གཡུ་སྒང་དགེ་འདུན།
–(༢༠༡༦ ལོའི་ནོར་ཝེལ་ཞི་བདེའི་གཟེངས་རྟགས་ཀྱི་དུས་དྲན་ལ་ཕུལ་བ།)
༡༽ ཕྱི་བལྟས་ཟག་བཅས་ཕུང་པོའི་གཟུགས་ལ་ནང་སེམས་རྫོགས་པ་མངོན་བྱང་ཉིད།།
གང་སྐུ་ཁ་བའི་འདབས་སུ་བཞད་ཀྱང་མཛད་འཕྲིན་དབུས་འགྱུར་ཡུལ་དུ་གནང་།།
དམ་ཆོས་གངྒཱ་ཧུབ་ཀྱིས་བཏུང་བའི་ལྷ་ཡི་དབང་པོ་བརྒྱ་བྱིན་ཞིག །
སྲོག་ལྡན་གྲོག་མ་ས་ཡ་དྲུག་གི་མགོན་དུ་བཞུགས་པ་དཔྱིད་ཀྱི་དཔལ།།
༢༽ མཁའ་མཉམ་འཕགས་པར་རྫུ་འཕྲུལ་ཆེ་ཡང་སྟོན་པའི་ཕྱག་ལས་ཐར་མ་ཐུབ།།
དམར་ཕྱོགས་བདུད་སྡེར་དྲག་ཆས་འཛོམས་ཀྱང་བྱམས་པའི་མཚོན་ལ་འགྲན་མ་ཚུགས།།
འཛམ་གླིང་སྐྱེ་འགྲོ་མིག་ལྡན་ཡིན་པས་ཁྲག་དང་འོ་མ་སོ་སོར་འབྱེད།།
དོན་དམ་བྱམས་དང་སྙིང་རྗེའི་དོན་འབྲས་ཞི་བདེའི་མི་འཇིགས་ཁྲི་ལ་བཏགས།།
༣༽ སྐར་ལྔའི་དཔུང་ལ་ཁོང་ཁྲོ་དུག་གི་ཆར་རླུང་དྲག་པོ་འཚུབས་སུ་བཅུག །
ཟངས་འཛེར་སྟོང་གིས་སྙིང་ལ་བསྣུན་འདྲའི་ན་ཟུག་ཅིག་གིས་འཕག་འཚག་བརྒྱབ།།
དམར་ཤོག་རྒྱ་འདྲེར་གཞི་མེད་གཏམ་གྱི་ངུ་སྐད་ཤོར་བའི་གནས་སུ་བསྐྱལ།།
ཨེ་མ་ཞི་བདེའི་དེད་དཔོན་ཁྱེད་ནི་ཟས་གཙང་སྲས་ལས་ཁྱད་པར་ཅི།།
༤༽ གནག་མཐུག་བང་རིམ་ཐོལ་གྱིས་བརྩེགས་པའི་ཆར་སྤྲིན་དུག་ལྔས་མ་བསྒྲིབས་ལ།།
འཆར་ནུབ་འགྱུར་འགྲོ་རེས་སུ་མི་འཁོར་རྟག་བརྟན་སྣང་བ་སེར་པོས་ཁྱབ།།
འཛམ་གླིང་གོ་ལ་གཅིག་ཏུ་གཟིགས་པའི་མཐོ་སྒང་རྟ་བདུན་དབང་པོའི་སྐུ།།
མི་འཇིགས་ཞི་བདེའི་ཁྲི་འཕང་མཐོན་པོ་བདག་གིར་བཞེས་པའི་དུས་དྲན་དང་།།
༥༽ མུ་མཐའ་མེད་པའི་ཤཱཀྱའི་ཐུགས་དགོངས་སྔོ་བསངས་སྒེག་མོའི་ལྟོ་བ་ནས།།
ལྟ་སྤྱོད་ཉི་ཟླ་རྒྱན་ཏུ་འཆང་བའི་འཛམ་གླིང་ཞི་བདེའི་དེད་དཔོན་གྱིས།།
བགྲང་བྱ་བརྒྱད་ཅུས་ཕྲག་ནས་མནན་ཀྱང་ངལ་མེད་བསྟན་དང་འགྲོ་བའི་དོན།།
ཕྱི་བཤོལ་མེད་པར་འཁུར་དུ་ལེན་པའི་མཛད་འཕྲིན་དད་གསུམ་མཆོད་པས་བསྟོད།།
གཡུ་སྒང་དགེ་འདུན་གྱིས་ ༢༠༡༦ ཟླ་ ༡༢ ཚེས་ ༣ ཉིན་བྲིས།
སྐལ་བཟང་སངས་རྒྱས་སྟོང་གི་ཐུགས་ཀྱི་སྲས་།
ཁ་བའི་ཡུལ་དུ་ལས་སྨོན་རྟེན་འབྲེལ་ཟབ་།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་མཆོག་།
ང་ཚོ་ཆོལ་གསུམ་གཞིས་བྱེས་བོད་མིའི་མགོན་།
༅༅།་གཡུ་སྒང་དགེ་འདུན་ནས་བསྟོད་ཚིག་གི་རྩོམ་དེ་གང་ལེགས་བྲིས་གནང་འདུག་པ་
བཀྲིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ།
ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་བརྒྱད་དགུའི་ལོར། །
ཕྱི་ཟླ་བཅུ་གཉིས་ཚེས་པ་བཅུ་ཉིན་མོར། །
འགྲོ་བ་མི་ཡི་ཐོབ་ཐང་དྲན་ཉིན་མོར། །
དེ་རིང་༸ཁྱེད་ཀྱིས་གཟེངས་རྟགས་བཞེས་པར་དྲན། །