་ཐད་ཅན།
ཁ་བརྡའི་གྲོགས་ལ་བསམ་ཤེས་ང་ཡིས་ཕུལ།
འདི་ང་རང་གི་སྤྱོད་པའི་བསྟོད་པ་ཁྱད་པར་འཕགས་བསྟོད་འདི་ཡིན།
ན་མོ་གུ་རུ་མ་ནིས་བདག་ཟུང་ཞིག ལྟོ་གོས་གཏམ་གསུམ་རྟག་ཏུ་འཛོམས་པར་ཤོག
ཁ་བརྡར་ཡོད་དུས་ནག་མཆན་ཤི་མ་ཤི།
དགོན་པ་ཡོད་དུས་རྩོད་ངན་ཤི་མ་ཤི།
གྲོང་ལ་ཡོད་དུས་དཀྲུག་ཤིང་ཤི་མ་ནི།
མཆན་རྩོད་དཀྲུག་ལ་གསོལ་བ་འདེབས།
ཐོས་པའི་སྐབས་ལ་རྣམ་གཡེང་ལ་ཤི་མ་ཤི།
བསམ་པའི་སྐབས་ལ་རྣམ་རྟོག་ཤི་མ་ཤི།
སྒོམ་པའི་སྐབས་ལ་གཉིད་ལ་ཤི་མ་ཤི།
གཡེང་བ་རྣམ་རྟོག་གཉིད་ལ་གསོལ་བ་འདེབས།
གྲོགས་པོ་མིག་ལགས་དང་། མེ་ཏོག་དཀར་པོ། བསམ་ཤེས་རྣམས་ཕེབས་བསུ་་ཞུ།
དགེ་སྐྱོན་དང་རྒོལ་བ་ཇི་རིག་གནང་བར་དགའ་བསུ་ཡོད།
ཀ་ནས་ཨ་ཡི་བར་དུ་ཐེངས་གཅིག་རང་བཀླགས་ཡིན།།
ཁ་ནས་ཅི་ཐོན་ཡི་གེར་བྲིས་བ་འདི་ཡག་བྱུང་།།
ག་ལེར་ག་ལེར་ཡིག་ནོར་གཡག་མགོ་ལས་ཆེ་བ།།
ང་ཡི་མིག་ངན་འདི་ཡིས་མ་ལུས་པར་མཐོང་བྱུང་།།