རྩོམ་པ་པོ་བཙན་མེ་སྟག (ས་རཱ་མཐོ་སློབ)
གླེང་བརྗོད་ཐུང་ངུ་།
འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་རྟོག་དང་ད་ལྟའི་གནས་བབས་ལ་རྐང་བཙུགས་ནས་སྐད་ཆ་ངོ་མ་ཞིག་བཤད་ན། ང་ཚོའི་བོད་མི་རིགས་འདི་ཤེས་ཡོན་ལ་དགའ་ཞིང་དགའ་ལ། དུང་ཞིང་དུང་བ་ཟབ་པའི་མི་རིགས་ཤིག་གཏན་(ལྟོས་འཇོག་གི་བཤད་ན)ནས་མིན། རང་རློམ་ཅན་ཁ་ཅིག་གིས་མི་རིགས་ལ་བརྩེ་ཞིང་བརྩེ་བའི་དབང་གིས་ར་བཟིའི་འུར་སྒྲ་དང་འགྲོགས་ནས་ང་ལ་ཁྲེལ་དགོད་རྒྱག་སྲིད་མོད། རང་སེམས་ལ་ངལ་བ་བསྟེན་པ་ཙམ་ལས་བསམ་བློ་བ་རྣལ་མ་ཞིག་གི་བྱེད་ལས་མིན། འཛམ་གླིང་གི་མཐོ་རིམ་སློབ་མའི་གནས་བབས་ལ་ཞིབ་བསྡུར་དང་འགྲན་རྩོད་ཅིག་བྱ་འདོད་ཀྱང་དངོས་ཡོད་ཀྱི་གནས་བབས་དེ་ལ་བསམས་ཤིང་བསམ་ན། ཉི་མའི་འགྲན་ཟླར་སྲིན་འབུ་མེ་ཁྱེར་བཞག་པ་དང་ཆེས་མཚུངས་པས་འོ་སྐོལ་གྱི་ཡིད་མུག་པའི་སྐྱོ་གར་འདི་ལ་ལར་ནས་དྲན་གསོ་བྱ་བའི་འདུན་པ་མ་སྐྱེས།
ཤེས་རྨོངས་ཀྱི་གྲོག་རོང་ན་ཁ་ཁུ་སིམ་པོར་གནས་ཤིང་འཚོ་བའི་བོད་མི་རིགས་འདི་ཡས་སྣེ་ནས་མས་སྣེ་ལ་ཐུག་གི་བར། གོད་ཆག་གི་རིམ་པ་མང་བོ་བརྒྱུད་དེ་འོང་བ་ནི་འཛམ་གླིང་སྤྱི་འགྲོས་དང་མཐུན་པ་ཙམ་ལས། ཤེས་རིག་གི་འཕེལ་རིམ་གྱི་ངོས་ནས་གླེང་དགོས་ན་བོད་པ་ཞེས་པའི་བརྡ་ཆད་ཙམ་ཡང་དེའི་ཁོར་ར་ཁོར་ཡུག་གི་ཉེ་འདབས་ལའང་བསླེབ་ས་ཡོད་མེད་དཔྱད་གཟོད་མི་ཐུག རང་ཉིད་འཚོ་སའི་གོད་ཁ་ནས་རང་སྣང་སྐྱིད་པའི་སྐད་ཆ་རེ་བསྙད་ན་མི་འཐུས་པ་ཆེར་མེད་མོད། གཏན་ཚིགས་དང་གནས་ལུགས་ཀྱི་རྒྱབ་ལྗོངས་ན་ཨ་འཐས་ཀྱི་རིང་ལུགས་འགྲོ་ས་མེད་པས་ཡིད་གཟབ་བྱ།
མཐོ་རིམ་སློབ་མའི་གནས་བབ།
བོད་ཕྱི་ནང་གཉིས་ཀ་ན་མཐོ་རིམ་སློབ་གྲྭའམ་རིག་གནས་རབ་འབྱམས་པ་ཞེས་པའི་མིང་བྱང་བརྗིད་པོ་དེའི་ཐུ་འོག་ན་འཚོ་བའི་མི་བུ་ཧ་ཅང་ཉུང་ཉུང་མིན་པ་བདེན་མོད། འུར་བརྗོད་སྤངས་ནས་དོན་དམ་དུ་སྨྲས་ན་བོད་ཕྱི་ནང་གི་སློབ་ཆེན་པ་སུ་ཞིག་ཡིན་རུང་ཚད་གཞི་ལྡན་ཞིང་རང་རྐྱ་འཕེར་བའི་སློབ་ཆེན་པ་ཞིག་ཧ་ཅང་དཀོན་ཚོད་རེད། དེ་ནི་རིག་གནས་དང་སློབ་གསོའི་རྒྱབ་ལྗོངས་གཅིག་ལ་ལག་ལེན་དང་འདུ་ཤེས་ཀྱི་ཁ་ཕྱོགས་མཚུངས་པས་ཡིན་པར་འདོད། རྣམ་དཔྱོད་ཀྱི་ཤེས་རབ་བཟང་བོ་ཨོང་ཕྱིས་བཞིན་དོར་ཏེ་ཐོལ་བྱུང་གི་ཚོར་བ་རྩིང་པོ་གསེར་དངུལ་བཞིན་དང་དུ་ལེན་པའི་བླུན་རྨོངས་ཚོས་འུར་བརྗོད་ལྟར་ན། གཞིས་བྱེས་གཉིས་ཀྱི་སློབ་ཆེན་པ་ཚོ་གཏན་ནས་མི་འདྲ་བར་གཅིག་ཤོས་(གཞིས་ཀྱི་སློབ་ཆེན་པ)སྣ་མང་ཤེས་ཡོན་གྱིས་ཕྱུག་པའི་ཡོན་ཏན་པ་རྐྱང་དང་། གཞན་ནི་(བྱེས་ཀྱི་སློབ་ཆེན་པ)དེ་ལས་ལྡོག་སྟེ་གང་ཡང་མི་ཤེས་ལ་ཅི་ཡང་མི་འཇོན་པའི་ནར་མ་སོན་པའི་བྱིས་པ་ཞིག་དང་འདྲ་བར་བརྗོད་ཀྱིན་འདུག དེ་ནི་དགོས་མེད་ཀྱི་ལ་རྒྱ་འཛིན་པར་མོས་པའི་ཕྱོགས་ཞེན་གྱི་ཚོར་བ་ཙམ་ལས་མ་འདས་པར་སེམས། བདག་གིས་བསམས་ན་གཞིས་བྱེས་གཉིས་ཀྱི་སློབ་ཆེན་པ་ཚོ་བསམ་བློའི་རྒྱ་ཁྱོན་དང་ཤེས་ཡོན་གྱི་ལྗིད་ཚད་གང་གི་ཆ་ནས་ཀྱང་འདྲ་མཚུངས་ཡིན་པ་ལས་ཁྱི་སྐྱག་ནང་ན་ཡག་བཙོག་(ཕལ་ཆེ་བ) མེད་ཅེས་བཤད་ན་འགལ་ཆ་ཆེར་མེད་སྙམ། བསམ་ཚུལ་འདི་ནི་རང་ཉིད་ལ་མྱོང་བ་ཅུང་ཡོད་པའི་དྲང་ཐད་ནས་འགྲེང་སྟེ་དངོས་ཡོད་ལ་གཞོལ་བའི་བདེན་གཏམ་ཞིག་ཡིན་པ་ལས། རང་ཉིད་བྱེས་ཀྱི་སློབ་ཆེན་པའི་མིང་འོག་ལ་ཐེ་བའི་སློབ་མ་ཞིག་ཡིན་པས་ཆ་ནས། གཞན་ལ་ཕྲག་དོག་དང་རང་ངོ་རང་གིས་མ་ཟིན་པར་བྱུང་རྒྱལ་དུ་སྨྲས་པ་ག་ལ་ཡིན་ཏེ། གཏན་ནས་མིན། དེ་ལྟར་ཡིན་པའི་དབང་དུ་བཏང་ན་ཁྱེད་ཚོས་ང་ལ་བྱབ་ཆུང་གི་ལས་ཀ་དང་ཅོལ་ཆུང་གི་བསམ་བློ་ཞེས་དམོད་མོ་བོར་ཡང་ཆོག་མོད། འདི་ནི་བདེན་པ་དང་བདེན་པ་བརྡར་ནས་བཤད་པའི་སྐད་ཆ་དྭངས་གཙང་ཞིག་ཡིན་ཙ་ན། ཁྱེད་ཚོ་ལ་དམོད་མོ་བོར་བའི་གོ་སྐབས་གཞར་ཡང་ཡོད་པ་མིན། ཁྱེད་ཚོས་བཤད་པ་ལྟར་གཞིས་ཀྱི་སློབ་ཆེན་པ་ཚོ་སྣ་མང་ཤེས་བྱ་ལ་མཁས་པའི་སློབ་མ་ཚད་ལྡན་ཏག་ཏག་ཡིན་ན། ང་ཚོའི་མི་རིགས་འདི་ལ་མཁོ་ཞིང་མཁོ་བའི་དུས་རབས་ཀྱི་ཐོན་རྫས་ཤིག་ཏུ་བགྲང་ཆོག་མོད། ད་དུང་འུར་བརྗོད་ཀྱི་མཆོང་ལྡིང་བྱེད་པ་ལས་བསམ་གཞིག་གི་མལ་སར་ལོག་ན་ལེགས་པར་སྙམ། ང་སློབ་ཆེན་པ་ཡིན། ང་རིག་གནས་རབ་འབྱམས་པ་ཡིན་ཞེས་ཁ་ཤོམ་དང་རྫིག་པོ་ཅི་ཙམ་བཤད་ཀྱང་དོན་དངོས་ལག་ལེན་གྱི་ཐོག་ནས་སྙན་ཞུ་ཚད་ལྡན་ཞིག་ཀྱང་འབྲི་ཤེས་ཀྱི་མེད། རང་ཉིད་ངོ་སྤྲོད་ཀྱི་ཡི་གེ་ཞིག་བྲིས་ནའང་ཚིག་སྐྱོན་དང་དོན་སྐྱོན་ཕར་ཞོག ད་དུང་ཡིག་ནོར་གཡག་རྒན་འདྲ་རེ་བྲིས་ཏེ་འདི་ངས་བྲིས་པ་(ང་ཚོའི་སློབ་གྲྭའི་ནང་གི་བརྒྱ་ཆ་ལྔ་བཅུ་འདི་རང་ཡིན)ཡིན་ཞེས་ངོམ་སོ་བྱེད་བཞིན་འདུག ཤེས་ཡོན་སྦྱོང་སྟངས་ཀྱི་ཆ་ནས་རང་ཉིད་ལ་འགན་འཁྲི་དང་དམིགས་ཡུལ་ཡོད་པའི་ཐོག་ནས། ནམ་རྒྱུན་དེབ་སྣ་ཀློག་པ་དང་བརྟུན་པ་ཆེན་པོའི་སྒོ་ནས་སློབ་སྦྱོང་གང་ལ་འཇུག་བཞིན་པའི་སློབ་མ་དངོས་གནས་དཀོན་པོ་རེད། ཡིག་ཚད་བསླེབ་ལ་ཉེ་བའི་སྐབས་སུ་དོན་གཉེར་ཆེ་མདོག་དང་བརྩོན་པ་ཡོད་མདོག་གི་ཟློས་གར་འཁྲབ་མཁན་ཕྲན་གྱི་མིག་གི་སྤྱོད་ཡུལ་ནའང་མང་བོ་ཡོད། ཁྱུ་ཚོགས་དེའི་བྱ་སྤྱོད་དང་རྣམ་འགྱུར་ལས་སློབ་སྦྱོང་ཡག་ཤོས་དང་ཀུན་སྤྱོད་བཟང་ཤོས་ཀྱི་ཆོ་ལོ་སྦྱོར་བཞིན་བསྟོད་པའི་མཐེ་བོང་སྒྲེང་གིན་ཡོད། དེ་ནི་ངེས་པ་དོན་གྱི་བསྟོད་བསྔགས་ཤིག་ཏུ་རློམ་ཡང་སྲིད་མོད། དྲང་མོར་བཤད་ན་དགེ་རྒན་དང་ལས་སྣེ་བ་ཚོར་གཅམ་ཚིག་དང་སྤྲེལ་ལད་འཁྲབ་པའི་ཉེར་ལེན་ལས་བྱུང་བ་ཤ་སྟག་ཡིན། སྐྱུག་མེར་ལངས་པའི་གནས་ཚུལ་དེ་མི་བཤད་བསམས་ཀྱང་འགན་འཁྲི་ཞིག་གིས་དེད་ནས་ཡོང་གིན་འདུག རང་ཉིད་ལ་མྱོང་བ་ཡོད་པའི་དཔེ་མཚོན་ཞིག་གིས་གཞན་ལ་རིགས་བསྒྲེ་སྦྱར་ན་ཅི་ལྟོ་སྙམ།
འོ་ན། བདེན་པ་སྐྱོང་བའི་གཟུར་གནས་ཀྱི་བསམ་བློ་དང་ལྡན་པ། ཡིན་མིན་ཁྲུན་ཐག་གཅོད་པའི་རྣམ་དཔྱོད་ཀྱི་བློ་གྲོས་དང་ལྡན་པ། མིག་རྒྱང་རིང་ལ་དོན་གཉེར་ཆེ་བའི་ཕུགས་བསམ་དང་ལྡན་པ། རང་ཉིད་ཀྱི་སློབ་དཔོན་དང་ཡོན་ཏན་ཅན་ལ་གུས་(ཕྱིའི་འཁྲབ་སྟོན་ཙམ་ལ་གོ་ན་ནོར་བ་ཡིན)བརྩི་དང་ལྡན་པ། རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་མི་འབྲངས་པར་ཤེས་ཡོན་པ་དང་དགེ་རྒན་གྱིས་(མི་ཤེས་ཤེས་ཁུལ་བྱེད་ཅིང་སྐྱུག་མེར་ལངས་པའི་དགེ་རྒན་དང་ཡོན་ཏན་པའི་མིང་འཛིན་པ་ཚོ་ཕུད)སྐད་ཆ་ལ་ཡིད་གཏད་ནས་ཉན་ཐུབ་ཀྱང་གོ་བ་ལོན་པ། ཞིབ་ཚགས་ཤིང་གོ་རིམ་ལྡན་པའི་རྩོམ་ཡིག་ཤར་མར་དུ་འབྲི་ཐུབ་པ་སོགས་ཁྱད་ཆོས་དུ་མ་དང་ལྡན་པའི་སློབ་ཆེན་པ་ཞིག་ང་ཚོར་ཅིའི་ཕྱིར་མེད་སོང་བ་རེད། གང་ཞིག་ལན་སོང་བ་རེད། ང་ཚོས་ཅི་ཙམ་སྨྲས་ཀྱང་དོན་གྱི་འབབ་ས་འདི་ལས་འགོངས་མེད། ང་ཚོའི་བོད་ཀྱི་མཐོ་རིམ་སློབ་མའི་གནས་བབས་ངོ་མ་བོའང་འདི་རང་རེད། ང་ཚོས་ཤེས་བཞིན་དང་ཤེས་བཞིན་མ་ཡིན་པའི་ད་ལྟ་ལ་ཐུག་གི་བར་དུ་ཕྱོགས་བཞི་མཚམས་བརྒྱད་ལ་བསྒྲགས་པའི་སློབ་མ་ཚོའི་གདོང་རིས་ངོ་མ་བོའང་འདི་ཉིད་ཁོ་ན་ལས་བརྒལ་མེད། སྤྱིར་བཏང་སློབ་གྲྭ་ཞེས་པ་འདི་འཛིན་སྐྱོང་དང་དགེ་རྒན། སློབ་མ་གསུམ་གྱིས་གྲུབ་པའི་ཁོར་ཡུག་ཅིག་ཡིན་ཙ་ན། གཅིག་ལ་གཅིག་བརྟེན་གྱིས་ཚུལ་དུ་གྲུབ་པས་རྟེན་འབྲེལ་གྱི་ཁོངས་སུ་གཏོགས་པ་ཡིན། གོང་དུ་སློབ་མ་རང་སྟེང་གི་གནས་བབས་གསལ་རྗེན་དུ་བཤད་ཟིན་ནས། ད་དུང་འཛིན་སྐྱོང་དང་དགེ་རྒན་གྱིས་བྱེད་ལས་དང་འདུ་ཤེས་ལས་མཐོ་རིམ་སློབ་མའི་གནས་བབས་གཞན་ཞིག་གསལ་འདོན་བྱེད་ཀྱི་ཡོད། དང་བོ། དེང་སང་འཛིན་སྐྱོང་གི་ལས་སྣེ་བ་ཚོ་སྒྲིག་ཁྲིམས་དང་སྡོམ་གཅུན་ལ་དགའ་བ་ལས་སློབ་མ་ཚོའི་ཤེས་ཡོན་མཐོར་འདེགས་དང་དངོས་ཡོད་ཀྱི་དགོས་མཁོའི་ཐད་ལ་ལས་སྣེ་བ་ཚོས་བསམ་གཞིག་ཅི་ཙམ་གཏོང་གི་ཡོད། མཐོ་རིམ་སློབ་གྲྭ་ནི་ཤེས་ཡོན་པ་སྐྱེད་སྲིང་བྱེད་པའི་ཁོར་ཡུག་ཅིག་ཡིན་པ་ལས་ཡིག་རྨོངས་སེལ་བྱེད་ཀྱི་ཁོར་ཡུག་ཅིག་ཏུ་བསྒྱུར་ན་ག་ལ་ཆོག གནད་དོན་འདི་ལ་མནོ་བསམ་བཏང་མྱོང་བའི་འཛིན་སྐྱོང་གི་ལས་སྣེ་བ་ག་ཚོད་ཡོད། རྨི་ལམ་ཚུན་ཚད་ལའང་སྦགས་བཙོག་གི་དྲི་མས་ཁྱབ་པའི་ཀླད་པའི་ནང་ལ་འཁོར་མྱོང་ཡོད་མེད་ཕྲན་དོགས་གནས་སུ་འཁུམས། འདི་ལྟར་བརྟག་ཅིང་དཔྱད་དེ་ཡོང་ན་གོང་གི་ཡ་ང་བའི་གནས་བབས་དེ། ཤེས་ཡོན་གྱི་འགན་ཁུར་བྲལ་ཞིང་མི་རིགས་ཀྱི་ལར་ཞེན་མེད་པ། རྒྱུ་འབྲས་ཀྱི་བློ་མིག་ལྡོངས་ཤིང་བསམ་གཞིག་གི་རྒྱ་ཁྱོན་དབེན་པ། སྨྲ་བ་མང་ལ་སྒྲུབ་པ་ཉུང་བའི་ལས་སྣེ་བ་ཚོས་རང་ཉིད་ཀྱི་སྙན་གྲགས་དང་གོ་གནས། རང་ཉིད་ཀྱི་ཁེ་ཕན་དང་ཧམ་སེམས་ཁོ་ན་ལས་བྱུང་བའི་འབྲས་བུ་ཡིན་པར་སེམས། གཉིས་པ། སྤྱིར་བཏང་ཤེས་ཡོན་ཡར་རྒྱས་ལ་མཐའ་མེད་པས་རང་ཉིད་ཀྱི་ཤེས་ཚད་དང་རང་ཉིད་ཀྱིས་གང་ཁྲིད་པར་བྱ་བའི་སློབ་ཚན་ལ་གྲ་སྒྲིག་དང་འཆར་འགོད། སློབ་མའི་ཡིད་སེམས་དབང་མེད་དུ་འཕྲོག་པ་དང་མུ་ནས་སློབ་སྦྱོང་ལ་མོས་པ་བསྐྱེད་པའི་ཤེས་ཚད་དང་སྨྲ་ལྕེ་ལ་སྦྱོང་བརྡར། འདས་ཟིན་པའི་སློབ་ཁྲིད་ལ་ནོངས་འགྱོད་དང་འཆར་ལ་ཉེ་བའི་མ་འོངས་པར། སློབ་མའི་གྲངས་ཚད་འདི་འདྲ་ཞིག་སྐྱེད་སྲིང་བྱ་རྒྱུ་ཡིན་ཞེས་ཁག་ཁུར་དམ་བཅའ་དང་གདེང་ཚོད་ཡོད་པའི་ཐོག་ནས་ཁ་གྲག་མཁན་ག་ཚོད་ཡོད། དེང་སང་གི་དགེ་རྒན་ཚོའི་ཤེས་ཡོན་གྱི་ཁོར་ཡུག་ལ་ལག་སྙོབ་ཐེངས་གཅིག་བྱས་ན་ངོ་མ་དཀོན་(རེ་གཉིས་ཤིག་ཡོད་སྲིད)ཚོད་རེད། ཆེས་རྒྱུས་མངའ་ཆེ་བའི་ང་ཚོའི་བཙན་བྱོལ་ལ་ཞིབ་འཇུག་ཅུང་ཙམ་བྱས་པ་ཡིན་ན་ཤེས་ཡོན་མེད་པའི་དགེ་རྒན་ཞིག་གིས་རང་དང་མཚུངས་པའི་སློབ་མ་ཞིག་སྐྱེད་སྲིང་བྱས་ནས་ཡང་བསྐྱར་སློབ་གྲྭ་གང་དེའི་དགེ་རྒན་བྱེད་བཞིན་ཡོད། བཙོག་པ་འཁོར་རྒྱུགས་ལ་དང་དོད་བྱེད་པའི་ཁོར་ཡུག་འདི་ནས་མ་འོངས་པར་ང་ཚོར་རེ་བ་ཅི་ཙམ་ཡོད་པ་གསལ་བོ་གསལ་རྐྱང་རེད། ཁ་གསལ་བའི་དཔེ་མཚོན་འདི་ལས་ཀློག་པ་པོ་ཁྱེད་ཀྱིས་མཐོ་རིམ་སློབ་མའི་གནས་བབས་ངོ་མ་བོ་ངེས་ཤེས་འདྲོངས་ཐུབ་པའི་ཡིད་ཆེས་བྱེད་བཞིན་ཡོད།
བསམ་བློའི་འགན་འཁྲི།
བསམ་བློའི་འགན་འཁྲི་ཟེར་བ་འདི་ཕལ་ཆེར་མཐོ་རིམ་སློབ་མའི་བསམ་བློའི་འགན་འཁྲི་ལ་གོ་དགོས་ཚོད་འདུག སྤྱིར་བཏང་བསམ་བློའི་འགན་འཁྲི་ཟེར་བ་ལས་འགན་འཁྲིའི་འདུ་ཤེས་ཞེས་བཤད་ན་བདེ་བར་སྣང་། ཕྲན་གྱི་བསམ་གཞིག་གི་གྲུབ་དོན་ནི་བསམ་བློའི་འགན་འཁྲི་ལ་ལག་ལེན་མེད་པའི་འགན་འཁྲི་དང་འགན་འཁྲིའི་འདུ་ཤེས་ལ་ལག་ལེན་ཡོད་པའི་འགན་འཁྲི་ཞེས་མིང་གིས་བཏགས་པ་ཡིན། གང་ལྟར་གོ་སྒྲིག་པ་ཚོའི་འདོད་མོས་ལ་ཕོག་ཐུག་མི་ཡོང་བའི་ཆེད་དུ་གོ་བ་རགས་པའི་དབང་དུ་བྱས་ནས་མཐོ་རིམ་སློབ་མའི་བསམ་བློའི་འགན་འཁྲི་ཅི་ཞིག་ཡིན་མིན་ཐད་དུ་མདོར་བསྡུས་ཤིག་བྲི་བ་ལ་བརྩོན་པ་བསྐྱེད་རྒྱུ་ཡིན། དངོས་གནས་བཤད་ན། ང་ཚོའི་མཐོ་རིམ་སློབ་མའི་གནས་བབས་དེ་ཚད་ལྡན་ཞིག་ཆགས་ཡོད་ན་དེ་ལ་དཔོག་པའི་འགན་འཁྲི་ཡང་ལྗིད་ཏིག་ཏིག་ཅིག་ཕྲག་ལ་བབས་ཡོད་པ་ཁོ་ཐག་རེད་མོད། ང་ཚོ་མཐོ་རིམ་སློབ་མ་ཞེས་པའི་མིང་བྱང་གི་འོག་ན་སློབ་འབྲིང་གི་ཤེས་ཡོན་གྱི་གནས་ཚད་དང་བསམ་བློའི་རྒྱ་ཁྱོན་སོགས་སྐེ་དང་མཇིང་པ་བཞིན་མཉམ་འགྲོ་མཉམ་གནས་ཡིན་ཙ་ན། རང་ཉིད་ཀྱིས་མི་ཐེག་པའི་(མི་རིགས་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི། མི་རིགས་སད་རྟོགས་དང་བློ་འབྱེད་ཀྱི་འགན་འཁྲི་སོགས་བསྡུ)འགན་འཁྲི་ལྗིད་ཅིང་ལྕི་བ་དེ་གླེང་མོལ་བྱས་པས་ཅི་ཞིག་ཕན། དེ་ལས་ང་ཚོ་ལ་མཐོ་རིམ་སློབ་མའི་གནས་བབས་དེ་གྱ་ནོམ་པ་དང་ཕུན་སུམ་ཚོགས་པ་ཞིག་ཏུ་གཏོང་བའི་རེ་སྨོན་དེ་ཉིད་མངོན་གྱུར་ཡོང་བའི་བསམ་བློའི་འགན་འཁྲི་ཡོད་པ་རེད། དང་བོ། རང་ཉིད་མཐོ་རིམ་སློབ་མ་ཞིག་ཡིན་པའི་ཆ་ནས་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ནས་དུས་ཚོད་སྟངས་འཛིན་བྱ་སྟངས་དང་དེབ་སྣ་ཀློག་སྟངས། བསམ་གཞིག་གཏོང་སྟངས་སོགས་ལ་བསམ་བློ་ཡང་དང་བསྐྱར་དུ་བཏང་སྟེ་རང་ཉིད་ཀྱིས་རང་ཉིད་ལ་ཚ་འདྲི་གཏོང་དགོས། གཉིས་པ། འཛིན་སྐྱོང་གི་སྐྱག་མེར་ལངས་པའི་བྱེད་ལས་དང་འདུ་ཤེས་ལ། རྩོམ་ཡིག་དང་གདོང་ཐུག་གི་ཐབས་ལམ་བརྒྱུད་ནས་སྐྱོན་མཚང་བསྔོགས་པ་དང་ཐེར་འདོན་བྱས་ཏེ་སྤྱི་ཚོགས་སྟེང་ལ་ཁྱབ་བརྡལ་དུ་གཏོང་དགོས། གསུམ་པ། དགེ་རྒན་གྱི་སློབ་ཁྲིད་དང་ཤེས་ཚད་ལ་དཔོག་སྟེ་གང་ལ་ནོར་འཛོལ་ཤོར་བ་དེ་ལ་ཐད་གར་དགག་རྒྱག་དང་ངོ་མཚང་འབྲུ་དགོས། འདི་ལྟ་བུའི་བསམ་བློའི་འགན་འཁྲི་དེ་ང་ཚོ་སུ་ཞིག་གི་དང་དུ་ལེན་ཐུབ་པ་ཡིན་ན་ད་གཟོད་རེ་སྨོན་གྱི་སྨྱུ་གུ་འབུས་པའི་ཡིད་ཆེས་ཡོད། ད་དུང་རང་ངོ་རང་གིས་ཟིན་པའི་དགེ་རྒན་དང་མི་རིགས་ཤིག་གི་ཤེས་རིག་ཡར་རྒྱས་དང་ཕུན་སུམ་ཚོགས་པ་ཞིག་ཡོང་བ་ལ་འཚོལ་ཞིང་སྙེག་པའི་དགེ་རྒན་མི་ཉུང་བ་ཞིག་ཡོད་ངེས་པས། དེ་ཚོར་ངེས་པར་དུ་བསྟོད་པའི་མཐེ་བོང་བསྒྲེང་ཞིང་སྐྱག་བྲོ་བའི་དགེ་རྒན་ཚོས་མཁྱེན་རྟོགས་ཡོང་བ་ཞིག་བཟོ་དགོས། དཔེར་ན། ས་རཱ་སློབ་གྲྭའི་རྩོམ་རིག་དགེ་རྒན་འོད་ཟེར་ལགས་ས་རཱ་སློབ་གྲྭ་ནས་རྡ་རམ་ས་ལའི་སྤྱི་ཚོགས་ནང་ལ་འགྲོ་བཞིན་ཡོད། རླབས་ཆེ་བའི་དགེ་རྒན་ཁོའི་གསུངས་དོན། “ང་ས་རཱ་སློབ་གྲྭ་ནས་འགྲོ་དགོས་དོན་ནི་མ་འོངས་པའི་མི་རིགས་ཀྱི་འགོ་ཁྲིད་ལ་རེ་བའི་སློབ་མ་ཚོའི་སླད་དུ་ཡིན། བོད་མི་རིགས་ཀྱི་ཤེས་རིག་སྔར་ལས་ལྷག་པའི་གོང་འཕེལ་དུ་འགྲོ་བའི་ཆེད་དུ་ཡིན། མ་འོངས་པའི་ས་རཱ་སློབ་གྲྭའི་འོད་སྣང་གི་ཕྱིར་དུ་ཡིན། ངས་དངོས་གནས་རྩོམ་རིག་མི་ཤེས། ངོ་གདོང་ལ་འགྲེལ་བཤད་རྒྱག་པ་ལས་རྒྱབ་ལྗོངས་ཀྱི་སྒྱུ་རྩལ་གང་ཡང་སྔོག་འདོན་བྱེད་ཐུབ་ཀྱི་མི་འདུག ལོ་འཁོར་གཅིག་ལ་ངས་སློབ་མ་ཚོའི་གསེར་ལས་དཀོན་པའི་དུས་ཚོད་འཕྲོ་བརླག་ལ་བཏང་ཚར་བ་ཡིན། ང་ལ་གཤགས་དཀའ་བའི་ཉེས་པ་ལྕི་མོ་ཞིག་ཡོད། ང་མི་རིགས་ཀྱི་ཉེས་ཅན་པ་ཡིན། ད་ནི་རང་ངོ་རང་གིས་ཟིན་པ་ཡིན་ཟེར” ཀློག་པ་པོ་འདི་ནི་ཅི་འདྲའི་རླབས་ཆེ་ཞིང་གཟི་བརྗིད་ལྡན་པའི་སྐད་ཆ་ཞིག་མ་ཡིན་ནམ། འདི་ནི་བོད་མི་རིགས་ཀྱི་བྱ་བ་ཡོངས་རྫོགས་ལམ་ལྷོངས་ཡོང་བའི་སྔ་ལྟས་ཤིག་ཀྱང་ཡིན་ལས་ཆེ། འདི་ལྟ་བུའི་གཙང་ཞིང་གཙང་བའི་ཁོར་ཡུག་ཅིག་དུས་ནམ་ཞིག་ལ་ཆགས་ཡོང་སྙམ་པ་རྩོམ་པ་པོ་གང་གི་ཆེས་མཐར་ཐུག་གི་རྨི་ལམ་ཡིན། གཞན་ཡང་། གྲགས་ཚོད་ལྟར་ན། བོད་མི་རིགས་ཀྱི་རྩོམ་རིག་དཔྱད་བརྗོད་པ་ཆེན་མོ་བདུད་ལྷ་རྒྱལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ལ་གདན་འདྲེན་ཞུ་མཁན་གཙོ་བོ་སློབ་དཔོན་ཆེན་མོ་དོར་ཞི་རེད་ཟེར། གོ་ཚོད་བྱས་ན། ”སློབ་དཔོན་ཆེན་མོ་དོར་ཞི་ལགས་ལ། མི་ག་གེ་མོ་ཞིག་གིས་བདུད་ལྷ་རྒྱལ་དང་ཁྱེད་གཉིས་མེ་ཆུ་བཞིན་འགལ་བ་ལྟག་སྤྲོད་སོང་བའི་གང་ཟག་གཉིས་ཡིན་པས་ཅིའི་ཕྱིར་བདུད་ལྷ་རྒྱལ་སློབ་གྲྭ་གང་དེའི་དགེ་རྒན་ལ་བདམས་པ་ཡིན་ཞེས་དྲིས། དོར་ཞི་ལགས་ཀྱིས་སློབ་གྲྭའི་ཁོར་ཡུག་ཅིག་ན་བསམ་ཚུལ་མི་མཐུན་པ་དང་ལྟ་བ་མི་མཐུན་པ་ཅི་ཙམ་མང་ན་དེ་ཙམ་གྱིས་མི་རིགས་གང་དེའི་ཤེས་རིག་ཡར་རྒྱས་ལ་འགྲོ་བ་ཡིན་”ཞེས་ལན་བཏབ་པ་རེད་ཟེར། འདི་ནི་ཅི་འདྲའི་བསམ་བློ་རྒྱ་ཆེ་ལ་ཕུགས་རྒྱང་རིང་བའི་ཤེས་ཡོན་པ་རྣལ་མ་ཞིག་གི་རླབས་ཆེ་བའི་བྱ་སྤྱོད་ཅིག་ཅིས་མ་ཡིན། གོང་གི་བསམ་ཚུལ་དེ་དང་དཔེ་མཚོན་དེ་གཉིས་ཀྱི་ཕྱོགས་ལ་ངེས་པར་དུ་བསམ་གཞིག་དང་མནོ་བསམ་བཏང་སྟེ་དངོས་ཡོད་ཀྱི་དཀའ་ངལ་དེ་སོ་སོ་ཕྲག་ཏུ་བླངས་ཤིང་། ཐོད་ལ་བསུས་ནས་ལག་ལེན་ལ་གཞོལ་ཐུབ་ན་རེ་ཞིག་སྐབས་སུ་བབ་པའི་བསམ་བློའི་འགན་འཁྲི་རྫོགས་པ་ལ་ངོས་འཛིན་བྱེད་ཀྱི་ཡིན།
སྤྱིར་བཏང་མང་བོ་ཞིག་བྲིས་ན་མང་བོ་ཞིག་འབྲི་རྒྱུ་ཡོད་མོད། རྩོམ་ཡིག་འདི་ལ་ཉིན་ཕྱེད་ཀའི་དུས་ཚོད་ལས་མ་ཐོབ་པས་མདོར་བསྡུས་ཤིག་བྲིས་ནས་འདི་ལྟར་མཇུག་རྫོགས་ཁུལ་བྱས་པ་ཡིན།
ཕྱི་ལོ༢༠༡༢།༥།༡༧དགོང་མོར།
གསལ་བཤད།
རྩོམ་ཡིག་འདི་ནི། ནོར་གླིང་མཐོ་སློབ་ཀྱི་སློབ་ཀ་ཁག་ཅིག་གིས་འཆར་ཅན་གྱི་རེས་གཟའ་གཟའ་ཉི་མའི་ཉིན༼གསའ་ཉི་མའི་གླེང་མོལ༽ཞེས་པ་ཞིག་ཚུགས་མུས་ལ། དེ་རིང་དྲ་བོད་ཀྱི་དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས་༼ཁྲོ་གཏུམ་གྱི་ཡུར་ཆུ༽ཞེས་པའི་ནང་དྲ་སྟེང་གི་བགྲོ་གླེང་སྐབས་ཆེད་འགྲེམས་གནང་བའི་ཆེད་རྩོམ་ཞིག་ཡིན། གླེང་མོལ་འདི་འབྲེལ་གྱི་གནས་ཚུལ་དག་དྲ་སྦྲེལ་ཁ་བྱང་ http://www.tibettimes.net/blogs.php?id=486&post_id=20687 འདི་རུ་ཡོད་པ་ནས་མཁྱེན་རྟོགས་ཡོང་བ་ཞུ།
ཆེད་རྩོམ་མཁོ་འདོན་པ་ཁྲོ་གཏུམ་གྱིས།