རྩོམ་པ་པོ་འཇིགས་མེད་དགེ་འདུན།
གཅིག ཁ་བྱང་གི་གོ་དོན་ལ་འཇུག་པ།
དང་པོ་ཁ་བྱང་འདི་གླེང་དགོས། མཐོ་རིམ་སློབ་མ་ཞེས་པ་འདིར་གོ་དོན་གཉིས་ཡོད། དེ་ནི་མཐོ་རིམ་གྱི་རིག་གནས་ལ་སློབ་གཉེར་བྱེད་མཁན་དང་། རིག་གནས་ཀྱི་རྨང་གཞི་གང་ཞིག་དམའ་རིམ་གྱི་སློབ་གཉེར་བ་ལས་ཤེས་ཚད་གང་འཚམ་ཁྱད་འཕགས་ལྡན་མཁན་གྱི་སློབ་གཉེར་བ་ཞེས་པའི་གོ་བ་འདི་གཉིས་རེད། གནས་བབ་ཅེས་པ་ནི། སྤྱིར་བཏང་གི་གོ་བ་ལེན་ཕྱོགས་བྱས་པ་ཡིན་ན། ཡང་ན། བརྗོད་གཞི་འདི་འབྲེལ་གྱི་སྐབས་ཐོབ་གོ་བ་ལེན་སྟངས་བྱས་ན། ཤེས་ཡོན་གྱི་གནས་ཚད་དང་། སྤྱོད་ལམ་གྱི་གནས་སྟངས་ལ་ཐུན་མོང་བའི་ར་བ་ལས་བརྒལ་བའི་ཁྱད་ཆོས་ཅི་ཞིག་ཡོད་པ་དང་། ཅི་ཞིག་ལྡན་དགོས་པ། ཅི་ཞིག་ཡོད་ངེས་ཅན་དུ་བྱེད་པ་བཅས་ཀྱི་ངོས་ལ་བལྟ་རྒྱུ་དེ་རེད།
འགན་འཁྲི་ཟེར་བ་ནི་སྐབས་ཐོབ་འདིའི་དབང་དུ་བྱས་ན། དེ་ལྟའི་སློབ་གཉེར་བ་དང་། དེ་ལྟ་བུའི་རིག་གནས་ཁག་སྦྱོང་མཁན་དེ་ལ། ཁྱད་ཆོས་ཅི་ཞིག་ལྡན་དགོས་པ་སྟེ། ཤེས་ཡོན་ཐད་ཀྱི་ཁྱད་ཆོས། སྤྱོད་ལམ་ཐད་ཀྱི་ཁྱད་ཆོས། ད་དུང་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པའི་བསམ་བློའི་དམིགས་ཕྱོགས་དང་། ད་ལྟའི་གཉན་འཕྲང་གི་དུས་འདིར་ཆབ་སྲིད་རྩ་དོན་སྒྲུབ་པའི་བསམ་བློའི་ངོས་འཛིན་བཅས་གཞིར་བཞག་གི་སྟེང་ནས། ད་གཟོད། འགན་འཁྲི་ག་རེ་ཞིག་ཡོད་མེད་བཙལ་རྒྱུ་དང། དེ་བཙལ་བར་ཡང་དམིགས་ཡུལ་ཅེས་པའི་ངོས་ནས་འཚོལ་དགོས་པ་ཞིག་དང་། དམིགས་ཡུལ་དེ་སྤྱི་ཚོགས་ཀྱི་དགོས་མཁོའི་རྣམ་གྲངས་གང་ཞིག་འགན་ལེན་དང་ཐེག་སྒྲུབ་ཐུབ་མིན་གྱི་ངོས་ནས་འཚོལ་བ་བཅས་སུ་ཞུགས་པ་ཡིན་ན། བརྗོད་གཞི་འདི་ཁ་གསལ་ཞིག་གླེང་ཐུབ་རྒྱུ་རེད།
གཉིས། མཐོ་རིམ་སློབ་མ་ངོས་འཛིན་དང་གནས་བབ།
བོད་ཀྱི་མཐོ་རིམ་རིག་གནས་སྦྱོང་མཁན་གྱི་སློབ་གཉེར་བ་ཞིག་ཡིན་ན། བོད་ཀྱི་ཆོས་དང་རིག་གཞུང་གི་རྨང་གཞི་ངེས་ཅན་ཞིག་ཡོད་དགོས། དེ་ཡང་ཆེས་དམའ་རིམ་ནས་བཤད་ན། བོད་ཡིག་རང་མགོ་ཐོན་ངེས་ཅན་གྱི་ཤེས་ཡོན་ལྡན་པ་ཞིག་ཡིན་དགོས། ཡང་། བོད་པ་མཐོ་རིམ་སློབ་གཉེར་བ་ཞེས་པ་ནི་གནས་སྟངས་གཞན་ཞིག་ཡིན། དེ་ནི་ཤ་ཁྲག་རུས་གསུམ་བོད་པར་གཏོགས་པ་ལས། ཁོའི་སྦྱང་གཞིའི་ཁྱབ་ཁོངས་ནི་བོད་ཀྱི་ཆོས་དང་རིག་གཞུང་ཡིན་པའི་ངེས་པ་མེད་པ་ཡིན། དེས་ན། བོད་ཀྱི་མཐོ་རིམ་སློབ་མ་ལ་རིགས་གཉིས་ཏེ། བོད་ཀྱི་མཐོ་རིམ་རིག་གནས་གཙོ་བོའི་སྦྱང་གཞིར་འཛིན་པའི་སློབ་གཉེར་བ་དང་། བོད་རིགས་ཡིན་པ་ལས་སྦྱང་གཞི་དེ་བོད་ཀྱི་རིག་གནས་མ་ཡིན་པའི་རིགས་གཉིས་ཡོད། དང་པོ་ནི། ས་རཱ་མཐོ་སློབ་དང་། ཝ་ན་མཐོ་སློབ། ནོར་གླིང་མཐོ་སློབ། ཀི་རྟི་མཐོ་སློབ་ལྟ་བུ་དང་། གཉིས་པ་ནི། རྡི་ལི་གཙུག་ལག་ཁང་གི་བོད་རིགས་མཐོ་སློབ་པ། ཧ་ཝ་ཡུར་མཐོ་སློབ་ཀྱི་བོད་རིགས་མཐོ་སློབ་པ་ལྟ་བུ་ཡིན། དབྱེ་བ་དེ་གཉིས་ནི་བསླབ་གཞིའི་སྟེང་ནས་དགར་བའི་དབྱེ་བ་གཉིས་ཆགས་ཡོད།
མཐོ་རིམ་སློབ་མའི་གནས་བབ་ནི། འཚོ་བ་དང་སྡོད་ཁང་། སློབ་དེབ། ཁོར་ཡུག་བཅས་ལ་བལྟ་རྒྱུ་ཞིག་མིན་པར། དེ་ནི། ཤེས་ཡོན་གནས་ཚད་ཅིག་གི་སྟེང་ནས་བལྟ་དགོས་པ་ཡིན་སྟབས། ང་ཚོས་བོད་ཀྱི་མཐོ་རིམ་སློབ་མའི་གནས་སྟངས་ལས་བཙན་བྱོལ་བོད་ཀྱི་མཐོ་རིམ་སློབ་མའི་གནས་བབ་ལ་བལྟས་པ་ཡིན་ན། ཐད་ཀ་ཐད་སོའི་མཐོང་སྣེ་ནས་འཇུས་པ་ཡིན་ན། ད་ལྟ་ང་ཚོས་སློབ་གྲྭ་ཁག་ན་བོད་ཀྱི་སྐད་ཡིག་ལ་དོ་སྣང་མེད་པའི་གནས་སྟངས་འདིའི་རྒྱུ་རྐྱེན་ཁ་ཤས་བགྲངས་ཀྱི་ཡོད་པའི་ནང་གི་རྒྱུ་རྐྱེན་བྱེ་བྲག་པ་གཅིག་ལ། བོད་ཡིག་དགེ་རྒན་ཚད་ལྡན་མེད་པའི་སྡུག་གཏམ་དང་གནས་སྟངས་ཤིག་བགྲངས་ཀྱི་ཡོད་པ་འདི་སྣེ་གཅིག་རེད། སྣེ་འདི་ནས་དེད་པ་ཡིན་ན། ང་ཚོའི་མཐོ་རིམ་སློབ་མ་ཟེར་བ་དང་། ཡང་ན་མཐོ་རིམ་སློབ་མཐར་ཕྱིན་པའི་སློབ་མའི་ཤེས་ཡོན་གནས་ཚད་དང་། བོད་ཀྱི་རིག་གནས་ཡར་སྤེལ་དང་སྲུང་སྐྱོབ་ཀྱི་དགོས་མཁོ་གཉིས་ནི། ས་ཁོད་ལོགས་ཀ་གཉིས་ཆགས་ཡོད།
ཡང་། རིག་གནས་གཞན་སྦྱོང་མཁན་གྱི་མཐོ་སློབ་དང་མཐོ་སློབ་པ་ཚོར་མཚོན་ནའང་། འདིས་འདི་སྦྱངས་ནས་དགོས་མཁོ་འདི་སྒྲུབ་སྟེ། བྱས་རྗེས་འདི་བཞག་ཡོད་པ་རེད་ཟེར་ནས་མཛུབ་མོ་འཛུགས་ས་མང་པོ་མེད། ཉུང་ངུ་དེ་ཡང་ཤིག་བཙལ་བཙལ་མ་བྱས་ན་མི་རྙེད་པའི་ཚོད་ཡིན། མི་ལོ་ལྔ་བཅུའི་བཙན་བྱོལ་བོད་ཀྱི་མཐོ་རིམ་སློབ་མའི་གནས་སྟངས་ནི་ཕལ་ཆེར་འདི་འདྲ་ཞིག་རེད། སློབ་གྲྭའི་ར་སྐོར་ཁོ་ན་ལ་བལྟས་ན་མཐོང་སྣེ་འདི་འདྲ་ཞིག་ནས་འགག་འགྲོ།
རེ་བ་དང་ཡིད་ཆེས། སྟོབས་ཤུགས་ཀྱི་སྣེ་གཞན་ཞིག་ཡོད་པ་ནི། དགོན་སྡེའི་ཤེས་ཡོན་པ་ཚོ་ཡིན། གནའ་ནས་ད་བར། ཁ་སང་ནས་དེ་རིང་བར། དགོན་པའི་ནང་གི་སློབ་གཉེར་བ་དང་དེའི་ནང་གིའང་འཛིན་རིམ་མཐོ་གྲས་དག མཁན་པོ་དང་སློབ་དཔོོན། དགེ་བཤེས་ཐོན་པ་རྣམས་ནི། བརྗོད་གཞི་འདིའི་ཁ་བྱང་གི་གོ་དོན་དེ་འབྱོར་ཤོས་ཀྱི་ཤེས་ཡོན་པའི་སྡེ་ཞིག་ཆགས་ཡོད། ངས་བལྟས་ན། ང་ཚོས་བོད་ཀྱི་མཐོ་རིམ་སློབ་མ་ཞེས་པའི་སྤྱི་ཚོགས་ཤིག་འཚོལ་དགོས་ནའང་འདྲ། མི་བུ་སྒེར་བ་ཞིག་འཚོལ་དགོས་ནའང་འདྲ། མཛུབ་མོ་འཛུགས་ས་བརྟན་ཤོས་དང་རང་ཉིད་ཀྱི་ཚོས་གཞི་དང་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་དགོན་སྡེའི་ཤེས་ཡོན་པ་ཚོ་རེད།
གསུམ། བསམ་བློའི་འགན་འཁྲི།
ཚད་མཐོ་ས་ནས་བལྟས་པ་ཡིན་ན། མཐོ་རིམ་སློབ་མའི་བསམ་བློ་ནི་སྤྱིར་བཏང་གི་ཤེས་ཡོན་པ་ལས་དམིགས་བསལ་གྱི་ཁྱད་ཆོས་ཅན་ཞིག་ཡིན་དགོས། དེས་ན་ཁོས་སྤྱི་ཚོགས་ལ་ལྟ་སྟངས་དང་། དགོས་མཁོའི་ངོས་ལ་ལྟ་སྟངས། འགན་ལེན་གྱི་བསམ་བློ། ཐེག་སྒྲུབ་ཀྱི་ནུས་པ་གང་ཅི་སྤྱི་ཚོགས་ཀྱི་སྒུལ་ཤུགས་སུ་འགྲོ་བའི་ནུས་པ་དང་ལྡན་པ་ཞིག་ཡིན་དགོས། སྔོན་གྱི་དུས་ན། འབྲོམ་སྟོན་པ་དང་། མར་བ་ཆོས་ཀྱི་བློ་གྲོས་སོགས་སྐྱ་བོའི་མཁས་པ་གངས་ཅན་མཁས་པའི་གཙུག་ཏུ་ཕེབས་པ་མང་དུ་བྱོན་མྱོང་བ་ནི་ལོ་རྒྱུས་རེད། འདས་ཟིན་པ་དེའི་འཕྲོ་ན། ང་ཚོར་གྲངས་ཀྱི་རྩིས་སུ་སླེབས་པ་ག་ཚད་བྱུང་མྱོང་བ་སོགས་ལ་བསམ་ན། ད་ཆའི་ང་ཚོས་བསམ་བློའི་འགན་འཁྲི་ཞིག་གླེང་ཡུལ་ན་བསྡད་མེད་ནའང་། ད་ཆ་ལ་དཔག་པས་བསམ་བློའི་སྨིན་ཚད་དང་འགན་འཁྲི་ཞིག་ཡོད་དགོས་པ་དང་ཡོད་ཀྱང་ཡོད་པ་དེ་བཤད་ན། ད་ལྟའི་ང་ཚོས། ཆོས་དང་རིག་གནས་ངོ་འཕྲོད་དགོས་པ་དེ་སྔོན་ལས་ཀྱང་གལ་གནད་ཅན་ཆགས་ཡོད། གང་ལ་ཟེར་ན། ད་ལྟའི་ང་ཚོ་ནི་གཉན་འཕྲང་གི་གཡང་ཁ་ཞིག་ན་ཡོད། རིག་གཞུང་ཉམས་རྒུད། ཁོར་ཡུག་ཉམས་རྒུད། ཡུལ་སྲོལ་གོམས་གཤིས་ཉམས་རྒུད། སྐད་ཡིག་ཉམས་རྒུད་སོགས་རྒུད་ཀྱིན་པའི་མུ་ན་ཡོད་པའི་གནས་སྟངས་འདི་ས་ངོ་ཆུ་ངོ་འཕྲོད་དགོས་པ་ཞིག་གི་སྟེང་ནས། ད་གཟོད་འབད་བརྩོན། གདོང་ལེན་ཟེར་བ་སོགས་ཀྱི་ཚོར་བ་ཞིག་སླེབས་དགོས། ཡིན་ནའང་། བཙན་བྱོལ་བོད་ཀྱི་མཐོ་རིམ་སློབ་མའི་མང་ཆེ་བ་ནི། བོད་ཀྱི་ཆོས་དང་རིག་གཞུང་གི་ཞག་རྩི་དང་སྣུམ་གྱི་ཉེ་ས་ཞིག་ན་མེད། རིག་གནས་གཞན་གྱི་ཞག་རྩི་དང་སྣུམ་གྱི་ཉེ་ས་ཞིག་ནའང་མེད། འདི་མེད་སོང་བས། ད་གཟོད་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པས། འཐུས་ཤོར་གྱི་གནས་བབ་ཅིག་ཆགས་ཡོད་པའི་བཀའ་སློབ་ཐེངས་མང་ཕེབས་པ་བྱུང་ཡོད། གྲངས་འབོར་ཐད་ཀྱི་འཕེལ་རྒྱས་དེ་ཚད་གཞིའི་ཐད་ཀྱི་འཐུས་ཤོར་ཞིག་ཆགས་སྣེ་འདི་ངོས་ལེན་མ་བྱས་རང་བྱས་རེད།
ང་ཚོས་མཐོ་རིམ་སློབ་མའི་བསམ་བློ་དང་འགན་འཁྲི་ཟེར་བ་ཞིག་གླེང་རྒྱུ་ཡིན་ན། ད་ལྟ་བར་གྱི་དུས་ཚོད་ནང་ང་ཚོས་འཐུས་ཤོར་གང་བཏང་བ་དང། འཐུས་སོར་དེའི་རྗེས་འབྲེལ་དུ་སྐྱོན་གནད་གང་ཞིག་བྱུང་བའི་སྐོར་དེ་ཕྱོགས་བསྡོམས་ཡག་པོ་ཞིག་བྱས། དེ་ནས་ད་གཟོད་སླད་ན་འཐུས་ཤོར་མི་འགྲོ་བའི་ལམ་བུ་ཞིག་དང་གོམ་པ་སྤོ་སྟངས་ཤིག་བཟོས་པ་ཡིན་ན། ད་གཟོད། གཉན་འཕྲང་གི་དུས་འདིའི་མཐོ་རིམ་སློབ་མ་དག་གིས་སྤྱི་ཚོགས་ཀྱི་དགོས་མཁོ་སྒྲུབ་ཕྱོགས་དང་། རྩ་དོན་འཐབ་རྩོད་ཀྱི་འགན་ལེན་ཞུ་སྒོ་ཞིག་གསལ་པོ་ཆགས་ནས། གོམ་པ་སྤོ་སྟངས་དང་ལམ་ཁ་གསར་པ་ཞིག་རྙེད་རྒྱུ་རེད་འདོད། དེ་མིན། ད་ཡོད་ཀྱི་གནས་བབ་འདི་དང་། ད་ཡོད་ཀྱི་བསམ་བློ་འདིའི་སྟེང་ནས་འགན་འཁྲི་ཞིག་གླེང་ཆོག་རྒྱུ་ཡང་། འགན་འཁྲི་དེ་ལྗིད་དྲག འགན་ལེན་པ་དེ་ཆུང་དྲགས་ནས་གླེང་གླེང་བའི་འདུས་མདོ་ཞིག་རྙེད་དཀའ་མོ་རེད།
ད་མདོར་ན། དགོན་སྡེའི་སློབ་གཉེར་བ་དང་དགོན་སྡེའི་མཁས་པ། དགོན་སྡེའི་ཤེས་ཡོན་པ་ཚོ་ནི་ང་ཚོའི་སྟོབས་ཤུགས་ཆ་ཚང་གི་འབྱུང་ཁུངས་ཡིན། སྲིད་ན་དཀོན་པའི་བོད་ཀྱི་ཁྱད་ནོར་ཡིན་པས་ན། སློབ་གྲྭ་ཁག་གི་མཐོ་རིམ་སློབ་མ་ཚོས་ཀྱང་ཁོང་ཚོར་མིག་དཔེ་ཡར་བལྟ་རེ་བྱས་པ་ཡིན་ན། ང་ཚོའི་མཐོ་རིམ་སློབ་མ་ཟེར་བ་དེ་ཡང་ཚད་གཞི་ངེས་ཅན་ཞིག་གི་སྟེང་ནས་རིན་ཐང་ཅན་གྱི་སྡེ་ཞིག་ཆགས་རྒྱུ་རེད་འདོད། གནས་སྟངས་ཀྱི་ཉེ་སར་བཅར་ཏེ། དྲང་གཏམ་གྱི་ཐད་སོ་ནས་ཞུས་ན་འདི་འདྲ་རེད།
ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༧ ཉིན་ཕུལ།
གསལ་བཤད།
རྩོམ་ཡིག་འདི་ནི། ནོར་གླིང་མཐོ་སློབ་ཀྱི་སློབ་ཀ་ཁག་ཅིག་གིས་འཆར་ཅན་གྱི་རེས་གཟའ་གཟའ་ཉི་མའི་ཉིན༼གསའ་ཉི་མའི་གླེང་མོལ༽ཞེས་པ་ཞིག་ཚུགས་མུས་ལ། དེ་རིང་དྲ་བོད་ཀྱི་དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས་༼ཁྲོ་གཏུམ་གྱི་ཡུར་ཆུ༽ཞེས་པའི་ནང་དྲ་སྟེང་གི་བགྲོ་གླེང་སྐབས་ཆེད་འགྲེམས་གནང་བའི་ཆེད་རྩོམ་ཞིག་ཡིན། གླེང་མོལ་འདི་འབྲེལ་གྱི་གནས་ཚུལ་དག་དྲ་སྦྲེལ་ཁ་བྱང་ http://www.tibettimes.net/blogs.php?id=486&post_id=20687 འདི་རུ་ཡོད་པ་ནས་མཁྱེན་རྟོགས་ཡོང་བ་ཞུ།
ཆེད་རྩོམ་མཁོ་འདོན་པ་ཁྲོ་གཏུམ་གྱིས།